༼ན༽
༄༅། །ཀག་ཆོལ་གྱི་རྗེས་གནང་བཞུགས།།
༄༅། ན་མོ་གུ་རུ་བྷྱཿ རྗེ་བཙུན་བླ་མའི་ཞབས་ལ་གུས་བཏུད་ནས། །རྗེས་གནང་ལུང་གི་ཆོ་གའི་མན་ངག་བྲི། །འདིར་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པས། འགྲོ་བ་འགའ་ཞིག་བསྡུ་བའི་ལུང་གི་རྗེས་གནང་གི་ཆོ་ག་བྱ་བ་ནི། རྒྱུད་ལས། རྒྱལ་པོའི་གྲོང་ཁྱེར་ལ་སོགས་གང་ཞིག་དབང་དུ་བྱེད་པར་འདོད་ན། རྡོ་རྗེ་ཆོ་ག་རབ་བཤད་ཅིང༌། །རིང་ཡང་ཟླ་བ་དྲུག་བཟླས་ན། །རྣལ་འབྱོར་པ་ཡིས་བསྒྲུབ་བྱ་དབང༌། །ཇི་ལྟར་འདོད་པ་བཞིན་དུ་འགྲུབ། །ཅེས་བཤད་པའི་མན་ངག་ཡིན་པས། འདིའི་ལུང་གི་རྗེས་གནང་བྱེད་པའི་ཚེ། ཐོག་མར་གནས་དབེན་པར། བའི་རྣམ་པ་ལྔ་བྱུགས་པའི་མཎྜལ་གྲུ་བཞི་ཁྲུ་གང་བ་ཅིག་བྱས་ལ། ཙནྡན་དམར་པོ་གུར་གུམ། གི་ཝང་གང་རུང་གི་ཆུས་ཆག་ཆག་བཏབ་པའི་སྟེང་དུ། མཚལ་ལམ། ལི་ཁྲིའམ། ལྡོང་རོས་ཀྱིས་ཕྱི་ཟླ་གམ་ཉིས་རིམ་པ། ཁ་ནུབ་དུ་བསྟན་པ། པདྨ་འདབ་མ་བརྒྱད་ལྟེ་བ་དང་བཅས་པ་ཅིག་བྲི་ཞིང་མདུན་དུ་མཆོད་པ་ཅི་འབྱོར་རྒྱ་ཆེར་བཤམས་ལ། བླ་མ་དཀོན་མཆོག་ལ་དབུལ། ཚོགས་ཀྱི་ཡོ་བྱད་དང༌། དམར་གཏོར་རྒྱན་ཅན་གཉིས་ཙམ་བཤམས་ལ། བྱིན་གྱིས་བརླབས་ནས། དཔའ་བོ་དང་མཁའ་འགྲོ་ཕོ་མོ་དང༌། ཆོས་སྐྱོང་སྲུང་མ་རྣམས་ལ་ཨ་ཀཱ་རོའི་སྔགས་ཀྱིས་མཉེས་པར་བྱས་ནས། འདོད་པའི་དོན་ལ་གསོལ་བ་གདབ་ཅིང༌། ཕྲིན་ལས་གཞོལ། དེ་ནས་སློབ་མས་ཁྲུས་བྱས་ལ་གོས་དམར་གྱོན་ཞིང༌། ལག་ཏུ་མེ་ཏོག་དམར་པོ་ཐོགས་པས་མཎྜལ་གྱི་མདུན་དུ་ཁ་ནུབ་ཏུ་བལྟས་ལ་འདུག་སྟེ། སྐྱབས་འགྲོ་དང་སེམས་བསྐྱེད་རྒྱ་ཆེན་པོ་སྔོན་དུ་སོང་བས། བླ་མ་རྡོ་རྗེ་འཆང་ཆེན་པོར་མོས་པ་བྱས་ལ། རྫས་ཡོ་བྱད་ཅི་འབྱོར་རྒྱ་ཆེར་དབུལ་ཞིང་ཁྱད་པར་དུ་མེ་ཏོག་དམར་པོ་གུས་པས་ཕུལ་ཏེ། འདིའི་ལུང་མན་ངག་དང་བཅས་པ་གནང་བར་གསོལ་བ་གདབ་པ་ནི། གུས་པས་ཕྱག་བྱས་ཐལ་མོ་སྦྱར་མེ་ཏོག་བཟུང་ནས། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་གཙོ། །གསང་བའི་ཆོ་ག་བླ་ན་མེད། །དབང་དུ་བྱེད་པའི་རིག་སྔགས་མཆོག །བདག་ལ་ངེས་པར་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་ཅིང༌། དེའི་རྗེས་ལ་དཔོན་སློབ་གཉིས་ཀས་མཐུན་པར་ཏིང་ངེ་འཛིན་བསྒོམ་པ་ནི། སློབ་དཔོན་དེ་ཉིད་ཁྲོ་བོ་འདོད་རྒྱལ་ཞལ་གཅིག་ཁྲོ་ལ་འཛུམ་པ། སྤྱན་གསུམ་རབ་ཏུ་གཡོ་བ། སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་ལྟ་བུ་ལས། འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། འགྲོ་བ་སེམས་ཅན་ཐམས་ཅད་དབང་དུ་བྱེད་པ། སྐུ་ལ་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གི་མཛེས་པར་སྤྲས་པ། ཕྱག་གཉིས་ཀྱིས་ལྕགས་སྒྲོག་ལུ་གུ་རྒྱུད་དུ་སྦྲེལ་བ་འཛིན་པ། ཞབས་གཉིས་པདྨ་དམར་པོ་དང་ཉི་མའི་གདན་ལ། གར་སྟབས་འགྱིང་པའི་གཡས་ཀྱི་འོག་ཏུ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོའི་མགོ་མནན་པ། གཡོན་གྱི་འོག་ཏུ་སྤྱན་མི་བཟང་དང༌། རྣམ་ཐོས་ཀྱི་བུའི་མགོ་མནན་པའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ། དབང་དུ་བྱེད་པའི་ཡི་གེའི་ས་བོན་ཧྲཱིཿདམར་པོ་མཐའ་མར། སྔགས་རིང་གི་ཁ་དོག་དམར་པོ་རིམ་པ་གསུམ་གྱིས་བསྐོར་བ་ལས་འོད་ཟེར་དམར་པོ་འཕྲོས་པས་སློབ་མའི་ཐུགས་ཀར་ཕོག་པས། སློབ་མ་དེ་ཡང་ཁྲོ་བོ་འདོད་རྒྱལ་དུ་བསྐྱེད་པའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿདམར་པོ་བསམས་ལ་བླ་མས་ཀྱང་ཕྱག་ཏུ་མེ་ཏོག་བཟུང་སྟེ། ཨོཾ་ཤཱནྟིཾ་ཀུ་རུ་ལ་སོགས་པའི་སྔགས་རིང་བརྗོད་པས། སློབ་དཔོན་གྱི་ཞལ་ནས་ཡི་གེ་ཐམས་ཅད་ཁ་དོག་དམར་པོ་ལུ་གུ་རྒྱུད་བཞིན་སྦྲེལ་བའི་རྣམ་པར་བྱུང་ནས། སློབ་མའི་སྙིང་གར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ས་བོན་ཡི་གེ་ཧྲཱིཿའི་མཐའ་མར་གཡོན་སྐོར་ལན་གསུམ་བསྐོར་ནས་ཡོད་པར་བསྒོམས་ཏེ། བྱང་སེམས་ཆེན་པོས་ཀུན་ནས་བསླངས་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་དུ་བཅུག་པས། ལུང་འབོགས་སྦྱིན་ཏེ། མཐར་བདག་གི་རྒྱུད་ལ་ཡོད་པའི་ནུས་མཐུ་རྣམས་རིགས་ཀྱི་བུ་འདིའི་རྒྱུད་ལ་འབྱུང་བར་མཛད་དུ་གསོལ། ལན་གསུམ་བརྗོད། མགོར་གཏོར་མའང་བཞག་འབྲུ་བླུགས་གསུང༌། དེ་ནས་སློབ་མའི་སྙིང་གའི་སྔགས་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་པས། ཕྱོགས་བཅུའི་བླ་མ་དང་དཀོན་མཆོག་ལ་མཉེས་པའི་མཆོད་པ་རྒྱ་ཆེན་པོ་ཕུལ། སེམས་ཅན་ཐམས་ཅད་ལ་ཕོག་པས། དེ་དག་ཀུན་བདག་ལ་ཤིན་ཏུ་གུས་པས་འདུད་པའི་ཚུལ་གྱིས། རང་གི་དབང་དུ་འདུས་པར་བསྒོམས་ཏེ། དེའི་རྗེས་ལ་སློབ་མས་ཀྱང་ཐལ་མོ་སྦྱར་ཏེ། གསང་སྔགས་དེ་ཉིད་འགྲུབ་པར་བྱེད་པའི་ཚིག །བདག་ལ་གསང་སྔགས་གནང་ལགས་ཀྱི། །གསང་སྔགས་འགྲུབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ། གཞན་ཡང་རྣལ་འབྱོར་བ་བདག་ཅག་གིས་གདམས་ངག་འདི་བསྒྲུབ་པ་ལ། ཕྱི་ནང་གི་བར་ཆད་ཐམས་ཅད་མི་འབྱུང་ཞིང་མཐུན་རྐྱེན་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། ཞེས་ཀྱང་གསོལ་བ་བཏབ་ནས་བླ་མ་མཉེས་པའི་ཡོན་ཅི་འབྱོར་པ་ཕུལ་ལ། བླ་མས་ཀྱང་མེ་ཏོག་གཏོར་ཞིང༌། བཀྲ་ཤིས་ཀྱི་ཚིགས་བཅད་མང་དུ་བརྗོད་དེ། དེ་ལྟར་བྱས་ནས་དབང་དུ་བྱ་བའི་རིམ་པ་རྣམས་ཇི་ལྟར་བསྟན་པ་བཞིན་དུ་མྱུར་དུ་འགྲུབ་པའི་རྟེན་འབྲེལ་ཡོད་ཅིང༌། དེ་ལས་གཞན་ལུང་མེད་ཅིང་མན་ངག་ཡོད་པ་དང༌། མན་ངག་ཤེས་ཀྱང་ལུང་མེད་པ་གང་གིས་ཀྱང་འདི་མི་འགྲུབ་གསུངས་ཏེ། ཚུལ་དེ་དག་ནི་བླ་མ་ལུང་ནོད་པའི་མན་ངག་བླ་མའི་ཕྱག་བཞེས་ཤིན་ཏུ་ཟབ་པའི་སྙན་བརྒྱུད་ཡི་གེར་བཏབ་པ་ཡིན་གསུང༌། དབང་བྱེད་གསང་སྔགས་རྗེས་གནང་མཆོག །སྙན་བརྒྱུད་ཞལ་ལ་རག་ལས་རྣམས། །གཞན་ཕན་ཡི་གེར་བཀོད་པ་ཡིས། །འགྲོ་ཀུན་ཆོས་ལ་དབང་སྒྱུར་ཤོག །དབང་སྡུད་ཀག་ཆོལ་མའི་ལུང་གི་རྗེས་གནང་གི་ཆོ་ག་དཔལ་ལྡན་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ་རྫོགས་སོ།། །།ཨོཾ་ཤཱནྟིཾ་ཀུ་རུ་ནི་བྷྲཱུྃ། ཨོཾ་ཀུ་སུ་མཱ་མ་ལེ་བྷི་ཧཱུྃ་ཛ། ཨོཾ་བཛྲ་ཀུ་བྷ་ཛཱི་ཀཱཾ་བྷཻ་ཋཿཋཿཋཿ ཨོཾ་གྲོ་གེ་མ་ཀྲི་ཏེ་ཆེ་གེ་མོ། ཀ་ཀཱ་དྷ་ཡ་ཀཱ་དྷ་ཡ། ཁ་ཁཱ་ཧི་ཁཱ་ཧི། ག་གཛྫ་ཡ་གཛྫ་ཡ། གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། ཙ་ཙཱ་ལ་ཡ་ཙཱ་ལ་ཡ། ཚ་ཙྪ་ད་ཡ་ཙྪ་ད་ཡ། ཛ་ཛམྦྷ་ཡ་ཛམྦྷ་ཡ། ཛྷ་ཛྷ་ཏ་ཡ་ཛྷ་ཏ་ཡ། ཊ་ཊཱ་ལ་ཡ་ཊཱ་ལ་ཡ། ཋ་ཋཱ་ཀ་ཡ་ཋཱ་ཀ་ཡ། ཌ་ཌམྦྷ་ཡ་ཌམྦྷ་ཡ། ཌྷ་ཌྷཱཾ་བྷ་ཡ་ཌྷཱཾ་བྷ་ཡ། ཎ་ཎཱ་ཤ་ཡ་ཎཱ་ཤ་ཡ། ཏ་ཏམྦྷ་ཡ་ཏམྦྷ་ཡ། ཐ་ཐོ་བྷ་ཡ་ཐོ་བྷ་ཡ། ད་དཱ་ར་ཡ་དཱ་ར་ཡ། དྷ་དྷཱ་ར་ཡ་དྷཱ་ར་ཡ། ན་ནཱ་ཤ་ཡ་ནཱ་ཤ་ཡ། པ་པ་ཏ་ཡེ་པ་ཏ་ཡེ། ཕ་ཕཱ་ཏ་ཡ་ཕཱ་ཏ་ཡ། བ་བཱ་ཏ་ཡ་བཱ་ཏ་ཡ། བྷ་བྷེ་ད་ཡ་བྷེ་ད་ཡ། མ་མཱ་ར་ཡ་མཱ་ར་ཡ། ཡ་ཡོ་ཧ་ཡ་ཡོ་ཧ་ཡ། ར་རོ་དྷ་ཡ་རོ་དྷ་ཡ། ལ་ལཱམྦྷ་ཡ་ལཱམྦྷ་ཡ། ཝ་ཝཱ་ཧ་ཡ་ཝཱ་ཧ་ཡ། ཤ་ཤོ་ཥ་ཡ་ཤོ་ཥ་ཡ། ཥ་ཥཱུཥྞིཡ་ཥཱུཥྞི་ཡ། ས་སཱ་དྷ་ཡ་སཱ་དྷ་ཡ། ཧ་ཧ་ན་ཡ་ཧ་ན་ཡ། ཀྵ་ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཨ་མུ་སྱ་ཀྲི་ཏེ་ཤཱིནྟཾ་ཀུ་རུ་པུཥྚིཾ་ཀུ་རུ། ཀྵྨཾ་ཀུ་རུ། ཀྵོ་བྷ་ཀུ་རུ། ཁ་རཾ་ཀུ་རུ། ཨོཾ་སིདྡྷི་སརྦ་སིདྡྷི། མ་ཧཱ་སིདྡྷི། པཱུ་ཛ་ཨ་ནེ་ཏ་བྷ་ན་ཏ་མ་ར་ནཾ་ཞེས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply