༼ན༽
༄༅། །གཟའ་ཡུམ་གྱི་མཆོད་ཆོག་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། གཟའ་ཐམས་ཅད་ཀྱི་ཡུམ་གྱི་ཆོ་ག་མཆོད་པའི་མན་ངག་གི་རིམ་པ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་དང་གཟའ་ཐམས་ཅད་ཀྱི་ཡུམ་ལ་གུས་པས་ཕྱག་འཚལ་ལོ། །པད་རྒྱས་ལྟེ་བའི་ཟེའུ་འབྲུའི་ཕྲེང་བ་ཡིས། །ལེགས་སྤྲས་གཡོ་བའི་རྡུལ་གྱིས་གང་གི་ཞབས། །མཛེས་པའི་ཐད་དུ་ལྷ་བརྒྱའི་གཙུག་མཐོང་བ། །འཇམ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྐྱེ་བོ་རྣམས་ལ་དགེ་ལེགས་ནོར་བུའི་ཆར། །གཟའ་དགུའི་སྤྲིན་ལས་འབྱུང་ཞེས་རྒྱལ་བས་གསུངས། །དེ་བས་དེ་དག་རྣམ་པར་འཐོར་བ་ཡིས། །མི་མཐུན་ཕྱོགས་རླུང་གཡོ་བ་ཞི་བར་ཤོག །གྲགས་པ་རྒྱལ་མཚན་གསུང་གི་མེ་ཏོག་ལ། །རྟོག་གེས་དཀྲུགས་པའི་བ་མོས་མ་རེག་པའི། །ཆོས་ཚུལ་འདི་ནི་གཟའ་རྣམས་མཆོད་པའི་ཕྱིར། །དྲི་མེད་ཕྲེང་བར་བདག་གིས་བརྒྱུ་བར་བྱ།། །།འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འགྲན་ཟླ་དང་བྲལ་ཞིང་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པའི་བིརྺ་པའི་གསུང་གི་མན་ངག་འཛམ་བུའི་གླིང་གི་རྒྱན་དམ་པ་སློབ་དཔོན་ཞི་བ་འཚོ་ལས་བརྒྱུད་པ། འཇམ་པའི་དབྱངས་ཀྱི་བྱིན་གྱིས་བརླབས་པའི་དཔལ་ས་སྐྱ་པ་ཆེན་པོ་ལས་འོངས་པའི་གཟའ་ཐམས་ཅད་ཀྱི་ཡུམ་གྱི་མཆོད་པའི་ཆོ་ག མངོན་སུམ་དུ་བྱིན་རླབས་འབྱུང་བའི་ངོ་མཚར་བ་འདི་བྲི་བར་བྱའོ། །འདི་ལ་གཉིས་ཏེ། ཇི་ལྟར་བྱ་བའི་ཆོ་ག་དང༌། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལ་བཞི་སྟེ། གང་དུ་བྱ་བའི་གནས་བསྟན་པ་དང༌། གང་བྱ་བའི་དཀྱིལ་འཁོར་བྲི་བ་དང༌། དེར་གཞག་པའི་བུམ་པ་བཅའ་བ་དང༌། ལྷ་རྣམས་མཆོད་པའི་ཡོ་བྱད་བཤམ་པའོ། །དང་པོ་ནི་བཀྲ་ཤིས་ཤིང་ཡིད་དགའ་བའི་གནས་སུ་བྱི་དོར་བྱས་ལ། སྟེང་དུ་བླ་རེ་ལ་སོགས་པས་བརྒྱན་ནོ། །ཕྱོགས་སུ་དར་དང་རིན་པོ་ཆེ་ལ་སོགས་པའི་འཕྱང་འཕྲུལ་ལོ། །ཟུར་དུ་བ་དན་དང་རྒྱལ་མཚན་ལ་སོགས་པའོ། །འོག་གི་ས་གཞི་ལ་དྲི་ཞིམ་པོས་སྦགས་པའི་ལྕི་བའམ་ཆུས་བྱུག་པར་བྱའོ། །གཉིས་པ་གང་བྱ་བའི་དཀྱིལ་འཁོར་ནི་སྲད་བུས་ཐིག་ལེགས་པར་བཏབ་ལ། སྒོ་ལ་སོགས་པའི་ཆ་གཞན་དང་མཐུན་པར་བྱས་ཏེ། དེའི་དབུས་སུ་པདྨའི་ལྟེ་བ་ལ་སོར་བཅུ་གཉིས། འདབ་མ་ལ་སོར་བཅུ་གཉིས་ཏེ་སོར་ཉེར་བཞི་པའམ། ཡང་ན་ལྟེ་བ་ལ་དྲུག་འདབ་མ་ལ་དྲུག་སྟེ་སོར་བཅུ་གཉིས་པ་བྲིས་ལ་དེའི་དབུས་ཀྱི་ལྟེ་བ་ལ་ཉི་མའི་གུར་གུམ། ཕྱི་རོལ་པདྨ་འདབ་བརྒྱད་དུ་བྱས་པའི་ཤར་དུ་ཟླ་བའི་ཙནྡན་དཀར་པོ། མེ་རུ་མིག་དམར་གྱི་ཙནྡན་དམར་པོ། ལྷོར་གཟའ་ལྷག་གི་དེ་བ་དཱ་རུ། བདེན་བྲལ་དུ་ཕུར་བུའི་གུར་གུམ། ནུབ་ཏུ་པ་ཝ་སངས་ཀྱི་ཙནྡན་དཀར་པོ། རླུང་དུ་སྤེན་པའི་ཨ་ཀ་རུ་ནག་པོ། བྱང་དུ་སྒྲ་གཅན་གྱི་ཙནྡན་དམར་པོ་དང་ཨ་ག་རུ་བསྲེས་པ། དབང་ལྡན་དུ་མཇུག་རིངས་ཀྱི་ཙནྡན་དཀར་པོ་དང་ཨ་ག་རུ་བསྲེས་པ། ཤར་གྱི་གུར་གུམ། ལྷོར་ཙནྡན་དམར་པོ། ནུབ་ཏུ་ཙནྡན་དཀར་པོ། བྱང་དུ་རྒྱ་སྤོས་སོ། །ཡང་ན་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་བྱས་ཀྱང་ཉེས་པ་མེད་དོ། །ཕྱི་རོལ་གྱི་ཕ་གུ་དང༌། འདོད་ཡོན་དང༌། དྲྭ་བ་དང༌། དྲྭ་ཕྱེད་དང༌། མདའ་ཡབ་དང༌། རྟ་བབས་ལ་སོགས་པ་གཞན་ལྟར་རྒྱས་པར་བྱ་བའམ། མ་བྱས་ཀྱང་ཉེས་པ་མེད་དོ། །གལ་ཏེ་བྱེད་ན་དཀྱིལ་འཁོར་ཕྱི་ཕྱེད་ནང་ཕྱེད་དུ་བྱས་ཏེ། ནང་གི་པདྨ་ལ་སོར་བཅུ་གཉིས་བྱས་ལ་ཕྱི་རོལ་ཡང་དེ་ཙམ་མོ། །ནང་དུ་ཉི་ཤུ་རྩ་བཞི་བྱས་ན་ཕྱི་རོལ་ཡང་ཉི་ཤུ་རྩ་བཞིར་བྱའོ། །གསུམ་པ་དཀྱིལ་འཁོར་དུ་གཞག་པའི་བུམ་པ་ནི་རྒྱས་པར་བྱེད་ན་གཟའ་དགུ་ལ་བུམ་པ་དགུ། རྗེ་བཙུན་མ་ལ་གཅིག་སྟེ་བཅུ་བཅའ་བའམ། དེ་ཙམ་མ་འབྱོར་ན་བུམ་པ་གཅིག་བཅའ་ལ། ཁ་རྒྱན་དང་མགུལ་ཆིངས་དང་བཅུད་ལེགས་པར་གཞུག་གོ །བཞི་པ་མཆོད་པའི་ཡོ་བྱད་ནི་གསེར་རམ་དངུལ་ལམ་ཟངས་སམ། དུང་ཆོས་སམ། མ་འབྱོར་ན་རྫའི་སྣོད་དུ་ཆུ་གཙང་མ་ལ་མར་དང་སྦྲང་རྩི་སྦྱར་བས་བཀང་སྟེ་མཆོད་ཡོན། གཟའ་རེ་རེ་ལ་མཆོད་པ་རེ་རེ་དབུལ་ལོ། །དེ་བཞིན་དུ་སྣོད་དེ་དག་ཏུ་དྲི་ཞིམ་པོའི་ཆུས་བཀང་བའི་ཞབས་བསིལ་དབུལ་ལོ། །ཡང་ཉི་མ་དང་ཟླ་བའི་མཆོད་ཡོན་ཆུ་སྦྲང་རྩི་འབྲས་དཀར་པོའོ། །མིག་དམར་གྱི་བྱུ་རུ་ཙནྡན་དམར་པོ་ཆུ་དང་བསྲེས། གཟའ་ལྷག་གི་མར་དང་ནས་བསྲེས་པའི་ཆུའོ། །ཕུར་བུའི་གུར་གུམ་གྱི་ཆུའོ། །པ་ཝ་སངས་ཀྱི་མུ་ཏིག་ཤེལ་ཙནྡན་གྱི་ཆུ་བསྲེས་པའོ། །སྤེན་པའི་སྲན་མ་མར་ནག་དང་ཆུ་བསྲེས་པའོ། །སྒྲ་གཅན་གྱི་མུ་མེན་ཏིལ་ནག་ཆུ་བསྲེས་པའོ། །མཇུག་རིངས་ཀྱི་གླ་རྩི་ཏིལ་དཀར་ནག་ཆུ་དང་བསྲེས་པའོ། །སྣོད་རྣམས་ཀྱང་དཀར་པོ་རྣམས་ཀྱི་དངུལ་ལམ་དུང༌། སེར་པོའི་གསེར། དམར་པོའི་ཟངས། ནག་པོའི་འཁར་བའམ་ཞ་ཉེའོ། །མ་འབྱོར་ན་ཐམས་ཅད་རྫ་ལས་བྱའོ། །གཟའ་རང་རང་གི་ཁ་དོག་དང་མཐུན་པའི་མེ་ཏོག་དབུལ་ལོ། །བདུག་སྤོས་ནི་ཉི་མའི་ཐང་ཤིང་གི་ཐང་ཆུའོ། །ཟླ་བའི་ག་པུར་རམ་ནཱ་ག་གེ་སར་ཀ་ར་དང་བཅས་པའོ། །མིག་དམར་གྱི་གུ་གུལ་ནག་པོའོ། །གཟའ་ལྷག་གི་གུ་གུལ་དཀར་པོའམ། གུ་གུལ་དཀར་པོ་དང་དེ་བ་དཱ་རུ་བསྲེས་པའོ། །ཕུར་བུའི་སྦྲང་རྩིའམ། སྣ་ཚོགས་པ་སྦྱར་བའོ། །པ་ཝ་སངས་ཀྱི་ཐང་ཆུའམ། ཨ་ག་རུ་དང་དུ་རུ་སྐའོ། །སྤེན་པའི་གནྡྷ་རིའི་སྤོས་སམ། ས་འོག་གི་སྤོས་སོ། །སྒྲ་གཅན་གྱི་བིལ་བའམ། པོ་སོ་ཆའི་བདུག་པའོ། །མཇུག་རིངས་ཀྱི་ཙནྡན་དང་བིལ་བ་བསྲེས་པའམ། མར་དང་རྒྱ་སྐྱེགས་ཡུང་བ་གསུམ་བསྲེས་པའོ། །སྒོ་ན་བཞུགས་པའི་རྗེ་བཙུན་རྣམས་དང༌། རྗེ་བཙུན་མ་ལ་དྲི་གང་དང་གང་བཟང་བ་དེ་དང་དེ་དབུལ་བར་བྱའོ། །མར་མེ་ནི་མར་དཀར་ལ་སྡོང་བུ་དྲི་མ་མེད་པ་སྦར་བའོ། །སོ་སོ་ལ་དྲི་ཞིམ་པའི་ཆུ་དབུལ་ལོ། །ཞལ་ཟས་ནི་ཉི་མའི་འོ་ཐུག་གོ །ཟླ་བའི་ཞོ་ཟན་ནོ། །མིག་དམར་གྱི་བུ་རམ་དང་སྲན་མ་ཤའོ། །གཟའ་ལྷག་གི་མར་གྱི་འཁུར་བའོ། །ཕུར་བུའི་ཞོ་དང་འོ་མའོ། །པ་ཝ་སངས་ཀྱི་བུ་རམ་གྱི་འཁུར་བ་དང་མར་བཅས་པའོ། །སྤེན་པའི་སྲན་མུད་ཁ་མ་ཤ་དང་བཅས་པའོ། །སྲན་མ་འབྲུ་མར་དང་བཅས་པའོ། །སྒྲ་གཅན་གྱི་ཏིལ་གྱི་ཐུག་པའོ། །མཇུག་རིངས་ཀྱི་ཏིལ་གྱི་ཐུག་པ་དང་བུ་རམ་གྱི་ཚོད་མའོ། །སྒོ་བཞི་ན་བཞུགས་པའི་རྗེ་བཙུན་རྣམས་དང་རྗེ་བཙུན་མ་ལ་ཞལ་ཟས་ཇི་ལྟར་བཟང་བ་དེ་དང་དེ་དབུལ་བར་བྱའོ། །ཁྱད་པར་དུ་རྗེ་བཙུན་མ་ལ་འོ་མའི་ཐུག་པ་བཟང་པོ་དབུལ་ལོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཡུལ་འཁོར་སྲུང་གི་ཞོ་ཟན། འཕགས་སྐྱེས་པོའི་ཞོ་དང་སྲན་མ་ཤའི་བཟའ་བ། མིག་མི་བཟང་གི་འོ་ཐུག ལུས་ངན་པོའི་ཞོ་དང་སྲན་མ་ཤ་བུར་ཆང་དང་བཅས་པའོ། །གཟའ་རྣམས་ཀྱི་ནི་མར་ཟན་ནོ། །ཁྱིམ་རྣམས་དང་རྒྱུ་སྐར་རྣམས་ཀྱི་ཞོ་ཟན་ནོ། །གནོད་པ་རྣམས་ཀྱི་སྲན་མ་ཤའི་བཟའ་བའོ། །ཐམས་ཅད་ལ་བདུག་པ་གུ་གུལ་དཀར་པོའོ། །དེ་ནས་སོ་སོའི་ཁ་དོག་དང་བསྟུན་པའི་དར་ཐོད་དང་བ་དན་ཡང་དབུལ་བར་བྱའོ། །སྦྱོར་བའི་ཆོ་གའོ།། །།གཉིས་པ་དངོས་གཞི་ལ་བཞི་སྟེ། བདག་གི་རྣལ་འབྱོར་དང༌། མདུན་དུ་བསྐྱེད་པ་དང༌། དེ་ལ་མཆོད་པ་དང་བཟླས་ནས་མདོ་གདོན་པའོ། །དང་པོ་ནི་སྔ་དྲོའི་ཚེ་སྔར་བཤད་པའི་ཡོ་བྱད་རྣམས་བཤམས་ནས་ཁྲུས་བྱས་ཏེ་སྟན་བདེ་བ་ལ་འདུག་ལ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་བརྗོད་པས། བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། དེ་ནས་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་འཕྲོས་པས་སེམས་ཅན་གྱི་དོན་བྱས་ཏེ། ཕྱོགས་བཅུའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་སྤྱན་དྲངས་ཏེ། ཕྱག་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། རྒྱལ་བའི་ལམ་བསྟན་པ་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། བདག་ཉིད་དབུལ་བ་དང༌། བྱང་ཆུབ་ཏུ་བསྔོ་བ་རྣམས་བྱའོ། །དེ་ནས་ཚད་མེད་པ་བཞི་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསགས་པ་སྟོང་པ་ཉིད་དུ་བསྒོམ། དེ་ནས་སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་འཕྲོས་པས་རྡོ་རྗེའི་རྭ་བ་གུར་བླ་རེ་མེ་རིའི་བར་དུ་བསྒོམས་ལ། དེའི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་བདག་རང་གཟའ་ཐམས་ཅད་ཀྱི་ཡུམ་སྟོན་ཟླ་ལྟར་དཀར་བ་ཞལ་གསུམ་ཕྱག་དྲུག་མ། ཞལ་དང་པོ་དཀར་བ། གཡས་གནག་པ། གཡོན་དམར་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་མོ། །ཕྱག་དང་པོ་གཉིས་ཆོས་འཆད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའོ། །གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་གཞུའོ། །རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་བདག་ལ་བསྟིམ་མོ། །ཡང་འོད་འཕྲོས་པས་དབང་སྐུར་གྱི་ལྷ་སྤྱན་དྲངས་ཏེ་གསོལ་བ་གདབ་ལ། དེ་དག་གི་བུམ་པའི་ཆུས་དབང་བསྐུར་ཏེ། ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ་ཆུ་ལྷག་མ་ཡར་ལུད་པ་ལས། རྣམ་པར་སྣང་མཛད་ཀྱི་དབུར་བརྒྱན་པར་བསམ་མོ། །དང་པོ་བདག་གི་རྣལ་འབྱོར་རོ། །གཉིས་པ་མདུན་དུ་བསྐྱེད་པ་ལ་གཉིས་ཏེ། བུམ་པ་ལ་བསྐྱེད་པ་དང་རྡུལ་ཚོན་ལ་བསྐྱེད་པའོ། །དང་པོ་ནི་སྔར་བཅས་པའི་བུམ་པ་རྣམས་སྭ་བྷཱ་ཝས་སྟོང་པར་བསྒོམ། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པར་བསྐྱེད་ལ། དབུས་ཀྱི་བུམ་པ་ལ་གཟའི་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བར་བསམ། བུམ་པ་གཞན་ལ་གཟའ་རྣམས་ཆོ་ག་འོག་ནས་འབྱུང་བ་བཞིན་བསྐྱེད་ལ། ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་ནས་བཟླས་པ་ཅི་རིགས་པར་བྱའོ། །བུམ་པ་གཅིག་ཏུ་བྱེད་ན་དབུས་སུ་གཟའི་ཡུམ། མདུན་དུ་ཉི་མ། ཕྱི་རོལ་དུ་གཟའ་གཞན་དང་རྒྱུ་སྐར་ལ་སོགས་པས་བསྐོར་བའོ། །བུམ་པའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བཞག་ལ། སྐུ་ཁྲུས་གསོལ་ཞིང་བཟླའོ། །དེ་ལ་གསེར་གྱི་བྱང་བུ་ལ་མིང་བྱང་ཡང་གདགས་སོ། །བུམ་པ་འདི་མ་གྲུབ་ཀྱང་ཉེས་པ་མེད་དོ། །གཉིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་ལ་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་གཞལ་ཡས་ཁང་བསྐྱེད་ལ་དེའི་དབུས་སུ་གཟའ་རྣམས་བསྐྱེད་པར་བྱ་སྟེ། དེའི་དབུས་སུ་ཨཾ་ལས་བྱུང་བའི་གཟའ་ཉི་མ་ལུས་སིནྡྷུ་རའི་ཕུང་པོ་ལྟར་ཤིན་ཏུ་དམར་བ་ལག་པ་གཉིས་ན་པདྨའི་སྡོང་བུ་འཛིན་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་ལོན་པའི་ཆ་ལུགས་ཅན། རྟས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ། ཉི་མའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པར་བསམས་ལ། ཨོཾ་མེ་གྷོལྐཱ་ཡ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཤར་དུ་ཨཾ་ལས་བྱུང་བའི་ཟླ་བ་གངས་རིའི་ཕུང་པོ་ལྟར་དཀར་བ། ལག་པ་གཉིས་ན་ཀུ་མུ་ཏའི་སྡོང་བུ་འཛིན་པ། ཆགས་པའི་ཉམས་ཅན་ཤིན་ཏུ་མཛེས་པ་ལོ་བཅུ་དྲུག་ལོན་པའི་ཆ་ལུགས་ཅན། ངང་པས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ། ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པར་བསམས་ལ། ཨོཾ་ཤི་ཏཱཾ་ཤ་བྷེ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །མེའི་མཚམས་སུ་རྃ་ལས་བྱུང་བའི་མིག་དམར་རྒྱ་སྐྱེགས་ལྟར་དམར་བ་ལག་པ་གཡས་ན་གྲི་གུག གཡོན་ན་མི་མགོ་རློན་པ་འཛིན་པ། མིག་དམར་ཞིང་མི་འཛུམས་པ། ལུས་ཐུང་བ་ལོ་ཉི་ཤུ་རྩ་གཉིས་ལོན་པའི་ཆ་བྱད་ཅན་ར་སྐྱེས་ལ་ཞོན་པར་བསམས་ལ། ཨོཾ་རཀྟ་ཨཾ་ག་ཀུ་མ་རཱ་ཡ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །ལྷོར་བྷོ་ལས་བྱུང་བའི་གཟའ་ལྷག་མརྒད་ལྟར་ལྗང་གུ་ལག་པ་གཉིས་ན་མདའ་གཞུ་འཛིན་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་རྩ་བཞི་ལོན་པའི་ཆ་བྱད་ཅན། དར་སྣ་ཚོགས་ཀྱི་ན་བཟའ་ཅན། པདྨའི་སྟེང་ན་བཞུགས་པར་བསམས་ལ། ཨོཾ་བུ་དྷཱ་ཡ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །བདེན་བྲལ་དུ་བྲྀ་ལས་བྱུང་བའི་ཕུར་བུ་གསེར་ལྟར་སེར་བ། ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཐུགས་རྗེ་ཅན་ལོ་བཅུ་དྲུག་ལོན་པའི་ཆ་བྱད་ཅན་གླང་པོ་ཆེའི་སྟེང་ན་གནས་པར་བསམས་ལ། ཨོཾ་བྲྀ་ཧ་སྦ་ཏ་ཡེ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །ནུབ་ཏུ་ཨཾ་ལས་བྱུང་བའི་པ་ཝ་སངས་ཤེལ་ལྟར་དཀར་བ་ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཤ་རྒྱས་པ་བཞད་ཅིང་འཛུམ་པའི་བཞིན་ཅན་ལོ་ལྔ་བཅུ་རྩ་ལྔ་ལོན་པའི་བཞིན་ཅན་པདྨའི་སྟེང་ན་བཞུགས་པར་བསམས་ལ། ཨོཾ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །རླུང་དུ་ཤཾ་ལས་བྱུང་བའི་སྤེན་པ། མིག་སྨན་ལྟར་གནག་པ། ལག་པ་གཉིས་ན་ཕྲེང་བ་དང་དབྱུ་གུ་འཛིན་པ། སྐྲ་ཟེད་པ་རྐང་པ་འཐེང་ཞིང་འཇིགས་པ། ཁྱིའི་པགས་པའི་སྨད་གཡོགས་ཅན། ལོ་ལྔ་བཅུ་ལོན་པའི་ཆ་ལུགས་འཛིན་པ། སྦྲུལ་ལ་ཞོན་པར་བསམས་ལ། ཨོཾ་ཀྲྀཥྞ་ཝརྞཱ་ཡ་སྭ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །བྱང་དུ་རཾ་ལས་བྱུང་བའི་སྒྲ་གཅན་དམར་ནག་ལྟེ་བ་མན་ཆད་གནག་པ། ལག་པ་གཉིས་ན་ཉི་ཟླ་འཛིན་པར་བསམས་ལ། ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །དབང་ལྡན་དུ་ཀཾ་ལས་བྱུང་བའི་མཇུག་རིངས་དུད་སྤྲིན་གྱི་མདོག་ཅན་ལག་ན་སྦྲུལ་ཞགས་དང་རལ་གྲི་འཛིན་པ། རིད་ཅིང་འཇིགས་པ་སྐྲ་སྟེང་དུ་བརྫེས་པ། བྲག་གི་སྟེང་ན་བཞུགས་པར་བསམས་ལ། ཨོཾ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རྗེ་བཙུན་སངས་རྒྱས་དང་ཕྱག་ན་རྡོ་རྗེ་དང་འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས་རྣམས་རང་རང་གི་སྐུ་མདོག་དང་ཕྱག་མཚན་དང་ལྡན་པར་བསྐྱེད་ལ། ཨོཾ་བུདྡྷཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་དྷ་ར་ཡེ་སྭཱ་ཧཱ། ཨོཾ་པདྨ་དྷ་རཱ་ཡ་སྭཱ་ཧཱ། ཨོཾ་ཀུ་མ་རཱ་ཡ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་དུ་ཡུལ་འཁོར་སྲུང༌། ཨོཾ་དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། ལྷོར་འཕགས་སྐྱེས་པོ། །ཨོཾ་བི་རཱུ་ཊ་ཀཱ་ཡ་སྭཱ་ཧཱ། ནུབ་ཏུ་མིག་མི་བཟང༌། ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། བྱང་དུ་ལུས་ངན་པོ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། བྱང་ཤར་དུ་གཟའ་རྣམས་སོ། །ཨོཾ་སརྦ་གྲ་ཧཱ་ནཱཾ་སྭཱ་ཧཱ། ཤར་ལྷོར་ཁྱིམ་རྣམས་དང་རྒྱུ་སྐར་རྣམས་སོ། །ཨོཾ་སརྦ་དྭི་ད་ཤ་ར་ཤི་ནཱཾ་སྭཱ་ཧཱ། ཁྱིམ་གྱིའོ། །ཨོཾ་སརྦ་ནཀྵ་ཏྲཱ་ནཱཾ་སྭཱ་ཧཱ། རྒྱུ་སྐར་གྱིའོ། །ལྷོ་ནུབ་ཏུ་གནོད་པ་རྣམས་སོ། །ཨོཾ་སརྦ་ཨུ་པ་དྲ་བེ་བྷྱཿསྭཱ་ཧཱ། ནུབ་བྱང་དུ་རྗེ་བཙུན་མ་རིག་པ་ཆེན་མོ་ཉིད་ལ། ཨོཾ་སརྦ་བི་དྱེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་སྔགས་སོ། །དེ་དག་ཀྱང་རང་རང་གི་སྔགས་སམ། ཛཿཧཱུྃ་བཾ་ཧོཿཞེས་པ་ཡེ་ཤེས་པ་གཞུག དེ་ལྟར་མདུན་དུ་བསྐྱེད་པ་དེ་ལ་རང་རང་གི་སྙིང་གའི་ཧཱུྃ་ལས་ཀྱང་དེ་ལྟ་བུ་རེ་བཏོན་ལ་གཞུག་གོ །ཡང་ན་དབུས་ཀྱི་ལྟེ་བར་རྗེ་བཙུན་མ་རིག་པ་ཆེན་མོ་བསྐྱེད་ལ། དེའི་མདུན་དུ་གཟའ་ཉི་མ་གོང་དུ་བཤད་པ་ལྟ་བུའི་ཆ་བྱད་ཅན་ལ་ཁྱད་པར་དུ་བཅོམ་ལྡན་འདས་མ་ལ་ཐལ་མོ་སྦྱར་ཏེ་བཀའ་ནོད་པ་ལྟ་བུའི་ཚུལ་དུ་འདུག་པར་བསམ་པར་བྱའོ། །ཞེས་ཀྱང་གསུངས་པ་ཡིན་པས་ཇི་ལྟར་བདེ་བ་བསྒོམ་པར་བྱའོ། །མདུན་དུ་སྐྱེད་པའི་ཆོ་གའོ། །གསུམ་པ་དེ་ལ་མཆོད་པ་ནི། སྔར་བཤད་པའི་མཆོད་པ་རྣམས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ཅི་རིགས་པ་བརྗོད་པས་བསངས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྦྱངས་ཏེ། སྟོང་པའི་ངང་ལས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱི་ནམ་མཁའི་ཕྱོགས་ཐམས་ཅད་ཁྱབ་པར་མོས་པར་བྱས་ལ། ཨོཾ་མེ་གྷོལྐཱ་ཡ་བཛྲ་པུཥྤེ་ཧཱུྃ། ཞེས་བྱ་བ་ལ་སོགས་པ་སྔར་བརྗོད་པའི་རང་རང་གི་སྔགས་ཀྱི་མཐར་མཆོད་པའི་སྔགས། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ཨོཾབཛྲ་གནྡྷེ་ཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱེ་ཧཱུྃ། ཞེས་བརྗོད་ཅིང་སོ་སོ་ལ་ཅོད་པན་དང༌། བ་དན་དང༌། རོལ་མོའི་བར་དུ་འབུལ་བར་བྱའོ། །གཟའི་ཙ་ཀ་ལི་ཡོད་ན། སྨིན་མཚམས་སུ་གསེར་གྱི་ཡི་གེ་དབུལ་བར་བྱའོ། །དེ་ནས་དེ་དག་མཉེས་པར་བསམ་མོ། །དེ་ལ་མཆོད་པའི་ཆོ་ག་བསྟན་ཟིན་ཏོ།། །།བཞི་པ་བཟླས་ནས་མདོ་གདོན་པ་ལ། ཐོག་མར་གསང་སྔགས་བཟླ་བ་དང༌། དེ་ནས་མདོ་གདོན་པ་གཉིས་ལས། དང་པོ་ནི། ཨོཾ་མེ་གྷོལྐཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་རང་རང་གི་སྔགས་རྣམས་བརྒྱ་རྩ་བརྒྱད་ལ་སོགས་པ་ཇི་ལྟར་ནུས་པ་ལྷ་རྣམས་ལ་དམིགས་ཤིང་མ་ཡེངས་པར་དངོས་གྲུབ་སློང་བའི་བསམ་པས་བཟླ་བར་བྱའོ། །གཉིས་པ་མདོ་གདོན་པ་ནི་སྨིན་དྲུག་གི་ཟླ་བའི་ཡར་ངོའི་ཚེས་བདུན་ནས་བཅུ་བཞིའི་བར་ལ་བདུན་བདུན་གདོན་ལ་བཅོ་ལྔའི་ཉིན་མཚན་ཐོག་ཐག་གདོན་པར་བྱའོ། །ཡང་ན་དེ་ཙམ་གྱི་ཡོ་བྱད་མ་འཛོམ་པའམ། དུས་ཁྱད་པར་ཅན་གཞན་ནམ། རང་གི་བར་ཆད་ཞི་བའམ་འདོད་པ་བསྒྲུབ་པའི་དོན་དུ་ཉིན་གཅིག་ཁོ་ནའམ། གཉིས་སམ་གསུམ་ལ་སོགས་པ་མཆོད་པ་བྱེད་ནའང་ལན་བདུན་ཁོ་ན་གདོན་པར་བྱའོ། །དངོས་གཞིའི་ཆོ་ག་བསྟན་ཟིན་ཏོ།། །།གསུམ་པ་མཇུག་གི་ཆོ་ག་ལ་བཞི་སྟེ། སྡིག་པ་ཞི་བར་བྱེད་པའི་སྦྱིན་སྲེག་དང༌། ཡོངས་སུ་མཉེས་པར་བྱེད་པའི་གཏོར་མ་དང༌། ལྷག་ཆད་ཁ་བསྐངས་ཏེ་གཤེགས་སུ་གསོལ་བ་དང༌། བསྡུས་ནས་རྗེས་ལ་བྱ་བའི་རིམ་པོའོ། །དང་པོ་ནི། རང་དང་གཞན་གྱི་སྡིག་པ་དང་བར་ཆད་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱ་སྟེ། ཆོ་ག་གཞན་དང་མཐུན་ནོ། །གལ་ཏེ་མ་འབྱོར་ནའང་ཉེས་པ་མེད་དོ། །གཉིས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། ཕྱོགས་སྐྱོང་དང་འབྱུང་པོ་དང༌། བགེགས་ཚིམ་པར་བྱ་བའི་ཕྱིར་གཏོར་མ་སྦྱིན་ཏེ། ཆོ་ག་གཏོར་མ་ཆ་གསུམ་གྱིས་བྱའོ། །གསུམ་པ་ནི་ཆོ་གའི་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་ནས། བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་མཛོད། །ཅེས་བརྗོད་ལ་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་རང་གནས་སུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་ལ་ཨོཾ་བཛྲ་མུཿཞེས་བརྗོད་དོ། །སེ་གོལ་གཏོགས་ལ་ཡེ་ཤེས་པ་གཤེགས་སུ་གསོལ་ཏེ། སྤྲུལ་པར་རང་ལ་བསྡུའོ། །བཞི་པ་ནི་སྔར་བྲིས་པའི་སྤོས་ཀྱི་དཀྱིལ་འཁོར་དང་མཆོད་རྫས་རྣམས་བསྡུས་ཏེ་འབབ་ཆུའམ། ཁྲོན་པ་ལ་སོགས་པར་དོར་ལ། རྗེས་ལ་བུམ་པའི་ཆུས་རང་དང་གཞན་ལ་བླུད་པ་དང༌། བཀྲུ་བ་དང་གཏོར་བ་ལ་སོགས་པས་རང་དང་གཞན་གྱི་དོན་བྱའོ། །དེ་དག་ནི་མཇུག་གི་ཆོ་ག་སྟེ། དེ་ལྟར་དོན་གསུམ་གྱིས་ཇི་ལྟར་བྱ་བའི་ཆོ་ག་རྣམས་བཤད་ཟིན་ཏོ།། །།ད་ནི་སྤྱི་དོན་གཉིས་པ་དེ་ལྟར་བྱས་པའི་ཕན་ཡོན་ལ་གཉིས་ཏེ། མི་མཐུན་པའི་ཕྱོགས་སྤོང་བ་དང༌། འདོད་པའི་དོན་འགྲུབ་པ་གཉིས་ལས། དང་པོ་ནི་གཟུངས་ཉིད་ལས་ལོ་དགུ་བཅུ་རྩ་དགུའི་བར་དུ་འཆི་བའི་འཇིགས་པ་མི་འབྱུང༌། སྐར་མདའ་ལྟུང་བ་དང༌། གཟའ་དང་རྒྱུ་སྐར་ལ་སོགས་པའི་གནོད་པ་སྟེ། མདོར་ན་མི་མཐུན་པའི་ཕྱོགས་ཀྱི་གནོད་པ་ཐམས་ཅད་མི་འབྱུང་ངོ༌། །གློག་དང་ཐོག་དང་ནད་རྣམས་སེལ་བ་དང༌། དུས་མ་ཡིན་པར་འཆི་བ་འབྱུང་བར་མི་འགྱུར་རོ། །གཟའི་ཚོགས་ཀྱིས་གནོད་པ་བྱས་པ་ཐམས་ཅད་ཞི་བར་འགྱུར་རོ། །རྟག་ཏུ་ཉམས་སུ་བླངས་ན་དངོས་གྲུབ་ཐམས་ཅད་རྗེས་སུ་སྟེར་བར་འགྱུར་རོ། །བདག་ཉིད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཐམས་ཅད་དུ་སྲུང་བར་བྱེད་དོ། །བགེགས་དང་གནོད་པ་ཐམས་ཅད་དང༌། འཐབ་པ་དང༌། རྩོད་པ་དང༌། མཚང་འདྲུ་བ་དང༌། ཤགས་འགྱེད་པ་དང༌། རྒྱལ་པོ་དང༌། ཆོམ་ཀུན་གྱི་ཆད་པ་དང༌། འཁྲུལ་འཁོར་དང༌། སྔགས་དང༌། ཕྱེ་མ་དང༌། དུག་གི་སྦྱོར་བ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། མཁའ་འགྲོ་མ་ལ་སོགས་པ་རྣམས་ཟློག་པར་བྱེད་དོ། །སྔགས་ཀྱི་ཚིག་རྣམས་གང་དག་གི་རྣ་བའི་བུ་གས་ཐོས་པར་གྱུར་ན་དུས་མ་ཡིན་པར་འཆི་བར་མི་འགྱུར་རོ། །དེའི་རིགས་རྒྱུད་ཐམས་ཅད་ཀྱི་དབུལ་བའི་གདོན་ཉམས་པར་བྱེད་དོ། །གཉིས་པ་ཡང་གཟུངས་འདི་ཉིད་ནས་སྐྱེ་བ་དྲན་པར་འགྱུར་བ་དང༌། གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྟེར་རོ། །ཞེས་གསུངས་ཏེ། མདོར་ན་ཇི་ལྟར་བསམ་པ་དེ་དང་དེ་འགྲུབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཆོ་ག་མ་ལུས་པ་བསྟན་ཟིན་ཏོ། །དེ་ལྟར་ཆོ་གའི་ལོ་འདབ་ལེགས་བསྡུས་ཏེ། །རྣམ་དག་ཚིག་གི་སྲད་བུ་ལ་བརྒྱུས་པའི། །མེ་ཏོག་ཕྲེང་འདི་གཟའ་རྣམས་མཆོད་པའི་ཕྱིར། །དྲི་མེད་དད་པའི་བློ་ཡིས་བདག་འབུལ་ལོ། །མཐོང་བ་དང་ནི་ཐོས་པ་དང༌། །དྲན་པ་དང་ནི་གོམས་པ་ཡིས། །གཟའ་རྣམས་མཆོད་པའི་ཆོ་ག་ནི། །མན་ངག་རིམ་པར་བྲིས་པ་ཡིན། །དཔལ་ལྡན་ས་སྐྱའི་དབེན་གནས་སུ། །ཀུན་དགའ་རྒྱལ་མཚན་དད་པ་ཡིས། །བྲིས་ལས་དགེ་བ་གང་ཐོབ་པ། །དེ་ཡིས་འགྲོ་ཀུན་བདེ་གྱུར་ཅིག །གཟའ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་མན་ངག་གི་རིམ་པ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་ཀུན་དགའ་རྒྱལ་མཚན་གྱིས་ལོ་ཉི་ཤུ་རྩ་གཉིས་པའི་ཚེ་སྦྱར་བའོ། །སློབ་དཔོན་བིརྺ་པའི་གསུང་གི་མན་ངག སློབ་དཔོན་ཡེ་ཤེས་འབྱུང་གནས་ཞི་བས་མཛད་པའི་གཞུང་དང་པཎྜི་ཏ་ཆེན་པོ་ཤཱནྟ་རཀྵི་ཏས་མཛད་པའི་གཞུང་རྣམས་གཅིག་ཏུ་དྲིལ་ནས་མི་གསལ་བ་རྣམས་གསལ་བར་མཛད་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply