རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་བཤད་པ།

༼ན༽

༄༅། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་བཤད་པ་བཞུགས།།

༄༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལཱ་པཏྟི། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ལ་རྩ་བ་ཞེས་བྱ་བ་ནི། ཤིང་སྡོང་པོའི་རྩ་བ་དང་འདྲ་སྟེ། རྩ་བ་བཅད་ན་ལོ་འདབ་མི་སྐྱེ་བ་ལྟར་རྩ་ལྟུང་སྤྱད་ན་སངས་རྒྱས་མི་འབྱུང་པའོ། །ཀུན་ནས་དང་བ་ཞེས་པ་བླ་མའི་སྐུ་ལས་དམན་པ་ཞབས་ཡིན། དེའི་འོག་ན་གདན་པདྨ་ཡོད་པ་དེ་ལ་ཕྱག་འཚལ་ན་གཞན་ལྟ་ཅི་སྨོས་ཞེས་པའོ། །རྩ་བའི་ལྟུང་བ་བཅུ་བཞི་ནི། གྲངས་མཚོན་པ་སྟེ། རྨོངས་པ་ཁ་ཅིག་དམ་ཚིག་ས་མ་ཡ་འབུམ་སྡེ་ཡོད་ཟེར་བ་སྤང་བའི་ཕྱིར་རོ། །རྒྱུད་ལས་གསུངས་པ་བཤད་པར་བྱ། །ཞེས་པ་ཅི་རང་བཟོ་མ་ཡིན་ཏེ་གང་ནས་བཤད་སྙམ་ན། རྡོ་རྗེ་གུར། གསང་བ་འདུས་པ། རྒྱུད་རྒྱས་པ་གཤིན་རྗེ་གཤེད་ལ་སོགས་པ་དུ་མ་ནས་བཤད་དེ། དེ་ལྟར་གསུངས་པ་དེ་བྱེ་བྲག་ཏུ་སློབ་དཔོན་བིརྺ་པས་ཕྱུང་བ་ཡིན་ནོ། །ཁ་ཅིག་ཀླུ་སྒྲུབ་ཀྱིས་ཕྱུང་ཡང་ཟེར་རོ། །གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །ཚེ་འདི་དང་ཕྱི་མའི་དངོས་གྲུབ་ཐམས་ཅད་སློབ་དཔོན་གྱི་རྗེས་སུ་འབྲང་བ་ཡིན་ནོ་ཞེས་གསུངས། དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་པ་དང་པོར་བཤད། །རྒྱུ་གང་གིས་སློབ་དཔོན་ལ་བརྙས་པར་འགྱུར་ཞེ་ན། བརྙས་པ་ནི་ཅུང་ཟད་ཁྲོས་པས་བརྙས་པར་མི་འགྱུར་ལ། སློབ་དཔོན་འདི་ངན་ནོ། །ཚུལ་ཁྲིམས་འཆལ་ལོ། །ཆོས་ལྟར་མི་བྱེད་ཅེས་པ་ལ་སོགས་པས་བརྙས་ན་རྩ་ལྟུང་དུ་འགྱུར་རོ། །ཅུང་ཟད་བརྙས་ན་བཤགས་པར་བྱའོ། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་གསུངས། །ཉན་ཐོས་དང་ཐུན་མོང་བ་བཞི་དང༌། བྱང་སེམས་དང་ཐུན་མོང་པའི་ཕམ་པ་ལྟ་བུའི་ཆོས་བཞི་པོ་འདི་སངས་རྒྱས་ཀྱིས་གསུངས་ཀྱང་ཅི་སྟོ་ཟེར་ཏེ་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་པ་སྟེ་ཆོས་བརྒྱད་པོ་འདི་སྤྱད་ན་རྩ་ལྟུང་ཡིན་ནོ། །དེ་དག་ཀྱང་སྡོམ་པ་ཉི་ཤུ་པ་ནས་འབྱུང་བ་བཞིན་ནོ། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །ཞེས་པ་རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་ལ་རྡོ་རྗེ་སྤུན་ཞེས་ཟེར་ལ། དེ་ལ་ཁྲོས་ན་རྩ་ལྟུང་དུ་འགྱུར་རོ། །དེ་ཡང་བླ་མ་གཅིག་གིས་བསྡུས་པ་ནི་ལྕིའོ། །དཀྱིལ་འཁོར་གཅིག་ཏུ་ཞུགས་ན་ཤིན་ཏུ་ལྕི་སྟེ་རྩ་ལྟུང་ལས་མ་འདས་སོ། །ཡང་ཁྲོས་པ་ཞེས་བྱ་བ་འཐབ་པ་ལྟ་བུ་མ་ཡིན་ཏེ། དགྲར་འཛིན་པའི་བསམ་པ་བསྐྱེད་ན་རྩ་ལྟུང་ཡོང་ལ། ཁས་འཐབ་པ་ནི་བཤགས་བྱ་ཡིན་ནོ། །སེམས་ཅན་རྣམས་ལ་བྱམས་པ་སྤང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཞེས་པ་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་སྙམ་པ་ལས་ལོག་ནས། རྟག་ཏུ་སྡུག་བསྔལ་བར་གྱུར་ཅིག་སྙམ་པས་བྱམས་པ་བཏང་བ་སྟེ་རྩ་ལྟུང་ངོ༌། །དེ་ཡང་སེམས་ཅན་གཅིག་ལ་བྱམས་པ་སྤངས་ཀྱང་རྩ་ལྟུང་ཡིན་གྱི། ཐམས་ཅད་ལ་སྤང་བ་མི་སྲིད་དེ། སྙིང་རྗེ་ཡེ་མེད་སྦྱིན་དང༌། སྲིན་པོ་ལ་ཡང་རང་གི་བུ་དང་ཆུང་མ་ལ་བྱམས་པ་ཡོད་པའི་ཕྱིར་རོ། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤང་བ་ནི་ལྔ་པ་ཡིན། །ཞེས་པ་འདི་ནི་ཐེག་ཆེན་གྱི་ཆོས་ཀྱི་རྩ་བ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བྱང་སེམས་སྤངས་ནས། ང་ལྟ་བུས་སེམས་ཅན་གྱི་དོན་ག་ལ་ཡོང་སྙམ་ནས་ཞུམ་པས་འཁོར་བའི་དུཿཁ་ལས་སྐྱོ་ནས་བྱང་སེམས་སྤངས་ན་རྩ་ལྟུང་ངོ༌། །རང་འམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་པ་རང་གི་ཐེག་ཆེན། གཞན་གྱི་ཉན་ཐོས་ཀྱི་ཐེག་པ་གཉིས་ལ་འདི་ལམ་གཏན་མ་ཡིན་ནོ་སྙམ་ནས་སྨད་པ་རྩ་ལྟུང་ངོ༌། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་པ་དབང་བསྐུར་མ་ཐོབ་པའི་དྲུང་དུ་གསང་བའི་རྫས་རྡོ་རྗེ། དྲིལ་བུ། ཐོད་པ་ལ་སོགས་པ་དང༌། གསང་བའི་སྤྱོད་པ་ཚོགས་འཁོར་ལ་སོགས་པ་དང༌། གསང་བའི་ཆོས་གསང་སྔགས་ཀྱི་ཟབ་དོན་བཤད་ན་རྩ་ལྟུང་ངོ༌། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །ཞེས་པ་ཕུང་པོ་ལྔ་སངས་རྒྱས་ལྔ་སྟེ། གཟུགས་རྣམ་སྣང༌། ཚོར་བ་རིན་འབྱུང༌། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་ཤེས་མི་བསྐྱོད་པ་ཡིན་པ་ལ། དེ་ལྟར་མི་ཤེས་པར་ངའི་ལུས་འདི་དམན་པའོ་སྙམ་ན་རྩ་ལྟུང་ངོ༌། །རང་བཞིན་དག་པའི་ཆོས་ཉིད་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ཡིན་པ་ལ། དེ་ལྟར་མི་ཤེས་པར་སྤྲོས་བྲལ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་ཟ་ན་རྩ་ལྟུང་ངོ༌། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་པ་བླ་མ་དང་སངས་རྒྱས་ཀྱི་བསྟན་པ་ལ་བརྙས་ཤིང་གནོད་པ། སེམས་ཅན་དུ་མ་ལ་འཚེ་བ་སྟེ། དེ་ལ་བྱམས་པ་བྱས་ན་རྩ་ལྟུང་ངོ༌། །དེ་ལྟ་ན་ཡང་གོང་དུ་སེམས་ཅན་རྣམས་ལ་བྱམས་པ་སྤང༌། ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདིའི་བྱམས་པ་སྤང་བ་ནི། གནས་སྐབས་སུ་སྤང་བ་ལྟར་སྣང་ཡང༌། གཏིང་བྱམས་པ་མི་སྤང་བ་སྟེ། དཔེར་ན་བུ་ལོག་པའི་ལམ་ན་འགྲོ་བ་ལ་མས་ཁྲོ་བ་བཞིན་ནོ། །ཡང་སེམས་ཅན་གྱི་དོན་རྒྱ་ཆེན་པོར་གྱུར་ན། བྱམས་པ་སྤངས་ཀྱང་ཉེས་པ་མེད་དེ། སེམས་ཅན་གྱི་དོན་ཡིན་པའི་ཕྱིར་རོ། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེ་རྟོག་པ་ནི་བཅུ་གཅིག་པ། །ཞེས་པ་མིང་དང་བྲལ་བའི་ཆོས་ལ་མིང་དང་བྲལ་བའི་ཆོས་སུ་རྟོག་པ་སྟེ། མདོར་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྤྲོས་པ་དང་བྲལ་བ་ལ་སྟོང་པ་ཉིད་དུ་བཟུང་ན་རྩ་ལྟུང་ངོ༌། །སེམས་ཅན་དད་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་པ་སེམས་ཅན་གང་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་འམ། སྒོས་ཐེག་པ་ཆེན་པོ་ལ་དད་པ་འམ། བྱེ་བྲག་ཏུ་གསང་སྔགས་ལ་དད་པ་དེ་ལ་བདག་གིས་ལུས་ངག་གི་སྒོ་ནས་མི་དད་པར་རིགས་པའི་སྤྱོད་པ་བསྟན་པས། དེ་ལ་མ་དད་པར་གྱུར་ན་རྩ་ལྟུང་ངོ༌། །བདག་གིས་མི་དད་པར་རིགས་པའི་སྤྱོད་པ་མ་བྱས་ཀྱང༌། ཕ་རོལ་མ་དད་པ་ལ་ནི་བདག་ལ་ཉེས་པ་མེད་དོ། །དམ་ཚིག་རྫས་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཞེས་པ་ཚོགས་ཀྱི་འཁོར་ལོའི་དུས་སུ། དེའི་དམ་ཚིག་གི་རྫས་མི་བསྟེན་པ་ནི་རྩ་ལྟུང་ངོ༌། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་པ་ཤེས་རབ་སྟོང་པ་ཉིད་སྟོན་པའི་བརྡ་བུད་མེད་ཡིན་ལ། དེ་ལ་བུད་མེད་ཀྱི་ལྡོག་པ་ནས་སྨོད་པ་སྟེ། བུད་མེད་འདི་ནི་མི་གཙང་བའི་གནས། བསོད་ནམས་མ་ཡིན་པ་ལས་གྲུབ་པ། ཞེས་བྱ་བ་སྤང་བའི་སྒོ་ནས་སྨོད་ན་རྩ་ལྟུང་ངོ༌། །བུད་མེད་ལ་འཐབ་པ་ཙམ་གྱིས་ནི་བཤགས་བྱའོ། །འོན་ཀྱང་བུད་མེད་དེ་རྡོ་རྗེ་སྤུན་ཡིན་ཞིང་དགྲར་འཛིན་བྱུང་ན་རྩ་ལྟུང་གསུམ་པའོ། །རྡོ་རྗེ་སྤུན་དུ་མ་གྱུར་ཡང་བྱམས་པ་སྤངས་ན་བཞི་པར་འགྱུར་རོ། །སྔགས་པས་འདི་དག་སྤངས་ན་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་པ་ཐོག་མར་དབང་ཐོབ། དེ་ནས་རྩ་ལྟུང་འདི་དག་མེད་པར་བྱས་ན། ལམ་མ་བསྒོམས་ཀྱང་སྐྱེ་བ་བཅུ་དྲུག་ན་འགྲུབ་པར་སངས་རྒྱས་ཀྱིས་གསུངས་སོ། །མ་བསྲུངས་པའི་ཉེས་པ་ནི། གཞན་དུ་དམ་ཚིག་ལས་ཉམས་སོ། །ཉམས་པས་ཅི་སྟོ་སྙམ་ན། ཉམས་པས་བདུད་ཀྱིས་གཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང༌། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། དེ་བས་ང་རྒྱལ་བཅོམ་ནས་ནི། །ཞེས་པ་བདག་གཙོར་འཛིན་པ་སྤངས་པས་ནི་རྩ་ལྟུང་ཕལ་ཆེར་ཁེགས་སོ། །བདག་ཉིད་མ་འཁྲུལ་ཤེས་བྱ་སྟེ། །ཞེས་པ་དྲན་འཛིན་གཙོ་ཆེ་བའོ། །ཡན་ལག་དུས་རྩ་ལྟུང་དུ་འགྱུར་སྙམ་ན། བདག་དམ་ཚིག་སྡོམ་པ་དང་ལྡན་ཞིང་ཤེས་པ་རང་བཞིན་དུ་གནས་ན་ལྟུང་པར་འགྱུར་གྱི། བདག་སྨྱོ་ཞིང་དམ་ཚིག་མེད་ན་ལྟུང་བ་མེད་དོ། །བྱུང་བ་ཕྱིར་བཅོས་པའི་ཐབས་ནི། མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ལ། །ཞེས་པ་དེ་ལྟར་དྲན་པ་མ་ཉམས་ཤིང་དམ་ཚིག་སྡོམ་པ་ཡོད་པ་ཅིག་ལ། གལ་ཏེ་རྩ་བའི་ལྟུང་བ་བྱུང་ན། སླར་ཡང་སྡོམ་པ་བླང་བར་བྱའོ། །དེ་ལ་ཚུལ་ཇི་ལྟར་བླང་བར་བྱ་ཞེ་ན། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་བྱ་སོགས་ཀྱི་སྒྲས་དཀྱིལ་འཁོར་དུ་དབང་བསྐུར་རྒྱས་པར་བླང་བར་བྱའོ། །འདི་དང་ཕྱི་མར། །གལ་ཏེ་བདག་ལ་ཕན་འདོད་ན། །སྒྲུབ་པ་པོ་སྔགས་པས་མྱུར་དུ་འབད་དེ་དམ་ཚིག་དང་སྡོམ་པ་གཟུང་བར་བྱ། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་རྫོགས་སོ།།  །།

ཡན་ལག་གི་དམ་ཚིག་ཅེས་བྱ་བ་ཅིའི་ཕྱིར་ཡན་ལག་གི་ལྟུང་བ་ཞེས་ཟེར་ན། ཤིང་གི་ཡན་ལག་དང་འདྲ་སྟེ། ཡན་ལག་བཅད་ན་ཤིང་ཉམས་པ་ཡིན་མོད་ཀྱི། འོན་ཀྱང་མི་སྐྱེ་བ་མ་ཡིན་ནོ། །དེ་བཞིན་དུ་ཡན་ལག་གི་ལྟུང་བ་བརྒྱད་པོ་ཡང་བྱུང་ན་ཉམས་པ་ཡིན་མོད་ཀྱི། དམྱལ་བར་མི་སྐྱེ་བས་ཤིང་གི་ཡན་ལག་བཅད་པ་འདྲ་བའོ། །དབང་བསྐུར་མ་ཐོབ་པའི་དོན་དམ་ཚིག་དག་དང་མི་ལྡན་པའི། རིག་མ་ཡིད་ཀྱི་ཡུལ་ལམ་དུ་བསྟེན་པར་འགྱུར་བའི་ཚུལ་གྱིས་བསྟེན་པ་ལ་དགའ་བ་ཡན་ལག་གི་ལྟུང་བར་འགྱུར་རོ། །དབང་བསྐུར་མ་ཐོབ་པ་ལ་དངོས་སུ་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པ་སྟོན་ན་རྩ་ལྟུང་བདུན་པར་འགྱུར་རོ། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང༌། །ཞེས་པ་འདི་ཚོགས་ཀྱི་འཁོར་ལོའི་དུས་སུ་འཐབ་མོ་དངོས་བྱེད་ན་ནི་རྩ་ལྟུང་གསུམ་པར་འགྱུར་ལ། ཀུ་རེས་ཁ་ཤགས་འགྱེད་ན་ཡང་ཡན་ལག་གི་ལྟུང་བར་འགྱུར་རོ། །གསང་བའི་ཆོས་ནི་སྟོན་པ་དང༌། །ཞེས་པ་གསང་བའི་ཆོས་ནི་བརྡ་སྐད་དེ། ཚོགས་འཁོར་གྱི་དུས་སུ། ཆང་ལ་མ་ད་ན་ལ་སོགས་པ་བྱ་དགོས་ལ། དེ་མ་ཡིན་པའི་དུས་སུ་དགོས་པ་མེད་པར་དབང་བསྐུར་ཐོབ་པའི་དྲུང་དུ་ཡང་སྨྲ་ན་ཡན་ལག་གི་ལྟུང་བའོ། །དབང་མ་ཐོབ་པ་ལ་སྨྲ་ན་ནི་རྩ་བའི་ལྟུང་བ་བདུན་པར་འགྱུར་རོ། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང༌། །ཞེས་པ་སློབ་མ་ལམ་མ་ནོར་བའི་ཆོས་འདོད་པ་ལ་དེ་མ་ཡིན་པ་ལོག་པར་སྟོན་པ་ནི་ཡན་ལག་གི་ལྟུང་བའོ། །དེའི་སེམས་སུན་ཕྱུང་ན་རྩ་ལྟུང་བཅུ་གཉིས་པར་འགྱུར་རོ། །ཉན་ཐོས་དག་དུ་རློམ་བྱེད་པའི། །ནང་དུ་ཞག་བདུན་འདས་པ་དང༌། །ཞེས་པ་ཉན་ཐོས་ས་ཁས་འཆེ་བའི་ཁྱིམ་དུ་ཞག་བདུན་འདས་པ་སྟེ། མདོར་ན་ལྷ་དང་བླ་མ་ཡིད་ལ་བྱེད་པ་མེད་པར་ཞག་བདུན་སོང་ན་ཡན་ལག་གི་ལྟུང་བའོ། །སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང༌། །ཞེས་པ་དབང་གོང་མའི་སྦྱོར་བ་མ་བྱས་པར། དབང་གོང་མའི་ཆོས་སྟོན་ན་ཡན་ལག་གི་ལྟུང་བ་ཡིན་ལ། དབང་བསྐུར་མ་བྱས་པ་ལ་སྟོན་ན་རྩ་ལྟུང་བདུན་པའོ། །གང་ཞིག་ཕྱག་རྒྱ་མི་མཁས་པར། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང༌། །ཞེས་པ་དབང་བསྐུར་ཐོབ་པ་རྣམས་ཀྱི་དྲུང་དུ་ཡང་དགོས་པ་མེད་པར་ལྕགས་ཀྱུ་དང་ཞགས་པ་ལ་སོགས་ཕྱག་རྒྱ་འཆའ་ན་ཡན་ལག་གི་ལྟུང་བའོ། །དབང་མ་ཐོབ་པའི་དྲུང་དུ་རྩ་ལྟུང་བདུན་པར་འགྱུར་རོ། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །ཞེས་པ་སྡོན་དུ་ལྷའི་བསྙེན་པ་ཚད་དང་ལྡན་པ་མ་སོང་བ་དང༌། སོགས་ཀྱི་སྒྲས་ཆོ་གར་བཤད་པ་བཞིན་མ་བྱས་པར་དབང་བསྐུར་ལ་སོགས་པ་བྱེད་ན་ཡན་ལག་གི་ལྟུང་བའོ། །སྡོམ་པ་གཉིས་ཀྱིས་བཅས་པ་ལ། །དགོས་པ་མེད་པར་འདའ་བ་དང༌། །ཞེས་པ་ཉན་ཐོས་དང་ཐེག་ཆེན་གཉིས་ཀྱི་སྡོམ་པ་ལ་དགོས་པ་ཡོད་ནའང་འདའ་བར་གནང་བ་ལ། དགོས་པ་མེད་པར་འདའ་བའོ། །ཁ་ན་མ་ཐོ་བཅས་གྱུར་ན། །སྔགས་པ་དེ་ཡི་དམ་ཚིག་ཟད། །དེ་ལྟར་དམ་ཚིག་ཟད་པས་དངོས་གྲུབ་འགྲུབ་པར་མི་འགྱུར་ཞིང༌། ཚེ་འདི་དང་ཕྱི་མར་སྡིག་དང་དུཿཁ་མང་དུ་འཕེལ་ལོ། །དེས་ན་མི་འབྱུང་བར་བྱ་བའི་ཕྱིར། ཉིན་ལན་གསུམ་མཚན་ལན་གསུམ་དུ། ཉིན་རེ་བཞིན་ནི་བཟླ་བར་བྱ། །འདི་རྣམས་དྲན་པར་བྱས་ནས་ཉེས་པ་བྱུང་ན་བཤགས་པ་བྱ། མ་བྱུང་ན་དགའ་བ་བསྒོམ་མོ། །གང་ཞིག་འདིའི་དོན་རྒྱས་པར་ཤེས་པར་འདོད་ན་དྲི་མེད་བླ་མ་དམ་པས་མཛད་པའི་རྣམ་བཤད་རྒྱ་ཆེར་འགྲེལ་པ་འཁྲུལ་པ་སྤོང་བའི་ལེགས་བཤད་དེར་འབད་པས་བལྟ་བར་བྱའོ། །འོན་ཀྱང་ཅུང་ཟད་བདག་གིས་བྲིས་འདི་ཡང༌། །བསྡུས་ལ་དགའ་བ་བློ་གྲོས་ཞན་པ་དང༌། །ལེ་ལོའི་དབང་གིས་གཉིད་ལ་བརྩོན་རྣམས་ཀྱི། །དོན་དུ་འགྱུར་སྙམ་རྣམ་བཤད་ཉུང་ངུ་བྱས། །རྩ་བ་དང་ཡན་ལག་གི་དམ་ཚིག་གི་བཤད་པ་ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*