༼ན༽
༄༅། །ཟུང་འཇུག་གསལ་བའི་ས་བཅད་བཞུགས་སོ།།
༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སློབ་དཔོན་སྒྲ་གཅན་འཛིན་གྱིས་མཛད་པའི་ཟུང་དུ་འཇུག་པ་གསལ་བའི་དཀྱིལ་འཁོར་གྱི་ཆོ་ག་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ཏོ། །བར་པ་ལ་གཉིས་ཏེ། ཐུན་མོང་གི་ཐེག་པས་རྒྱུད་སྦྱང་བ་དང༌། ཐུན་མོང་མ་ཡིན་པའི་ཆོ་གས་སྨིན་པར་བྱ་བའོ། །དེ་ལ་གཉིས་ཏེ། སློབ་མས་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་དབང་བསྐུར་བའོ། །དེ་ལ་གཉིས་ཏེ། རང་བཟོ་སྤངས་པའི་ཕྱིར་ལུང་གིས་བསྒྲུབ་པ་དང༌། ལུང་དང་མི་འགལ་བར་ཆོ་ག་བཤད་པའོ། །དང་པོ་ལ་གཉིས་ཏེ། བདེ་བར་གཤེགས་པའི་ལུང་གིས་བསྒྲུབ་པ་དང༌། སློབ་དཔོན་འཕགས་པའི་གསུང་གིས་བསྒྲུབ་པའོ། །ལུང་དང་མི་འགལ་བར་ཆོ་ག་བཤད་པ་ལ་གཉིས་ཏེ། ལྷག་པར་གནས་པ་དང༌། དངོས་གཞིའི་བྱ་བའོ། །དང་པོ་ལ་གཉིས་ཏེ། མཚམས་སྦྱར་བའི་ཚུལ་གྱིས་བདག་གི་རྣལ་འབྱོར་དང༌། དུས་ཀྱི་ངེས་པས་སྟ་གོན་ལ་འཇུག་པ་དངོས་སོ། །དེ་ལ་གཉིས་ཏེ། བུམ་པ་དང་ལྷ་ཐུན་མོང་གི་སྟ་གོན་དང༌། སློབ་མ་སྟ་གོན་དུ་གནས་པ་དངོས་སོ། །དང་པོ་ལ་གཉིས་ཏེ། བུམ་པ་བཅའ་བ་དང༌། བྱིན་གྱིས་བརླབ་པའོ། །དང་པོ་ལ་ལྔ་སྟེ། བུམ་པའི་རྒྱུ་དང༌། མཚན་ཉིད་དང༌། གྲངས་དང༌། མཚན་མ་དང༌། བཅུད་གཞུག་པའོ། །གཉིས་པ་བྱིན་གྱིས་བརླབ་པ་ལ་གཉིས་ཏེ། བུམ་པ་དང་ཐུན་མོང་དུ་ལྷ་བྱིན་གྱིས་བརླབ་པ་དང༌། བུམ་པ་བྱེ་བྲག་ཏུ་བྱིན་གྱིས་བརླབ་པའོ། །དོན་གཉིས་པ་སློབ་མ་སྟ་གོན་ལ་གཉིས་ཏེ། སློབ་མ་དང་སློབ་དཔོན་གྱི་མཚན་ཉིད་བསྟན་པའི་སྒོ་ནས་མཚམས་སྦྱར་བ་དང༌། ཆོ་ག་ལ་འཇུག་པའི་བྱ་བ་དངོས་བསྟན་པའོ། །དེ་ལ་གཉིས་ཏེ། སློབ་མས་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་ཆོ་གས་བསྒྲུབ་པའོ། །དེ་ལ་བཅུ་གཉིས་ཏེ། མྱ་ངན་ལ་འདས་པའི་བསམ་པ་བསྐྱེད་པ་དང༌། ནང་གི་དབང་བསྐུར་བ་དང༌། གསང་སྔགས་ལ་སྤྲོ་བ་བསྐྱེད་པ་དང༌། ཐུན་མོང་མ་ཡིན་པའི་སྡོམ་པ་གཟུང་བ་དང༌། བར་དུ་གཅོད་པ་བསྲུངས་ཏེ་མཆོད་པ་དང༌། སོ་ཤིང་དོར་ཏེ་ལྟས་བརྟག་པ་དང༌། ཁ་དག་པའི་ཕྱིར་འཐོར་འཐུང་སྦྱིན་པ་དང༌། རྨི་ལམ་བརྟག་པའི་ཕྱིར་ཀུ་ཤ་གཏད་པ་དང༌། བར་ཆད་བསལ་བའི་ཕྱིར་སྲུང་སྐུད་གདགས་པ་དང༌། སྡིག་པ་སྦྱང་བའི་ཕྱིར་བྱིན་གྱིས་བརླབས་པའི་ཆུ་བླུད་པ་དང༌། སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པ་དང༌། དགེ་མི་དགེ་མཚོན་པའི་ཕྱིར་རྨི་ལམ་ལ་བརྟག་པའོ། །སྤྱི་དོན་གཉིས་པ་དངོས་གཞིའི་བྱ་བ་ལ་གཉིས་ཏེ། སློབ་དཔོན་བདག་ཉིད་ཀྱི་བྱ་བ་དང༌། སློབ་མའི་བྱ་བའོ། །དང་པོ་ལ་ལྔ་སྟེ། བདག་གི་རྣལ་འབྱོར་དང༌། སློབ་མ་བསྲུང་བ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། སློབ་དཔོན་བདག་ཉིད་འཇུག་པ་དང༌། མཁྱེན་པར་གསོལ་བའོ། །གཉིས་པ་སློབ་མའི་བྱ་བ་ལ་གཉིས་ཏེ། དཀྱིལ་འཁོར་དུ་གཞུག་པ་དང༌། དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། ཡོལ་བའི་ཕྱི་རོལ་དུ་འཇུག་པ་དང༌། ནང་དུ་འཇུག་པའོ། །དང་པོ་ལ་བཞི་སྟེ། བུམ་པའི་ཆུས་བསངས་ཏེ་གདོང་བཅིང་བ་དང༌། སློབ་མས་ཡོན་ཕུལ་ཏེ་བླ་མ་རྣམ་སྣང་དུ་བསྐྱེད་པ་དང༌། མེ་ཏོག་ཕྲེང་བ་གཏད་དེ་དྲིས་ལན་གདབ་པ་དང༌། སྡོམ་པ་ཐམས་ཅད་བསྡུས་ཏེ་གཟུང་བའོ། །གཉིས་པ་ནང་དུ་འཇུག་པ་ལ་དྲུས་ཏེ། སློབ་མས་ཕྱག་བཞི་བཙལ་བ་དང༌། སློབ་དཔོན་གྱིས་དམ་ལ་གཞག་པ་བཞི་བྱ་བ་དང༌། བྱིན་གྱིས་བརླབ་པའི་ཕྱིར་ཡེ་ཤེས་དབབ་པ་དང༌། དངོས་གྲུབ་ཀྱི་སྐལ་བ་བརྟག་པའི་ཕྱིར་བར་སྣང་གི་ཁ་དོག་བལྟ་བ་དང༌། དཀྱིལ་འཁོར་དེ་བསྟན་པའི་ཕྱིར་བདེན་པ་བརྗོད་པ་དང༌། རིགས་ངེས་པར་བྱ་བའི་ཕྱིར་མེ་ཏོག་དོར་བའོ། །སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་བཞི་སྟེ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། དབང་བཞི་པའོ། །དང་པོ་ལ་གཉིས་ཏེ། བུམ་པའི་དབང་ཇི་ལྟར་བསྐུར་བ་དང༌། དེ་དག་གི་མཇུག་བསྡུ་བའོ། །དང་པོ་ལ་དགུ་སྟེ། ཕྲེང་བ་དང༌། ཆུ་དང༌། རྫོགས་པའི་སངས་རྒྱས་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མེ་ལོང་དང༌། མིང་དང༌། སློབ་དཔོན་དང༌། རྗེས་སུ་གནང་བའོ། །དང་པོ་ལ་བཞི་སྟེ། སྔགས་དང་བཅས་པའི་ཕྲེང་བས་སྤྱི་བོར་དབང་བསྐུར་བ་དང༌། མིག་བྱིན་གྱིས་བརླབས་ཏེ་གདོང་གཡོགས་བཀྲོལ་བ་དང༌། དཀྱིལ་འཁོར་དང༌། ལྷའི་དེ་ཁོ་ན་ཉིད་བསྟན་པ་དང༌། ལུས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་ངོ་སྤྲད་པའོ། །གཉིས་པ་ཆུས་དབང་བསྐུར་བ་ལ་གསུམ་སྟེ། ཁྲུས་ཀྱིས་དཀྱིལ་འཁོར་ཇི་ལྟར་བྲི་བ་དང༌། སློབ་མས་གསོལ་བ་གདབ་པ་དང༌། བཀྲ་ཤིས་སྔོན་དུ་འགྲོ་བས་དབང་བསྐུར་བའོ། །གསུམ་པ་རྫོགས་པའི་སངས་རྒྱས་ལ་བཞི་སྟེ། མཚམས་སྦྱར་བ་དང༌། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེའི་གླུ་བརྗོད་པ་དང༌། སློབ་མས་དཀྱིལ་འཁོར་དང་བླ་མ་ལ་བསྐོར་བ་བྱ་བ་དང༌། ཅོད་པན་གྱིས་དབང་བསྐུར་བ་དངོས་སོ། །དྲུག་པ་མེ་ལོང་ལ་གཉིས་ཏེ། མ་རིག་པའི་ལིང་ཏོག་བསལ་བའི་ཕྱིར་ཐུར་མ་དང༌། རང་བཞིན་མེད་པར་ཤེས་པར་བྱ་བའི་ཕྱིར་མེ་ལོང་དངོས་སོ། །བདུན་པ་མིང་ལ་གཉིས་ཏེ། ཇི་ལྟར་དབང་བསྐུར་བ་དང༌། མིང་གི་རྣམ་གྲངས་དངོས་སོ། །བརྒྱད་པ་རྡོ་རྗེ་སློབ་དཔོན་ལ་གསུམ་སྟེ། སྔོན་དུ་འགྲོ་བ་མཚན་མའི་དབང་དང༌། དངོས་གཞི་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་དང༌། མཇུག་བསྡུ་བའི་ཚུལ་གྱིས་དབང་གི་དགོས་པ་བསྟན་པའོ། །དགུ་པ་རྗེས་སུ་གནང་བ་ལ་བཞི་སྟེ། ཕྲིན་ལས་ཐམས་ཅད་ལ་དབང་འབྱོར་པར་རྫས་སུ་གནང་བ་དང༌། རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་དང༌། འཚང་རྒྱ་བར་ལུང་བསྟན་པ་དང༌། སྲིད་པར་མི་ལྟུང་བར་དབུགས་དབྱུང་བའོ། །སྤྱི་དོན་གཉིས་པ་གསང་བའི་དབང་ལ་གསུམ་སྟེ། གང་ལ་དབང་བསྐུར་བའི་གང་ཟག་དང༌། ཇི་ལྟར་དབང་བསྐུར་བའི་ཆོ་ག་དང༌། དེ་ལྟར་བསྐུར་བའི་འཐད་པའོ། །དོན་གསུམ་པ་ཤེས་རབ་ཡེ་ཤེས་ལ་གསུམ་སྟེ། ཤེས་རབ་ཕྱག་རྒྱ་གཏད་པ་དང༌། ཇི་ལྟར་བྱིན་གྱིས་བརླབ་པ་དང༌། སྦྱོར་བའི་ཡེ་ཤེས་ངོས་གཟུང་བའོ། །དབང་བཞི་པ་ལ་བཞི། བཞི་པའི་དོན་ངོས་གཟུང་བ་དང༌། དེའི་ཡེ་ཤེས་ངོས་གཟུང་བ་དང༌། དེ་ལ་ལོག་པར་རྟོག་པ་དགག་པ་དང༌། སློབ་མའི་མོས་པས་ཚིག་གི་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། ཟུང་འཇུག་རྟོགས་ན་བཞི་པར་འགྱུར་བ་དང༌། འོད་གསལ་རྟོགས་པ་གསུམ་པ་ཡིན་པ་དང༌། དེས་ན་དགོས་པའི་སྒོ་ནས་བཞི་པར་བཞག་པའོ། །དོན་གཉིས་པ་ངོས་གཟུང་བ་ལ་གསུམ་སྟེ། ཉམས་མྱོང་དེ་དཔེའི་ཡེ་ཤེས་སུ་བསྟན་པ་དང༌། ཟུང་འཇུག་རྟོགས་པ་ལ་འོད་གསལ་ཤེས་དགོས་པ་དང༌། དེ་ལུང་དུ་མས་བསྒྲུབ་པའོ། །དོན་གསུམ་པ་ལོག་རྟོག་དགག་པ་ལ་གཉིས་ཏེ། ལོག་རྟོག་དགོད་པ་དང༌། རིགས་པ་དང་ལུང་གིས་དགག་པའོ། །སློབ་མའི་མོས་པས་ཚིག་གི་དབང་བསྐུར་བ་ལ་གཉིས་ཏེ། ཚིག་གིས་དབང་བསྐུར་བའི་གང་ཟག་དང༌། གང་ཟག་དེས་ཤེས་པར་བྱ་བ་མི་རྟོག་པའོ། །སྤྱི་དོན་གསུམ་པ་མཇུག་གི་དོན་ལ་གཉིས་ཏེ། བརྩམས་པའི་དགེ་བ་བསྔོ་བ་དང༌། བརྩམས་པའི་རྒྱུ་མཚན་བསྟན་པའོ། །སྡེ་སྣོད་འཛིན་པ་བློ་གྲོས་རབ་གསལ་པ། །བདག་ཉིད་ཆེན་པོ་གྲགས་པ་དཔལ་བཟང་པོས། །བསྐུལ་ཕྱིར་འདི་ནི་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་དཔལ་ལྡན་ས་སྐྱར་བཀོད་པ་ཡིན།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply