༼ན༽
༄༅། །གངས་ཅན་གྱི་སྒོམ་ཆེན་རྣམས་ལ་གདམས་པ་བཞུགས་སོ།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། གངས་རིའི་ཁྲོད་འདིར་སྒོམ་ཆེན་མང་ཡོད་དེ། །རབ་འབྲིང་ཐ་མའི་ཚུལ་དུ་སྤྲིང་བར་བྱ། །དེ་ལ་ལོག་པའི་ཕྱོགས་འཛིན་སྤངས་པ་ཡི། །རབ་ཏུ་དད་པའི་ཡིད་ཀྱིས་གསན་པར་ཞུ། །ལྟ་བ་སྤྲོས་བྲལ་རྣམ་དག་ཤུགས་འཆང་ལུས། །གཡེང་མེད་བསྒོམ་པ་རྣམ་དག་ཡན་ལག་ལྡན། །སྤྱོད་པ་རྣམ་དག་གཡུ་ཡི་རལ་པ་ཅན། །སེང་གེ་གངས་ལ་གནས་པའི་སྒོམ་ཆེན་ཡིན། །འགྲོ་དོན་དཔག་མེད་གོ་ཆ་རབ་བགོས་ཏེ། །ཚོགས་གཉིས་རྟར་ཞོན་བརྩོན་པའི་ལྕག་གིས་བསྐུལ། །ཤེས་རབ་མཚོན་གྱིས་ཉོན་མོངས་དགྲ་ཚོགས་འཇོམས། །དཔའ་བོ་གཡུལ་དུ་ཞུགས་པའི་སྒོམ་ཆེན་ཡིན། །དྲི་མེད་བསླབ་གསུམ་རིན་ཆེན་བང་མཛོད་ལྡན། །འགྲོ་ལ་ཟང་ཟིང་མི་འཇིགས་སྦྱིན་གཏོང་མཛད། །དམ་ཆོས་སྦྱིན་པས་ཐར་ལམ་འཛུད་བྱེད་པ། །བསྡུ་བས་གཞན་དོན་མཛད་པའི་སྒོམ་ཆེན་ཡིན། །དེ་ལྟར་སྒོམ་ཆེན་རབ་གསུམ་བསྟན་པ་ཡི། །སྙིང་པོ་མཆོག་ཏུ་གྱུར་པ་མཁྱེན་མཛོད་ཅིག །གདམས་པ་རྒྱ་མཚོ་ཁོང་དུ་མ་ཆུད་ཀྱང༌། །སྤྱི་བོར་བླ་མ་བསྒོམ་ཞིང་དད་པ་ཡིས། །མིག་ནས་མཆི་མ་འཁྲུངས་ཤིང་གསོལ་འདེབས་པ། །ཐར་པའི་ལམ་སྣ་ཟིན་པའི་སྒོམ་ཆེན་ཡིན། །དམིགས་མེད་ལྟ་བས་འཆིང་བ་མ་གྲོལ་ཡང༌། །རིན་ཆེན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱས་ཏེ། །གཞན་དོན་བསྒྲུབ་ལ་ཞུམ་པ་མི་མངའ་བ། །གཞན་ཕན་ཡིད་བཞིན་ནོར་བུའི་སྒོམ་ཆེན་ཡིན། །ཐེག་མཆོག་བསྒྲུབ་པ་ཚུལ་བཞིན་མ་ནུས་ཀྱང༌། །དབང་བཞིའི་དམ་ཚིག་མེ་ཏོག་ཆུན་པོ་ནི། །མགོ་ཡི་ཐོད་བཞིན་རབ་ཏུ་སྲུང་བྱེད་པ། །སྲིད་པ་མྱུར་དུ་སྒྲོལ་བའི་སྒོམ་ཆེན་ཡིན། །བརྩེ་བས་གཞན་དོན་བསྒྲུབ་པའི་སེམས་མེད་ཀྱང༌། །དྲི་མེད་བཀའ་དང་དམ་པའི་གསུང་ཐོས་ནས། །བླང་དོར་རྒྱུ་དང་འབྲས་བུ་ལྟུར་བྱེད་པ། །ངན་འགྲོའི་སྒོ་འཕྲང་གཅོད་པའི་སྒོམ་ཆེན་ཡིན། །དེ་ལྟར་དེ་དག་བསྟན་པའི་སྒོར་ཞུགས་ཞེས། །རྟོགས་ལྡན་སྐྱེས་བུ་དག་གིས་མཁྱེན་པར་མཛོད། །རང་ཉིད་གང་མོས་ལམ་དུ་ཞུགས་པ་དང༌། །གཞན་ལ་ངེས་ཤེས་བསྐྱེད་ཕྱིར་བླང་བར་མཛོད། །དམ་པའི་གདམས་པས་སྤྲོས་པ་མ་ཆོད་པར། །ཞི་གནས་བྱིན་པོ་གཅིག་ལ་སེམས་བཟུང་ནས། །གཏི་མུག་མུན་པ་ཡང་ཡང་སྤེལ་བྱེད་པ། །ཕྱི་བ་ཚང་དུ་ཉལ་བའི་སྒོམ་ཆེན་ཡིན། །དད་དང་འདུན་པས་སེམས་རྒྱུད་མ་ཐུལ་བར། །འགྲན་འདོད་དབེན་པའི་རི་ལ་བརྟེན་བྱས་ཏེ། །འདོད་ཡོན་སྒོ་ཀུན་རྟག་ཏུ་ཡིད་བྱེད་པ། །གཅན་གཟན་རི་ལ་ཉལ་བའི་སྒོམ་ཆེན་ཡིན། །ཐར་པའི་ལམ་དོར་ཉེས་པ་ཀུན་སྤེལ་བས། །བཟང་འདོད་རི་བྲག་གནས་པས་དུས་འདས་ཏེ། །དེ་རྗེས་ཡོན་བདག་ཕོ་མོའི་གྲོང་ཆོག་མཁན། །ཝ་འདྲ་གྲོང་སྟོང་འགྲིམ་པའི་སྒོམ་ཆེན་ཡིན། །ཆོས་གྲགས་འདོད་པ་རྩྭ་ཡི་མེ་བཞིན་འབར། །ཁ་ཕྱིར་ཀུན་ཏུ་རྒྱུ་བའི་བརྩོན་འགྲུས་ཅན། །ལོག་པའི་འཚོ་བས་རྟག་ཏུ་འཚོ་བྱེད་པ། །ཁྱི་རྐུན་གྲོང་མཐའ་ཉུག་པའི་སྒོམ་ཆེན་ཡིན། །རྒྱལ་པོ་ངན་པའི་ཚུལ་འཆང་ངུར་སྨྲིག་འཛིན། །ཆགས་སྡང་མཚོན་ཐོགས་དུ་མའི་འཁོར་གྱིས་བསྐོར། །མི་དགེའི་ཕྲིན་ལས་ཕྱོགས་ཀུན་རྒྱས་བྱེད་པ། །ངན་འགྲོའི་གནས་གསུམ་སྤེལ་བའི་སྒོམ་ཆེན་ཡིན། །དེ་ལྟར་སྒོ་གསུམ་དགེ་ལ་གོལ་བ་ཡི། །སྡིག་བྱེད་འདི་དག་བསྟན་པའི་ཆོམ་རྐུན་ཞེས། །བསྟན་པའི་སྒོར་ཞུགས་སྟོན་པའི་བྱ་བ་ལ། །སྡང་བས་ལོག་ཞུགས་བྱེད་པ་སྤང་བར་ཞུ། །དྲི་མེད་བསྟན་པའི་མཁའ་ལ་གེགས་མེད་པར། །ཤར་བའི་ལུང་རྟོགས་དཀྱིལ་འཁོར་རྒྱས་པ་ཅན། །ལེགས་བཤད་འོད་ཀྱིས་མཛེས་པའི་ཉི་མ་དེས། །གདུལ་བྱའི་ཚལ་ནི་དགེ་བས་རྒྱས་གྱུར་ཅིག །ཞེས་དཔལ་ལྡན་ས་སྐྱ་པཎྜི་ཏས། བྱང་ཕྱོགས་འགའི་ཡུལ་ནས་གངས་ཅན་གྱི་སྒོམ་ཆེན་པ་རྣམས་ལ་ཞལ་ཏ་བྱེད་པའི་ཚིགས་སུ་བཅད་པའོ།། མངྒ་ལཾ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply