༼ན༽
༄༅། །ཡོན་ཏན་སྒྲོགས་པའི་ཚལ་ལ་བསྟོད་པ་བཞུགས།།
༄༅། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དོ་ཤལ་ཕྲེང་བ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ལྷ་བརྒྱའི་གཙུག་གིས་གང་གི་ཞབས་བཏུད་པ། །འཇམ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །སྒྲ་ཡི་ཚུལ་གྱིས་དོན་ལ་བསྟོད་པར་བྱ། །དེ་ཡང་འདི་ལྟར་རྟོགས་པར་བྱ་སྟེ། བ་གོ་ར། ཞེས་བྱ་བ་ནི་ཉེ་བར་བསྒྱུར་བས་བསྒྱུར་ན། བ་ནི་བ་ན་ལ། གོ་ནི་སྒྲའི་བསྟན་བཅོས་དག་ལས། ཨ་ཝརྞཎ་ཨུ་ཞེས་འབྱུང་བས་གུར་འགྱུར་ཞིང༌། དེ་ལ་རྐྱེན་ན་བྱིན་པས། གུ་ཎར་འགྱུར་ལ། ར་ནི་ར་ཎ་སྟེ། དེ་ལྟར་ན་ལེགས་པར་སྦྱར་བའི་སྐད་ལས། བ་ན། གུ་ཎ། ར་ཎ་ཞེས་བྱ་ལ། བོད་ཀྱི་སྐད་ལ་ཡོན་ཏན་སྒྲོགས་པའི་ཚལ་ཞེས་བྱ་བར་འགྱུར་བས། དེ་དག་ཀྱང་སོ་སོའི་སྒྲ་ལས་སྒྲར་དྲངས་ཏེ། རྐྱེན་ཐ་དད་ཀྱིས་ཚིགས་སུ་བཅད་པར་བསྡེབས་ལ་བརྗོད་ཀྱིས་དང༌། མཁས་པ་རྣམས་གྱིས་རྣ་བ་བླགས་ཏེ་མཉན་པར་གསོལ་ལོ། །ཡོན་ཏན་རྒྱ་མཚོའི་ཆུ་གཏེར་ལས་བྱུང་བའི། །བཤེས་གཉེན་ཀུ་མུད་བརྩེ་བའི་ཟེའུ་འབྲུ་ཅན། །བློ་གསལ་སྐྱེ་བོར་རིག་པའི་འབྱུང་གནས་པས། །གཙུག་ལག་ཁང་འདི་མཁས་པའི་བསྟི་གནས་ཡིན། །ངོ་མཚར་ཆོས་སྒྲ་གཎྜིའི་སྒྲ་སྒྲོགས་ཤིང༌། །བློ་གསལ་སྐྱེ་བོ་རིགས་པའི་དགའ་སྟོན་ལ། །འདུལ་བའི་སྒོ་འཛིན་ཀུན་དགའ་ར་བ་འདི། །དྲི་མེད་ཆོས་སྒྲ་རྒྱུན་དུ་སྒྲོགས་པ་ཡིན། །ཡིད་ཀྱི་གཞི་ལ་བྱ་བ་ཐམས་ཅད་འབྱུང༌། །མ་རྨོངས་སྐྱེ་བོ་རིགས་པའི་ལོ་མ་ཅན། །རྣམ་དག་ལུང་གི་འབྲས་བུ་སྟོང་ལྡན་པ། །བློ་གསལ་ལྗོན་པའི་ཚལ་གྱིས་བརྒྱན་པ་ཡིན། །དེ་ལྟར་ཁོ་བོས་སྒྲ་དོན་རབ་བརྟགས་ནས། །ལེགས་པར་ཕྱེ་སྟེ་བསྒྱུར་བའི་དོན་འདི་ནི། །ཡོན་ཏན་སྒྲོགས་པའི་གཙུག་ལག་ཁང་ཆེན་ཞེས། །སྒྲ་ཡི་ཚུལ་གྱིས་དོན་འདི་རྟོགས་པར་བྱ། །གཅིག་ལས་དུ་མ་དུ་མ་གཅིག་འགྱུར་ཞིང༌། །དུ་མས་དུ་མ་གཅིག་ལས་གཅིག་གི་ཆ། །རྐྱེན་དང་ཕྲད་ན་གཞན་ཡང་གཞན་འགྱུར་པ། །ལུགས་འདི་གཞན་གྱིས་རྟོགས་ན་ངོ་མཚར་ཆེ། །གྲགས་པ་རྒྱལ་མཚན་གསུང་གི་མན་ངག་གི །རྗེས་སུ་འབྲངས་ཏེ་ཁོ་བོས་རབ་རྟོགས་པ། །གསང་སྔགས་འཛིན་པ་ཀུན་དགའི་མིང་ཅན་གྱིས། །ཡོན་ཏན་སྒྲོགས་པའི་ཚལ་ལ་བསྟོད་པ་ཡིན། །བ་གོ་ར་ཞེས་བྱ་བའི་སྒྲ་ལས་དྲངས་པའི་བསྟོད་པ། ཤཱཀྱའི་དགེ་བསྙེན་ཀུན་དགའ་རྒྱལ་མཚན་དཔལ་གྱིས། ལོ་ཉི་ཤུ་རྩ་གཉིས་ལོན་པའི་ཚེ་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply