༼ན༽
༄༅། །སྡུད་པ་སོགས་ཤེར་མདོ་འདོན་ཐབས་བཞུགས།།
༄༅། །རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་སྡུད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གདོན་པར་འདོད་ན། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། ཟབ་པ་དང་རྒྱ་ཆེ་བའི་མདོ་གདོན་པར་བྱའོ་སྙམ་དུ་ཡུན་རིང་དུ་བསམ་པར་བྱའོ། །དེ་ནས་གང་ཟག་དབང་པོ་རབ་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བརྗོད་དུ་མེད་པའི་རང་བཞིན་ཅན་གྱི་ངོ་བོར་བསམས་ལ། དེའི་ངང་ལས་མ་གཡོས་བཞིན་དུ་མདོ་གདོན་པར་བྱའོ། །དེ་ཡང་མདོ་ལས། གཟུགས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་གསུངས་པའི་དོན་ཡིན་ནོ། །གང་ཟག་དབང་པོ་འབྲིང་གིས་བརྗོད་པ་དང་བྲལ་བའི་དོན། དེ་ཡང་སྔོན་དུ་དྲན་པར་བྱས་ལ། མདོ་ཀློག་པ་ལ་སོགས་པའི་བྱ་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་ངང་ནས་བྱ་སྟེ། མདོ་ལས། གཟུགས་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་བྱ་བའི་བར་དུ་གསུངས་པའི་གདམས་ངག་ཡིན་ནོ། །གང་ཟག་དབང་པོ་ཐ་མས་སྔོན་དུ་བརྗོད་བྲལ་དང༌། རྨི་ལམ་སྒྱུ་མ་དྲན་པར་བྱས་ལ། ཚིག་ཏུ་འདོན་པའི་སྒྲ་ལ་སེམས་གཏད་དེ་མ་ཡེངས་པར་བྱས་ལ། མཐོང་ཐོས་ལ་སོགས་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡིན་སྙམ་དུ་ཤེས་པར་བྱས་ལ་འདོན་ནོ། །དེའང་གཟུགས་ནི་གཟུགས་ཀྱིས་སྟོང༌། སྒྲ་ནི་སྒྲས་སྟོང༌། ཞེས་པ་ལ་སོགས་པའི་གདམས་ངག་ཡིན་ནོ། །དེ་ལྟར་གང་ཡང་རུང་སྟེ། མདོ་ཐོན་ནས་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །སྡུད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་པའི་མན་ངག་ས་སྐྱ་པཎྜི་ཏས་མཛད་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply