ཆག་ལོའི་ཞུ་བ།

༼ན༽

༄༅། །ཆག་ལོའི་ཞུ་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། སྡོམ་པ་གསུམ་ལྡན་རིག་པའི་གནས་ལྔ་ཐུགས་སུ་ཆུད། །རྣམ་འབྱེད་བློ་ལྡན་འདོད་པའི་ལྷ་ཡིས་རྗེས་སུ་གཟུང༌། །མཁྱེན་བརྩེས་ཆོས་ལོག་ཚར་གཅོད་སྐལ་ལྡན་རྗེས་འཛིན་པ། །ས་སྐྱ་པ་ཞེས་ཡོངས་གྲགས་བླ་མ་རྒྱལ་གྱུར་ཅིག །དཔལ་ལྡན་མར་མེ་མཛད་དཔལ་ཡེ་ཤེས་སྲས། །སྒྲ་བསྒྱུར་ནག་ཚོ་ལ་སོགས་མཁས་བཙུན་གྱི། །གདན་ས་སྐྱེ་དགུའི་བདེ་གཞི་བསྟན་འཛིན་དག །འབྱུང་གནས་གཙུག་ལག་ཁང་ཆེན་ཡང་ཐོག་ནས། །ཐུབ་བསྟན་དམ་ཆོས་ཕྱིན་ཅི་མ་ལོག་པ། །གངས་རིའི་ཁྲོད་དུ་གཙོ་ཆེར་སྤེལ་བ་ཡི། །སྐྱེས་བུ་དམ་པས་བྱིན་རླབས་དགོན་གནས་མཆོག །ཡོངས་སུ་གྲགས་པའི་དཔལ་ལྡན་ས་སྐྱར་ནི། །ལུང་རིགས་རི་སུལ་བརྟེན་ནས་འཇིགས་མེད་པར། །དོན་ལྡན་སེང་གེའི་ང་རོས་ལོག་སྨྲ་བའི། །ཝ་ཚོགས་སྐྲག་མཛད་སྐལ་ལྡན་རང་རིགས་སྡུད། །རྩོད་དུས་མི་ཡི་སེང་གེའི་སྤྱན་སྔ་རུ། །ཤཱཀྱའི་དགེ་སློང་ཁྱོད་སོགས་དམ་པ་ཡི། །སྤྱན་ཟུར་ཕོག་ཅིང་ཐུབ་པའི་བསྟན་ལ་དད། །བྱང་ཆུབ་ཆེ་སོགས་ཁྱད་འཕགས་རྟེན་ཡང་མཐོང༌། །སྒྲ་བསྒྱུར་མིང་ཅན་ཆོས་རྗེས་ཞུ་ཕྲིན་འབུལ། །ཕྱག་འཚལ་སྐུ་ཁམས་བདེ་བའི་ཡི་གེ་ཡིས། །མཚོན་ཏེ་ཞུ་ལེགས་དེ་སླད་སྐབས་ཀྱི་དོན། །སངས་རྒྱས་བསྟན་པའི་བྱི་དོར་བསྟན་བཅོས་ཆེ། །སྡོམ་གསུམ་རབ་དབྱེ་མཛད་ཅེས་སྔོན་དུ་ཐོས། །ཉན་ཞིང་ལྟ་བར་འདོད་ཀྱང་ཡུལ་གྱིས་བསྐལ། །ཡུལ་འདིར་དྲིས་ཀྱང་དཔེ་ཐོགས་མེད་ཅེས་གྲགས། །སླད་ནས་དགེ་བཤེས་ཡེ་ཤེས་སེང་གེའི་དཔེ། །རྒྱལ་ཟླའི་མར་ངོའི་ཚེས་གཉིས་ཉིན་མོ་བླངས། །ཚེས་གསུམ་སྔ་དྲོ་བལྟས་པས་པོ་ཏི་ལ། །ཡིག་མཁན་སྐྱོན་ཆགས་རང་ཡང་གཡེང་བ་ཆེ། །བློ་ནུས་ཆུང་བས་མཐའ་དག་མ་རྟོགས་མོད། །གང་རྟོགས་ཕལ་ཆེར་དད་པའི་གནས་སུ་གོ །འོན་ཀྱང་མ་རྟོགས་ཐེ་ཚོམ་གང་མཆིས་པ། །ཅུང་ཟད་ཅིག་ཞུ་དེ་དག་ལུང་བསྟན་གསོལ། །ཆོས་དབྱིངས་བསྔོ་རྒྱུ་མིན་པ་མེད་མོད་ཀྱི། །དོན་དམ་དགེ་དང་མི་དགེ་ལུང་མ་བསྟན། །རིམ་བཞིན་དེ་བཞིན་ཉིད་དང་འཁོར་བ་ཀུན། །ནམ་མཁའ་སོ་སོར་བརྟགས་མིན་ཞེས་གསུང་བ། །ཉན་ཐོས་ཉིད་བཞེད་ཐུན་མོང་མིན་པ་ཅི། །དོན་དམ་དགེ་བ་དེ་བཞིན་ཉིད་དོ་ཞེས། །དགོངས་པ་ཅན་དུ་འཆད་པའི་དགོས་པ་གང༌། །ཆོས་དབྱིངས་དགེ་མེད་ཙམ་ལ་དགེ་བ་ཞེས། །འདོགས་རྒྱུ་དགེ་མེད་མི་དགེར་མི་མཚུངས་སམ། །ཟས་ཀྱིས་འགྲངས་པ་འདོད་ཆགས་བྲལ་བའི་དཔེ། །ཉེར་བསྟན་འདོད་ཆགས་བྲལ་བ་མཚན་ཉིད་ལ། །གཏན་ནས་འདོད་ཆགས་བྲལ་བའང་བཤད་པ་མེད། །དེ་བཞིན་ཆོས་དབྱིངས་དོན་དམ་དགེ་བ་དངོས། །བདེ་བསྐྱེད་སྦྱོར་འབྱུང་སོགས་སུ་བཤད་པའང་མེད། །ཐར་པ་དམ་པའི་དོན་དུ་དགེ་བ་ཞེས། །རྣམ་དག་ཡེ་ཤེས་སྤྱོད་ཡུལ་མ་ལགས་སམ། །ཆོས་དབྱིངས་མ་རྟོགས་ཆོས་གཞན་མེད་གསུངས་པ། །དོན་དམ་ཆོས་དབྱིངས་དབང་བྱས་མ་ལགས་སམ། །བསྟན་བཅོས་དགོངས་པ་ཅན་དང་ཐད་ཀའི་སྒྲ། །མིན་པར་འཆད་ན་འཕགས་པས་གསུངས་པ་ཡི། །བསྟན་བཅོས་སྦྱོར་བའི་རྒྱུ་དྲུག་མ་ཚང་པས། །འཕགས་པའི་རང་ཚིག་གོང་འོག་མི་འགལ་ལམ། །བསྔོ་བ་བྱེད་ཚེ་ཆུ་ཐིགས་སྦྲེང་བྱེད་པ། །སྔོན་ཚེ་གཙུག་ལག་ཁང་ཆེན་རྣམས་ནའང་ཡོད། །ལུང་ནས་གསུངས་ཞེས་སྨྲ་ཞིང་བལ་ཡུལ་ནའང༌། །དགེ་སྦྱོང་ཀུན་མཛད་རེ་ཞིག་དཔྱད་པར་རིགས། །མཁས་པ་འཇིགས་མེད་འབྱུང་གནས་སྦས་པ་ཡིས། །མཛད་པའི་ཆོ་གས་ཆོས་རྗེ་ཤཱཀྱ་དཔལ། །བཟང་པོས་སྐྱེ་བོ་ཀུན་ལ་སེམས་བསྐྱེད་མཛད། །དེ་ནི་བྱང་ས་དང་མཐུན་ཇི་ལྟར་ལགས། །དབུ་མའི་ལུགས་ཀྱི་སེམས་བསྐྱེད་འགྲོ་ཀུན་ལ། །ཆོ་གས་བསྐྱེད་ན་སྐྱེ་བ་མདོ་ལྔ་སོགས། །སློབ་དཔོན་གཉིས་ཀྱིས་བསྟན་བཅོས་ལས་གསུངས་ཀྱང༌། །དེ་འདྲའི་ཆོ་ག་དེ་གང་བསླབ་བྱ་གང༌། །སེམས་བསྐྱེད་ཐོབ་ནས་བསླབ་ལ་མ་བསླབས་ཀྱང༌། །རྒྱལ་བར་འགྱུར་ན་ཆོ་ག་སུས་ཐོབ་ལེགས། །འོན་ཏེ་རྒྱལ་སྲས་ཞི་བ་ལྷས་མཛད་པའི། །བསླབ་བཏུས་སྤྱོད་འཇུག་བཞིན་དུ་བསྲུང་འཚལ་ན། །ཆོ་ག་ཟློས་ནས་སྐྱེ་བོ་ཕལ་པོ་ཆེས། །བསླབ་པ་བསྲུང་བ་ལྟ་ཞོག་བསྲུང་མཚམས་ཀྱང༌། །ཤེས་པར་མི་ནུས་དེ་ལ་བཅའ་བ་ལས། །ཉམས་པའི་ཉེས་སོགས་འབྱུང་བར་མི་འགྱུར་རམ། །བརྒྱ་ལ་ཕག་མགོའི་དབང་བསྐུར་གསུང་སྲིད་ཀྱང༌། །རྗེས་གནང་ཡིན་གྱིས་དབང་བསྐུར་མིན་ཞེས་གསུང༌། །གལ་ཏེ་གསུངས་ན་དབང་དུ་བརྗོད་པ་ལ། །འགལ་བ་ཅི་མཆིས་རྡོ་རྗེ་དྲིལ་བུ་པས། །སྔགས་གཏད་པ་ལ་སྔགས་ཀྱི་དབང་དུ་བརྗོད། །དེས་ན་མ་གསུངས་བྱེད་ཉིད་མཚར་ཆེའམ། །གསང་སྔགས་གསར་རྙིང་གཉིས་ལ་བོད་ཀྱིས་ནི། །སྦྱར་བའི་རྒྱུད་སྡེ་མང་སྟེ་གང་དག་ལགས། །ཚིག་གི་སྡེབ་སྦྱོར་གང་རྣམས་མཁྱེན་པ་དང༌། །རྒྱན་དང་མངོན་བརྗོད་ཕལ་ཆེར་གོ་བ་དང༌། །སྡེབ་སྦྱོར་དང་ནི་རྒྱན་གྱི་བསྟན་བཅོས་དག །གང་དང་གང་ཞིག་གང་དང་གང་ལ་གསན། །གཞན་ཡང་གསང་སྔགས་རྒྱུད་སྡེ་བཞི་པོ་ལ། །ཉན་བཤད་ཡོད་པ་ཕལ་ཆེར་གསན་ཞེས་འབྱུང༌། །ཉན་བཤད་ཡོད་པའི་རྒྱུད་ཀྱང་དུ་ཞིག་མཆིས། །ཁྱད་པར་དཔལ་ལྡན་བརྟག་པ་གཉིས་པ་ལ། །མཁས་པའི་འགྲེལ་བ་རྣམ་བཤད་དུ་ཞིག་མཆིས། །མཚན་བརྗོད་བཤད་པ་ལུགས་དྲུག་གང་དག་ལགས། །དེ་རྣམས་རྣམ་དབྱེ་སྡོམ་གསུམ་རབ་དབྱེའི་དཔེ། །དག་པ་ཞིག་གི་བཀའ་དྲིན་ཅིག་ནང་ཞེས། །འཛེམ་དགོས་མེད་པར་སྤྱི་བརྟོལ་བསྐྱེད་པ་ལགས། །ཞུ་དོན་གཞན་ཡང་མཆིས་མོད་བཀྲ་ཤིས་གྲགས། །མར་ངོའི་ཚེས་ལྔའི་ཉིན་མོ་འགྲོ་ཟེར་ནས། །མར་ངོའི་ཚེས་བཞི་ཉིན་པར་འདི་དག་བྲིས། །ཁོ་བོས་གུས་པའི་བསམ་པས་ཞུས་པ་འདི། །ནོངས་ན་བཟོད་མཛོད་དགེ་བས་འགྲོ་བ་ཀུན། །དགེ་བཤེས་དམ་པ་བསྟེན་ནས་ཐབས་མཁས་བཅས། །ཤེས་རབ་གྲོལ་བའི་བླ་མས་བསྐྱེད་པར་ཤོག །ཆོས་རྗེ་ས་སྐྱ་པ་ལ། ཆག་ལོ་ཙཱ་བས་ཞུས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*