༼ན༽
༄༅། །བཀའ་གདམས་པ་ནམ་མཁའ་འབུམ་གྱི་ཞུས་ལན་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་ས་སྐྱ་པཎྜི་ཏས། དགེ་བའི་བཤེས་གཉེན་སྒྲུབ་པ་རྩེ་གཅིག་ཏུ་མཛད་ཅིང་ཐུགས་དགོངས་རྣམ་པར་དག་པ་དེའི་ཕྱག་ཏུ་སྤྲིང་བ། ཁྱེད་ཀྱིས་སྤྲིང་བའི་ཡི་གེ་དེ། ཡིག་རྟེན་གཡུ་དང་བཅས་པར་ཁོ་བོའི་སུག་པར་ལེགས་པར་ཕྱིན། དེ་ཐུགས་ལ་བཏགས། དྲི་བ་དང་པོ། ཁྱོད་ལ་མངོན་པར་རྟོགས་པའི་ཡོན་ཏན་ཅི་ཡོད་ཟེར་བ་ལ། བདག་སངས་རྒྱས་ཀྱི་བསྟན་པ་ལ་མོས་གུས་ཕྱིན་ཅི་མ་ལོག་པ་ཡོད། གསུང་རབ་ཀྱི་དོན་ལ་གོ་བ་ཅུང་ཟད་ཙམ་མཆིས། མངོན་པར་རྟོགས་པ་རྒྱུད་ལས་སྐྱེས་པ་ཙམ་ནི་ཆེན་པོ་མི་བདོག དྲི་བ་གཉིས་པ། ཧོར་འདི་ལ་ཁྱེད་ཀྱིས་བྱོན་པས་ཕན་པའི་རྒྱུ་མཚན་བདོག་གམ་ཟེར་བ་ལ། ཧོར་འདི་ངེད་ལ་ཅིས་ཀྱང་མཆོད་གནས་ལ་ཤོག མི་འོང་ན་དམག་འོང་ངོ་ཟེར་བས། དམག་བྱུང་ན་བོད་ལ་གནོད་ཀྱིས་དགོས་ནས་འགྲོ་བ་ལགས། སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་མ་གཏོགས་པ་ཕན་ངེས་པའི་རྒྱུ་མཚན་མ་མཆིས། ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་བ་ལ་མི་ཕོད་རྒྱུ་མི་བདོག་པ་ཙམ་ཤེས་པར་གདའ། དྲི་བ་གསུམ་པ། ཧོར་བྱུང་བའི་ཚེ། མཚམས་ལས་མ་འཐོན་ན་བག་མེད་ཀྱི་སྤྱོད་པར་འགྱུར་རམ་ཟེར་བ་ལ། ཁྱེད་སྒྲུབ་པ་མཛད་པ་རྗེས་སུ་ཡི་རང༌། བོད་སྤྱིའི་ངོ་བལྟ་བཙན་ས་ཅིག་བྱུང་ན་དབེན་པར་བཞུགས་པ་འཐད། དེ་མ་བྱུང་ན་བཙན་ས་གཞན་ཞིག་ཏུ་བྱོན་ནས་སྒྲུབ་པ་བགྱིས་པ་འཐད་དམ་སེམས། དྲི་བ་བཞི་པ། ངེས་འབྱེད་ལ་སོགས་པའི་ཡོན་ཏན་མ་སྐྱེས་པར་ལུས་ལ་ཤིག་མི་འོང་བ་ལ་སྐྱོན་ཡོན་ཅི་བདོག་ཟེར་བ་ལ། ལུས་ལ་ཤིག་མི་འོང་བ་ཁྱེད་སྒྲུབ་པ་ལ་བརྩོན་པ་དང༌། བླ་མ་བཟང་བས་ངེས་འབྱེད་ཀྱི་རྟགས་ཡིན་པ་ཡང་མ་བཀག དེ་རང་གིས་མི་ཤེས་པ་ཡིན། གང་ལྟར་ན་ཡང་སྡིག་པ་དག་པའི་རྟགས་ཡིན་པ་ལ་ཐེ་ཚོམ་མེད། འོན་ཀྱང་དགའ་མི་དགའ་འདུ་ཤེས་གང་ཡང་མི་བྱ། ཐམས་ཅད་འཁྲུལ་པར་ཤེས་པར་བྱ། བསྒོམ་སྐྱོན་ཐམས་ཅད་དེས་སེལ་བ་ཡིན། དྲི་བ་ལྔ་པ། དབང་མ་ཐོབ་པར་རབ་གནས་བྱར་རུང་ངམ་ཟེར་བ་ལ། བུམ་པ་འཆའ་བ་དང་དཀྱིལ་འཁོར་བཞེངས་པའི་རབ་གནས་ལ་དབང་བསྐུར་ཡང༌། གསང་བ་སློབ་དཔོན་གྱི་དབང་ཅིས་ཀྱང་ཐོབ་འཚལ། བུམ་པ་མི་འཆའ་ན་གསོལ་བ་འདེབས་པའམ། རྒྱལ་པོའི་མངའ་དབུལ་ལྟ་བུ་ཙམ་ལ་རབ་གནས་སུ་མིང་བཏགས་པ་རྒྱ་གར་ན་ཡང་བདོག་པས་བགྱིས་པས་མཆི། སྤྱིར་ཏིང་ངེ་འཛིན་དགོས། དྲི་བ་དྲུག་པ། གསོན་པོའི་བུམ་པ་འཆའ་བ་གང་ནས་བཤད་ཟེར་བ་ལ། གསོན་པོའི་བུམ་པ་རྒྱུད་དང་མི་མཐུན། སྒྲིབ་པ་སྦྱོང་བ་ཙམ་ཡིན་ན་མི་འགལ། གཞན་དུ་ན་གསོན་པོའི་རྣམ་ཤེས་ལ་དགུག་ཐབས་མེད། དྲི་བ་བདུན་པ། སློབ་དཔོན་ཟླ་གྲགས་སློབ་དཔོན་ཀླུ་སྒྲུབ་ལ་སླེབས་སམ་ཟེར་བ་ལ། སློབ་དཔོན་ཟླ་བ་གྲགས་པ། འཕགས་པ་ཀླུ་སྒྲུབ་ཉིད་ཀྱི་བརྒྱུད་པ་འཛིན་པ་ལགས། དགོངས་པ་བསྐང་བའི་སློབ་མ་ཡིན་པས་ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཞེས་གསུངས་པ་ཡིན། དྲི་བ་བརྒྱད་པ། ད་བསྟན་པ་ཅི་ཙམ་ཞིག་གནས་ཟེར་བ་ལ། བསྟན་པའི་བབས་ལ་ལྷག་པ་ཤེས་རབ་སོང་ནས། ལྷག་པ་ཏིང་ངེ་འཛིན་གྱི་མཇུག ཚུལ་ཁྲིམས་ཀྱི་མགོ་ཟིན་ཙམ་དུ་མངོན་པར་གདའ། མདོ་ལ་ལའི་ལུགས་ཀྱིས་རྟགས་ཙམ་འཛིན་པ་ལ་ཐུག་པར་མངོན། ལར་ད་ཡུན་རིང་པོ་མི་བདོག དེའི་མཇུག་ཅི་ཙམ་གནས་པའི་ལོན་ཉེ་གནས་འདི་ལ་བསྐུར་ནས་བདོག དྲི་བ་དགུ་པ། རྒྱུད་སྡེ་བཞིའི་སྐྱེད་ཆོག་གི་ཁྱེད་ཅི་ལྟར་ཡིན་ཟེར་བ་ལ། གསང་སྔགས་སྤྱིའི་སྒྲུབ་ལུགས་ལ། བྱ་བའི་རྒྱུད་དོན་ཞགས་ལ་སོགས་པའི་ལུགས་ཀྱིས་བྲིས་སྐུ་ལྷར་བསྐྱེད་ནས། རང་ཐ་མལ་གྱི་གཙང་སྦྲ་དང༌། དཀའ་ཐུབ་ཀྱིས་བྲིས་སྐུ་དེ་རྗེ་དཔོན་ལྟ་བུ་ལས་བདག་བྲན་ལྟ་བུས་དངོས་གྲུབ་ལེན་པ་ལགས། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྤྱོད་པའི་རྒྱུད་ཀྱི་ལུགས་ཀྱིས། བདག་ཀྱང་ལྷར་བསྐྱེད། བྲིས་སྐུ་ཡང་ལྷར་བསྐྱེད་ནས་གྲོགས་པོ་ལྟ་བུ་ལས་དངོས་གྲུབ་ལེན་པ་ལགས། དེ་ཉིད་བསྡུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ཀྱིས། གཙོར་རང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བསྒོམས་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས། དངོས་གྲུབ་བླངས་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཏེ། བྲིས་སྐུ་ལ་ཕྱིའི་དམིགས་པའི་རྟེན་ཙམ་དུ་བྱེད་པ་ལགས། དགེས་རྡོར་རམ། བདེ་མཆོག་གམ། གསང་འདུས་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལུགས་ཀྱིས་རང་ལྷར་བསྐྱེད་ནས། ཡེ་ཤེས་སེམས་དཔའ་གཤེགས་སུ་མི་གསོལ་བར། སྣང་བ་ཐམས་ཅད་ལྷར་ཤེས་པར་བྱས་ནས་བསྒྲུབ་པ་ལགས། དོན་ཞགས་ལ་སོགས་པའི་རྒྱུད་ལ་བརྟེན་ནས་བདག་ལྷར་བསྐྱེད་པ་བཤད་པ་དེ་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་སུ་བགྱིས་པར་གདའ། དེའི་ལུགས་ལ་སྨྱུང་གནས་མི་བྱེད་པར་སྔ་དྲོ་ཡན་ཆད་དཀར་གསུམ་ལ་སོགས་པ་ཟ་ཞིང་བྱེད་པ་ལགས། དྲི་བ་བཅུ་པ། བསྒོམ་པ་ལ་སེམས་ལ་གོལ་ས་དུ་ཡོད་ཟེར་བ་ལ། བསྒོམ་པ་ལ་སྤྱིར་ཐོས་པ་ཆེ་ན་གོལ་ས་ཆུང༌། ཐོས་པ་ཆུང་ན་གོལ་ས་ཆེ། བྱེ་བྲག་སེམས་བག་ཆགས་ཀྱི་རྗེས་སུ་འབྲང་ན་བྱིས་པ་མ་རབས་སུ་གོལ། སེམས་ལོག་པར་བལྟས་ན་མུ་སྟེགས་སུ་གོལ། སེམས་འགོག་པ་ཉན་ཐོས་སུ་གོལ། སེམས་གསལ་བ་སེམས་ཙམ་དུ་གོལ། སེམས་ཡན་བར་བཏང་ན་ཕྱལ་བར་གོལ། སེམས་སྟོང་པར་བལྟས་ན་ཆད་པར་གོལ། སེམས་ཐེར་ཟུག་ཏུ་བལྟས་ན་རྟག་པར་གོལ། དེ་བས་ན་གང་ལ་ཡང་མི་གནས་པར་བྱ། མི་གནས་པ་ལ་མཚན་མ་མི་སྐྱེ། མཚན་མ་མ་སྐྱེས་ན་ལས་ལེགས་ཉེས་ཀྱི་འབྲས་བུ་མི་འབྱིན། ལས་ལེགས་ཉེས་ཀྱི་འབྲས་བུ་མ་ཕྱུང་ན་ཁམས་གསུམ་དུ་སྐྱེ་བ་མི་ཡིན། ཁམས་གསུམ་དུ་སྐྱེ་བ་མ་བླངས་ན་འཁོར་བའི་སྡུག་བསྔལ་མི་མྱོང༌། དེ་ལ་བྱང་ཆུབ་ཅེས་མིང་བཏགས་པ་ཡིན། དྲི་བ་བཅུ་གཅིག་པ། སེམས་ཀྱི་ངོ་ཇི་ལྟར་སྤྲོད་ཟེར་བ་ལ། ཁོ་བོའི་ལུགས་ཀྱིས་སེམས་ལ་ངོ་བོ་མེད་པས་སྤྲད་རྒྱུ་མི་བདོག དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་མིང་དུ་བཏགས་པ་ཡིན། དྲི་བ་བཅུ་གཉིས་པ། སེམས་ཀྱི་སྐྱེ་འཆིའི་ལུགས་ཇི་ལྟར་ཡིན་ཟེར་བ་ལ། དོན་དམ་པར་སེམས་ལ་སྐྱེ་འཆི་མེད། ཐ་སྙད་ཀུན་རྫོབ་སྐྱེ་འགག་ཏུ་སྣང་བ་འདི་ཐམས་ཅད་འཁྲུལ་བར་འོང་བ་ལགས། དྲི་བ་བཅུ་གསུམ་པ། འབྲི་སྟག་ལ་སོགས་པ་ཕྱག་རྒྱ་པའི་ཆོས་འདི་ནོར་རམ་མ་ནོར་ཟེར་བ་ལ། འབྲི་སྟག་དང་ཕྱག་རྒྱ་པའི་ཆོས་ལུགས་འདི་རྒྱུད་སྡེ་དང་སྡེ་སྣོད་དང་མཐུན་མི་མཐུན་ཅི་རིགས་པར་གདའ། འདི་ཡང་དག་པའི་ལམ་དུ་འགྱུར་མི་འགྱུར་ཁྱེད་རང་གིས་ལེགས་པར་དཔྱོད། དྲི་བ་བཅུ་བཞི་པ། བསླབ་བྱའི་གདམས་ངག་ཅིག་གནང་བར་ཞུ་ཟེར་བ་ལ། སྤྱིར་འདུལ་བ་སྤྱིའི་དམ་ཚིག ཕ་རོལ་ཏུ་ཕྱིན་པ་བྱེ་བྲག་གི་དམ་ཚིག གསང་སྔགས་ཁྱད་པར་གྱི་དམ་ཚིག་བགྱི་པ་ཡིན་པས། འོ་སྐོལ་ཆོས་པ་རྣམས་ཀྱི་སྤྱོད་པ་འདུལ་བ་དང་མཐུན། བསྒོམ་པ་མདོ་སྡེ་དང་མཐུན། བཤད་པ་མངོན་པ་དང་མཐུན། གསང་སྔགས་བྱེད་ན་རྒྱུད་སྡེ་དང་མཐུན་པ་ཅིག་དགོས། དེ་ཚོ་དང་མི་མཐུན་པའི་ཆོས་པ་བཟང་ཟེར་བ་བྱུང་ཡང་ཅིར་འགྲོ་མི་ཤེས་པར་གདའ། དེ་ཚོ་དང་མཐུན་ན་སངས་རྒྱས་ཀྱི་བསྟན་པ་ཕྱིན་ཅི་མ་ལོག་པ་ཡིན་ནམ་སེམས། འདི་རྣམས་ཀྱི་རྣམ་གཞག་ཁོ་བོས་བགྱིས་པའི་བསྟན་བཅོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལ་སོགས་པ་རྣམས་ན་ཅུང་ཟད་གསལ་བར་བདོག་པས་དེ་དག་ཏུ་གཟིགས་པར་ཞུ། བླ་མ་འོད་འཇོ་བ་ཆེན་པོ་དེའི་བརྒྱུད་པ། རྣམ་ཐར་མཛད་སྤྱོད་ལ་སོགས་པ་ཁོ་བོས་ཀྱང་ལེགས་པར་ཁུམས། སྐྱོན་དང་བྲལ་བའི་དགེ་བའི་བཤེས་གཉེན་དུ་སྣང༌། ངེད་ཀྱང་དབུས་ཀྱི་དགེ་བའི་བཤེས་གཉེན་ནམ་བཀའ་སྲོལ་ཅིག་ལ་ཁྱེད་ཀྱི་བླ་མའམ། བརྒྱུད་པ་འདི་ལ་དད། གཞན་ཕལ་ཆེར་བསྲ་བསྲེར་སྣང༌། ཁྱེད་ཀྱང་དེ་ལྟ་བུ་ལ་སློབ་ཅིང་བསྒྲུབ་པ་མཛད་པ་ལ་ཤིན་ཏུ་སྨོན། ངེད་ཀྱང་ཁྱེད་ལྟ་བུ་དང་མཇལ་བར་མོས་པ་ལགས་ཏེ་གསེར་ཡིག་པ་འདི་རྣམས་ཀྱིས་བདས་ནས་གཞན་དབང་དུ་ཐལ་བས་མ་ཐོན་པ་ལགས་པས། ཐུགས་ཀྱིས་མི་བས་པར་གཟུང་བར་ཞུ། ཁྱེད་ལ་ན་བཟའ་གཅིག་འབུལ་བའི་ཤ་ཆགས་པ་ལ། ང་ཅག་གི་གཞིས་མ་ཐམས་ཅད་ཕར་ཁར་ཐལ་འགྲོན་ལམ་ལྟ་བུ་ལགས་པས་རྔོ་མ་ཐོགས། ཡི་གེ་མི་འཁྱར་བའི་རྟེན་དུ་དར་འདི་འབུལ་བས་ཕྱག་ཏུ་བཞེས་པར་ཞུ། ཆོས་ཀྱི་སྐུ་གཅིག་ཏུ་མ་གྱུར་གྱི་བར་དུ་ཐུགས་རྒྱུད་གང་མཐོ་མཐོས་འཛིན་པ་ལགས། ཁྱེད་ཀྱི་ཡི་གེ་འདི་མཐོང་བས་ནན་ཏར་ཤེས་པ་དགའ་བར་བྱུང༌། རྗེས་སུ་ཡི་རང༌། ཤིན་ཏུ་བཀྲ་ཤིས་པར་སྨོན། དྲིས་ལན་རྗེས་འབྲེལ་བདེ་བླག་རྟོགས་བགྱིའི་ཕྱིར། །མཚམས་སྦྱོར་འགའ་ཞིག་འཕགས་པས་བྲིས་ལགས་པའི། །ནོངས་པ་མཆིས་གང་ཐུགས་རྗེ་ཆེ་བཟོད་མཛོད། །དགེ་བས་ཆོས་དོན་འགྲོ་བས་རྟོགས་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply