སྟོན་པ་བློ་གྲོས་རབ་གསལ་གྱི་དྲིས་ལན།

༼ན༽

༄༅། །སྟོན་པ་བློ་གྲོས་རབ་གསལ་གྱི་དྲིན་ལན་བཞུགས།།

༄༅། །སྟོན་པ་བློ་གྲོས་རབ་གསལ་གྱི། །དྲི་བ་འབྲིང་དང་རྟེན་བཅས་པ། །བདག་གི་སུག་པར་འཕྲོད་གྱུར་པས། །དེ་ལ་དགའ་བ་རབ་ཏུ་འཕེལ། །ཁྱེད་ཀྱི་དྲི་བ་དང་པོ་རིག་གཏེར་ལས། །གང་ཡོད་དེ་འཇིག་བུམ་པ་བཞིན། །སྒྲ་ཡང་ཡོད་ཅེས་རང་བཞིན་བཏགས། །ཞེས་གསུངས་པ་དང༌། སྡོམ་གསུམ་རབ་དབྱེ་ལས། ཆོས་དབྱིངས་ཡོད་པའང་མ་ཡིན་ཏེ། །ཡོད་ཙམ་མི་རྟག་གིས་ཁྱབ་པར། །ཆོས་ཀྱི་གྲགས་པས་གསལ་བར་གསུངས། །ཞེས་གསུངས་པའི་དོན་སྒྲ་ཇི་བཞིན་པ་ལགས་སམ་ཞེས་པ་ནི། དཔལ་ཆོས་ཀྱི་གྲགས་པས་རྟོག་གེ་བའི་སྐབས་སུ། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་སྟེ། །གཞན་ནི་ཀུན་རྫོབ་ཡོད་པ་ཡིན། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་དོན་བྱེད་ནུས་པ་ལ་དོན་དམ་དུ་ཡོད་པ་དང༌། དོན་བྱེད་མི་ནུས་པ་ཀུན་རྫོབ་ཏུ་ཡོད་པའི་རྣམ་གཞག་མཛད། ཡང༌། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་སྒྲ་འཇིག་པར་བསྒྲུབ་པ་ལ། འབྲས་བུ་རྟགས་སུ་བཀོད་པ་དང༌། དོན་གྱི་ཡོད་པ་ཉིད་རྟགས་ས་འགོད་པར་མཛད། དེ་ཕྱིར་དངོས་པོ་མེད་རྟེན་ཅན། །ཕྱི་རོལ་རྟེན་ནི་སྒྲ་དོན་ལ། །རྟེན་ནས་འདིར་ནི་བསྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །དེ་ཡང་སྒྲ་འཇུག་པ་ཉིད་ལས། །ཡོད་ཅེས་ཐ་སྙད་བསྟན་པར་འདོད། །ཅེས་དང༌། དེ་ཉིད་མེད་པ་མ་ཡིན་སྒྲ་དོན་ཕྱིར། །ཞེས་སྒྲ་དོན་ལ་ཡོད་པའི་ཐ་སྙད་མཛད་པ་དང༌། ཡང༌། ངེད་ལ་དམིགས་རུང་རྣམས་ཀྱིས་ནི། །ཡོད་པ་དམིགས་པ་ལས་གཞན་མིན། །ཞེས་ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་དུ་གསུངས། དེ་དག་གི་དོན་ཡང་འདི་ཡིན་ཏེ། །འདིར་ནི་ཡོད་པ་རྣམས་གཉིས་ཏེ། །དོན་དང་ཐ་སྙད་དག་གིས་སོ། །དོན་གྱི་ཡོད་པས་བྱ་བ་བྱེད། །ཐ་སྙད་ཡོད་པས་དགག་བསྒྲུབ་རྟེན། །ཞེས་པའོ། །དྲི་བ་གཉིས་པ་ཆོས་ཀྱི་དབྱིངས་ཤེས་བྱ་མ་ཡིན་ལགས་སམ། ཞེས་པའི་ལན་ནི། རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་པ་དང༌། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པའི་དོན་ཆོས་དབྱིངས་རང་ངོས་ནས་ཤེས་བརྗོད་ཀྱི་ཡུལ་ལས་འདས་མོད། གཞན་སེལ་གྱི་སྒོ་ནས་ཤེས་བྱར་ཐ་སྙད་མཛད་དེ། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་པར་འདོད་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་དང༌། དབུས་མཐའ་ལས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གཞན་མིན་མིན་ཅི་ལོག་མ་ཡིན། དེ་འགག་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་གསུངས་པ་དང༌། ཆོས་མངོན་པའི་མཛོད་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་གྱིས། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་འདི་ཡིན་ཏེ། དོན་དམ་མཐའ་བཞི་སྤྲོས་པ་བྲལ། །ཀུན་རྫོབ་ཡོད་མེད་ལ་སོགས་པའི། །གཞན་སེལ་ཕན་ཚུན་དངོས་འགལ་གཅོད། །ཡོད་པ་མིན་ལ་མེད་པར་གསུངས། །ཞེས་པའོ། །དེའང་རྣམ་འགྲེལ་ལས། བསྒྲུབ་དང་དགག་པ་མ་གཏོགས་པ། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་དེ་ཕྱིར་མེད་པ་ལ། །མེད་ཕྱིར་འདིར་ནི་མི་སྨྲ་ཐོབ། །ཅེས་གསུངས་སོ། །དྲི་བ་གསུམ་པ་འགོག་བདེན་མ་བྱས་པའི་དགེ་བ་ལགས་སམ་ཞེས་པ་ནི། འགོག་བདེན་མ་བྱས་པ་ཡིན་མོད། དགེ་བ་མཚན་ཉིད་པར་མི་བཞེད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་རྩ་ཤེས་ལས། ཅི་སྟེ་ལས་རྣམས་མ་བྱས་ན། །མ་བྱས་པ་དང་འཕྲད་འཇིག་འགྱུར། །ཚངས་སྤྱོད་གནས་པ་མ་ཡིན་པ། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །ཐ་སྙད་ཐམས་ཅད་ཉིད་དང་ཡང༌། །འགལ་བར་འགྱུར་ན་ཐེ་ཙོམ་མེད། །བསོད་ནམས་དང་ནི་སྡིག་བྱེད་པའི། །རྣམ་པར་དབྱེ་བའང་འཐད་མི་འགྱུར། །གལ་ཏེ་དེ་ནི་རྣམ་སྨིན་ན། །ཡང་དང་ཡང་དུ་རྣམ་སྨིན་འགྱུར། །ཞེས་མ་བྱས་པའི་དགེ་སྡིག་མཚན་ཉིད་པ་ཡོད་པ་བཀག་པར་ཤེས་པར་བྱའོ། །བློ་གྲོས་ལྡན་པའི་བློ་གྲོས་ཀྱི། །ཚུལ་བཞིན་དྲིས་པའི་དྲི་བ་ཀུན། །ཀུན་དགའི་མིང་གི་ཀུན་མཁྱེན་ལྟར། །ལེགས་པར་ཕྱེ་ལ་ལེགས་པར་གཟིགས། །མདོ་སྨད་ཀྱི་སྟོན་པ་བློ་གྲོས་རབ་གསལ་གྱི་དྲིས་ལན་བི་ཇི་རིན་ཆེན་གྲགས་ཀྱིས་གླིང་ཁར་བྲིས་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*