བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས།

༼ན༽

༄༅། །བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདེ་མཆོག་འཁོར་ལོ་ལྷན་ཅིག་སྐྱེས་པའི་རང་བྱིན་བརླབ་ཀྱི་རིམ་པ་ལ་དོན་གཉིས་ཏེ། དང་པོ་བྱིན་རླབས་ཀྱི་སྒོ་དབྱེ་བ་དང༌། དེའི་རྒྱུན་ཉམས་སུ་བླང་བའོ། །དང་པོ་ལ་གསུམ་སྟེ། སྔོན་དུ་འགྲོ་བ་དང༌། སྒྲ་དོན་བཤད་དེ་ངེས་ཤེས་བསྐྱེད་པ་དང༌། དངོས་སོ། །དང་པོ་ནི། ཚེས་བཅུའི་མཆོད་པའི་ཕྱག་ལེན་བཞིན་ནམ། མི་ནུས་ན་ལྷན་སྐྱེས་ཀྱི་བསྒོམ་བཟླས་ཚར་ནས་ཚོགས་གཏོར་བྱིན་གྱིས་བརླབས་ནས། ལྷག་མ་ཡན་ཆད་ཚར་ནས། འདས་པའི་གཏོར་མ་བཞུགས་སོ། །གཉིས་པ་ནི། བདེ་མཆོག་འཁོར་ལོ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་མཚོན་བྱེད་དང༌། མཚོན་བྱ་གཉིས་ཀྱི་སྒྲ་དོན་བཤད་དོ། །གསུམ་པ་སྒྲ་དོན་དངོས་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླ་ལ་བླ་མ་དང་བདེ་མཆོག་ཐ་མི་དད་པ་ལ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་དུ་བལྟ། དེ་ནས་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་སྟེ། བླ་མའི་རྗེས་སུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །དཔའ་བོ་ཆེན་པོ་དགོངས་སུ་གསོལ། །ལུས་ཀྱི་དྲི་མ་སྦྱང་བ་དང༌། །དེ་ཉིད་བདེ་མཆོག་བདག་ལ་སྩོལ། །ཞེས་ལན་གསུམ་བརྗོད་དོ། །དེའི་དོན་བླ་མས་བཤད་དོ། །དེ་ནས་བླ་མའི་དཔྲལ་བར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ་དེ་རང་གི་དཔྲལ་བ་ནས་སེམས་ཅན་གྱི་ལུས་ཀྱི་ངོ་བོ་ཉིད་ཨོཾ་ལ་ཐིམ་པས། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ཨོཾ་བདེ་བ་ཆེན་པོའི་རྒྱུན་དུ་གྱུར་ཏེ། མགྲིན་པ་ཡན་ཆད་གང༌། བདེ་ལྷན་གྱིས་གྱུར་ཏེ་ལུས་སྣང་སྟོང་གི་ཡེ་ཤེས་སུ་ངོ་སྤྲད་ལ་བསྒོམ། དངོས་སུ་བླ་མས་བུམ་ཆུ་སྤྱི་བོར་བླུགས། ཀུ་ཤ་དཔྲལ་བར་གཞག་གོ །བུམ་དབང་ངོ༌། །ཡང༌། སངས་རྒྱས་ཀུན་གྱི་རང་བཞིན་གསུང༌། །ལ་སོགས་པ་གསུམ་འགྲེ། ལན་གསུམ། དེ་ནས་ཨཱཿ སངས་རྒྱས་དང་སེམས་ཅན་གྱི་གསུང་དང་ངག་ཏུ་དྲན་པར་བྱས་ལ། ཨཱཿལ་ཨཱཿཐིམ་པས། གསང་དབང་ཐོབ། ངག་གི་དྲི་མ་དག སྙིང་ག་ཡན་ཆད་གང༌། གསལ་སྟོང་གི་ཡེ་ཤེས་སུ་ངོ་སྤྲད་ལ་དར་ཅིག་བསྒོམ། དངོས་སུ་བླ་མས། གཡོན་པའི་ཁྱོར་བར་ཆུ་བླུགས། ཀུ་ཤ་མགྲིན་པར་གཞག གསང་དབང་ངོ༌། །ཡང༌། སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། ལ་སོགས་ལན་གསུམ། དེ་ནས་ཧཱུྃ་གཉིས་སངས་རྒྱས་དང་སེམས་ཅན་གྱི་ཐུགས་དང་སེམས་སུ་ཤེས་པར་བྱས་ལ། ཧཱུྃ་ལ་ཧཱུྃ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ལྟེ་བ་ཡན་ཆད་གང༌། བདེ་སྟོང་གི་ངོ་སྤྲད་ལ་དར་ཅིག་བསྒོམ། ཀུ་ཤ་སྙིང་གར་གཞག གསུམ་པའོ། །སངས་རྒྱས་སྐུ་གསུང་ཐུགས་རང་བཞིན། །སོགས་གསུམ་གྱིས་འབྲུ་གསུམ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡི་གེ་དང༌། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དུ་ཤེས་པར་བྱས་ལ། གསུམ་གསུམ་ལ་ཐིམ་པས། བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག ལུས་ཐམས་ཅད་བདེ་བས་གང༌། ཕྱག་རྒྱ་ཆེན་པོར་ངོ་སྤྲད་ལ་དར་ཅིག་བསྒོམ། སྤྲོས་པ་ལ་དགའ་ན་དབང་ཆུ་བཞིན་ཞིབ་པར་བཤད་དོ། །གཉིས་པ་དེའི་རྒྱུན་ཉམས་སུ་བླང་བ་ནི། ལྷན་སྐྱེས་མངོན་རྟོགས་སྐད་ཅིག་གིས་མདུན་དུ་བསྐྱེད་ལ། དེ་དང་བླ་མ་ཐ་མི་དད་ལ་དབང་སྔར་བཞིན་བླང༌། དེ་ནས་རང་ལྷན་སྐྱེས་སུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་འཕྲོས། སྣོད་བཅུད་ཐམས་ཅད་བདེ་མཆོག་ཏུ་བྱས་ལ། དེ་ཐམས་ཅད་ཀྱང་རྣམ་པ་གསལ་བ། ངོ་བོ་བདེ་བ། རང་བཞིན་སྟོང་པ་སྟེ་ཉམས་སུ་མྱོང་བ་གསལ་བའི་ཆ་ཡང་མ་འགགས་ལ། རང་བཞིན་སྟོང་པའི་ངང་ལས་མ་གཡོས་པར་བསྒོམ། རབ་ཀྱིའོ། །ཡང་ན་སྣོད་བཅུད་ལྷར་བྱས་པ་ཡན་ཆད་འདྲ་ལ། དེ་ནས་སྣོད་བཅུད་ཡུམ་ལ་བསྡུ། དེ་ཡབ། ཟླ་བ། དེ་ཧ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་ཡང་རིམ་གྱིས་ཐིམ་ནས་རྡོ་རྗེ་སེམས་དཔའི་འོད་གསལ་བསམ་གྱིས་མི་ཁྱབ་པའི་ངང་ལ་ཁྲི་ལེ་གཞག་གོ །རིལ་འཛིན་རྗེས་གཞིག་གཉིས་ཐུན་རེ་བསྒོམས་ཏེ། འབྲིང་གིའོ། །ཐ་མས་རིལ་འཛིན་རྗེས་གཞིག་གཉིས་ཀ་ཐུན་རེས་འཇོག་ཏུ་བསྒོམ། རྫོགས་སོ།།  ལྷན་སྐྱེས་ཀྱི་བྱིན་གྱིས་བརླབ་པའི་ལག་ལེན་ཐོ་རེ་ཙམ་བསྒྲིབས་པ་འདི། རས་པ་ཤེས་རབ་འོད་སྔགས་ལ་ཆེར་དད་ཀྱང་བློའི་མཐུ་ཆུང་བས་ཉུང་ལ་ཚང་བ་ཅིག་ཞུ་ཟེར་ནས། གཡས་རུ་ཤངས་ཀྱི་ལུ་གུ་སྡོང་དུ་ས་སྐྱ་པཎྜི་ཏས་སྦྱར་བའོ། །བདེ་མཆོག་གི་དབང་མ་ཐོབ་པ་ལ་མི་གནང་བར་གདའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*