༼ན༽
༄༅། །རླུང་གི་རྟེན་འབྲེལ་བརྟག་པ་བཞུགས།།
༄༅། །བླ་མ་དམ་པའི་ཞབས་པད་ལ་བཏུད་དེ། །རླུང་གི་རྟེན་འབྲེལ་འདིར་བྲི་བྱ། །དེ་ཡང་རང་ལ་བརྩི་བ་དང༌། གཞན་ལ་བརྩི་བའོ། །དང་པོ་ནི་རང་གི་བྱ་བ་གང་བྱེད་ཀྱང་རླུང་གཡོན་དུ་རྒྱུ་བ་དང་བསྟུན། བྱ་བ་དེ་དུས་དེང་ནས་བསྒྲུབ་རུང་དེ་རིང་བསྒྲུབ་རུང་གང་ལ་དམིགས་པ་དེ་འགྲུབ་ངེས་སོ། །གཡས་ནས་རྒྱུ་བ་དང་བསྟུན་ན་བྱ་བ་བསྒྲུབས་ཀྱང་མི་འགྲུབ་ལ། འགྲུབ་པ་དེ་ཡང་བར་ཆད་འབྱུང་བས་དེ་སྤང་བར་བྱའོ། །ཕྱིར་གཡས་ནས་རིང་ཡང་དགུ་བརྒྱ་ལས་མི་རྒྱུའོ། །ཐུང་ན་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཕྲག་གཉིས་རྒྱུ་ལ། དེ་བས་ཐུང་ཡང་ཉེས་པ་མེད་དེ། དགུ་བརྒྱ་ལས་ལྷག་པ་རྒྱུ་ན་འཆི་ལྟས་ཡིན་པའོ། །ནང་གི་འཆི་ལྟས་ཡིན་པས་འཆི་ལྟས་འདི། འཆི་བླུས་མི་བླུས་པས་རླུང་གིས་བླུ་དགོས། དེ་ཡང་སྣ་སྒོ་གཡོན་དུ་སྤོ་བར་བྱ་སྟེ། ནུ་མ་གཅུད་པའི་མན་ངག་ཏུ་བསྟན་པ་བཞིན་ནོ། །གཡོན་ནས་ཇི་ལྟར་རིང་དུ་དགུ་བརྒྱ་ལས་ལྷག་ཀྱང༌། རྒྱས་ལས་དགའ། སྐྱོན་པ་མིན་ནོ། །ལམ་དུ་འཇུག་པ་ལ་རླུང་གཡོན་དང་མ་འགྲིག་ན། བསྡད་ནས་བསྒྲིགས་པས་མི་ཕན་སྟེ། དུས་ནམ་འགྲིག་རང་རྟེན་འབྲེལ་ཡིན་ནོ། །གཉིས་པ་གཞན་ལ་བརྩི་བ་ནི། གཞན་དྲུང་ན་ཡོད་པའི་དུས་སུ་ཁྱོད་རང་ངའི་ཕྱོགས་གང་རུང་ཅིག་ནས་འགྲུབ་བམ། འོང་ངམ། ཡིན་ནམ། མི་འཆིའམ། བྱ་བ་ལ་སོགས་པ་རྐྱང་པ་འདྲིར་གཞུག་གི ཕྱོགས་གཉིས་ཀ་ནས་སྨོས་པའི་ཚིག་འགྲུབ་བམ། མི་འགྲུབ། འཆིའམ། མི་འཆི་ཞེས་བྱ་བ་ལྟ་བུའི་དྲི་བ་འདི་བྱར་མི་བཏུབ་སྟེ། ལན་གཅིག་ལས་གཉིས་འདེབས་མི་ཤེས་པས་སོ། །དེ་ཇི་ལྟར་ཡིན་ན་འདྲི་མིས་གཡས་ནས་འདྲི་བ་ལ་རླུང་ཡང་གཡས་ནས་རྒྱུ་ན་འགྲུབ། འོང༌། མི་འཆི། མི་འོང༌། འཆི་བྱ་བ་ལ་སོགས་པ་ཁོ་རང་གིས་འདྲི་བ་ལྟར་ལན་གདབ། འདྲི་མིས་གཡས་ནས་འདྲི་བ་ལ་རླུང་གཡོན་ན་འདུག་ན། ཚིག་གང་འདྲི་བ་དེ་ལས་བཟློག་ནས་ལན་འདེབས་ཏེ། འོང་ཟེར་ན་མི་འོང་བྱ། མི་འགྲུབ་བམ་ཟེར་ན་འགྲུབ་བྱའོ། །འདིར་ལན་བསྣོལ་མར་གདབ་བོ། །གཡོན་པའང་དེས་འགྲེའོ། །འདི་ལ་རླུང་དང་འདྲི་མི་བསྣོལ་ན་བཟང་གི གཡོན་ལ་ཁྱད་པར་འགྲུབ་རྒྱུ་མེད་པར་བཤད། མདུན་ནས་འདྲི་ན་གཞི་ཆེ། རང་བློ་རྩེ་གཉིས་སུ་འདུག་བྱའོ། །དེ་ལ་རང་གི་རླུང་གཡོན་ནས་རྒྱུ་བའི་དུས་སུ་ཕྱི་ནས་མཇལ་ཟེར་བ་བྱུང་ན། ཕྱོགས་བྱང་ངམ། ནུབ་གང་རུང་ནས་འོངས་པ་ཡིན། བྱང་ནས་འོངས་ཟེར་ན་ཤ་རྩི་སྔོ། སྨྲ་བ་མགྱོགས། འགྲོ་བ་སྐྱེན། གོས་སྔོན་པོ་གོན་ཞིང་བློ་མི་བརྟན། ནུབ་ནས་འོངས་ཟེར་ན། མདོག་དམར། ཤེས་རབ་ཆེ། ཁ་སྤྲོ་ཐུང༌། གོས་དམར་པོ་གོན་ཞིང་ལག་ཆ་དམར་པོའམ། རྒྱན་དམར་པོ་ལྟ་བུ་བཟུང་བ་འོང༌། རླུང་གཡས་ནས་རྒྱུ་བའི་དུས་སུ་མཇལ་ཟེར་བ་ལྟ་བུ་བྱུང་ན། ལྷོ་འམ། ཤར་ནས་འོངས་པ་དེའི་བྱེ་བྲག་དྲི་སྟེ། ཤར་ནས་འོངས་ཟེར་ན་མདོག་དམར། ཤེས་རབ་ཆེ། གོས་སམ། རྒྱན་ནམ། ལག་ཆ་དཀར་པོ་ཐོགས་པའོ། །ལྷོ་ན་འོང་ན། མདོག་སེར། ཤེས་པ་གྱོང༌། བཅོས་དཀའ། གོས་སམ། རྒྱན་ནམ། ལག་ཆ་སེར་པོ་ཐོགས་པ་འོང༌། དོན་ཡང་ཕྱོགས་དེ་དང་དེར་འདེང་ཟེར་བའམ། ཕྱོགས་ཁ་དོག་ཀྱང་དེ་ལྟ་བུར་འདོད་པ་ཡིན། རླུང་གི་དུས་སུ་རང་ལ་རྐུན་པོའམ། དགྲ་ལྟ་བུ་བྱུང་ཡང༌། ཕྱོག་དེ་དང་མཚན་མ་དེ་ལྟ་བུ་ཅིག་ཡོད་པ་ཡིན། རང་གི་ནོར་ཡང་དེ་ལྟ་བུས་ཁྱེར་བ་ཡིན། རང་གཞན་གྱིས་བོས་པའི་སྟོན་མོ་ལ་འགྲོ་ན། རླུང་གི་རྟེན་འབྲེལ་ཕྱོགས་ལ་དབང་བ་སྔར་དང་འདྲ་བས་ན། གཡས་ནས་རྒྱུ་བའི་དུས་སུ་ལྷོར་ཕྱིར་ཕྱིན་ན་གྲལ་ཁ་ལྷོར་ལྟ་བ་ཅིག་འོང༌། ཟས་སམ། ནོར་སེར་པོ་ཅིག་སྟེར། མི་དེའི་མཚན་མ་རྟགས་སྔར་དང་འདྲའོ། །དེ་བཞིན་དུ་ལྷག་མ་སྔར་དང་འདྲའོ། །རང་གི་ནོར་སྟོར་ན་ནི། ཚོལ་བའི་དུས་སུ་ལུས་མ་འགྱུར་བར་སྡོད། རླུང་གང་ནས་རྒྱུ་བ་བལྟས་པས་གཡས་ནས་རྒྱུ་ན། ཅིས་ཀྱང་ཕྱོགས་གཡས་ན་སོང༌། གཡོན་ནས་རྒྱུ་ན་ཕྱོགས་གཡོན་དུ་ཁྱེར་བ་ཡིན། རྙེད་ན་ཡང་ཕྱོགས་དེ་ནས་ཅིས་ཀྱང་འོང༌། ཡང་རླུང་གི་སྟོབས་ཀྱིས་བུ་ཚ་འཆགས་པ་ཡིན་ཏེ། ཕ་མ་གཉིས་ཀྱི་རླུང་གཡོན་ནས་རྒྱུ་བའི་དུས་སུ་བར་དོ་དང་མཚུངས་ནས་བུ་ཕོར་འཆགས། གཡས་ནས་རྒྱུ་བའི་དུས་སུ་མཚུངས་ན་བུ་མོར་འཆགས། གཉིས་ཀ་ནས་རྒྱུ་བ་འཕོ་བའི་བར་དོ་ཙམ་འབྱུང་ལ། དེ་དང་དུས་མཚུངས་ན་མ་ནིང་འཆགས་སོ། །བསྣོལ་མ་དེ་ཞ་བོའམ། དིག་པའམ། དྲུག་གུའམ། ཤོ་རེ་ལ་སོགས་པར་འཆགས་སོ། །གདོན་རྩིས་ཅིག་ཡོད་པ་མ་བརྗོད་དོ། །འཇིག་པའི་བྱ་བ་རླུང་གིས་བྱེད་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་ཏེ། སེམས་ཅན་ཀུན་གྱིས་སྲོག་གྱུར་པ། །རླུང་ཞེས་བྱ་བ་དེ་ཀུན་བྱེད། །ཅེས་གསུངས་སོ། །ལས་ཞི་རྒྱས་བྱེད་ན་གཡོན་དང་བསྟུན། དབང་དྲག་བྱེད་ན་གཡས་དང་བསྟུན་ནོ། །འདི་རྣམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་བོ། །རླུང་ལྟས་རྟེན་འབྲེལ་བརྟག་པ་འདི། །དཔལ་ལྡན་ས་སྐྱ་པཎྜི་ཏས། །རབ་ཏུ་དབེན་པའི་གནས་སུ་སྦྱར། །རྟེན་འབྲེལ་ཐབས་ལ་མཁས་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply