ཁྲོ་བོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས།

༼ན༽

༄༅། །ཁྲོ་བོ་རྨེ་བརྩེགས་ཀྱི་སྒྲུབ་ཐབས་བཞུགས།།

༄༅། །ན་མོ་གུ་རུ་བྷྱཿཁྲོ་བོ་སྟོབས་པོ་ཆེ་བསྒྲུབ་པར་འདོད་པས། སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ལ། རང་གི་སྙིང་གར་ཧཱུྃ་མཐིང་ནག་བསམ། དེའི་འོད་ཟེར་གྱིས་ལུས་བསྲེགས་པས་སྐྱོན་ཐམས་ཅད་དག་ནས། སེམས་ཁྲོ་བོ་རྨེ་བརྩེགས་སུ་གྱུར་པར་བསམ་ཏེ། དེའང་སྐུ་མདོག་དུད་ཀ ཞལ་གསུམ་ཕྱག་དྲུག་པ། གཡས་དཀར། གཡོན་དམར། དབུས་དུད་ཀ ཞལ་རེ་རེ་ལ་སྤྱན་གསུམ་གསུམ་བགྲད་པ། མཆེ་བ་གཙིགས་པ། ཁྲོ་གཉེར་བསྡུས་པ། སྨ་ར་དང་སྨིན་མ་དམར་སེར་འབར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ལ། སྦྲུལ་སྔོན་ལྟོ་བ་དམར་སེར་གྱིས་དཀྲིས་ཤིང༌། ཐོད་པ་སྐམ་པོ་ལྔ་ལྔས་དབུར་བརྒྱན་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་རྒྱ་གྲམ། བར་པ་རྡོ་རྗེ་རྩེ་ལྔ་པ། ཐ་མ་རྡོ་རྗེ་ལྕགས་ཀྱུ། གཡོན་གྱི་དང་པོ་རྡོ་རྗེ་དབྱུག་པ། བར་པ་རྡོ་རྗེ་ཞགས་པ། ཐ་མ་རྡོ་རྗེ་སྡིགས་མཛུབ་མཛད་པ་སྟེ། དེ་ཐམས་ཅད་གྱེན་དུ་བསྒྲེང་བ། ཐོད་པ་སྐམ་པོའི་ཕྲེང་བས་སེ་རལ་ཁར་བྱས་ཤིང་ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཉིས་བགྲད་པས་ཉི་མའི་གདན་ལ་བཞུགས་པ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ་བསྐྱེད་ལ། ལྷའི་སྐུ་དེ་ཉིད་ལ་དམིགས་པ་གཏད་ལ། སྔགས་བཟླས་ཏེ། སྔགས་ནི་འདིའོ། །ཨོཾ་བྷཱུར་ཁུཾ་མ་ཧཱ་བྷྲ་མ་ནཱ་ཡེ། བྷུ་ཙི་བྷུ་ཀི་བི་མ་ལེ། ཨུཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་བྷུར་ཁུཾ་རི་ལི་ཤུ་ཐ་ར་ཤ་ཨུ་བི་མ་ལེ། ཨུཙྪུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པས་བགེགས་དང་ལོག་འདྲེན་གྱི་གནོད་པ་དང༌། ཉམས་གྲིབ་ལ་སོགས་པ་མི་གཙང་བ་གང་གིས་ཀྱང་མི་ཚུགས་ཤིང༌། ཤིན་ཏུ་གཙང་སྦྲ་ཆུང་བས་ཀྱང་འགྲུབ་ལ། འདི་བསྙེན་བསྒྲུབ་ཀྱང་མི་དགོས་སོ། །གཞན་ལ་ཕན་གདགས་པར་འདོད་ན། སྨྱོ་འབོག་ཅན་འདུལ་བ་ལ། གུ་གུལ་ནག་པོ་བསྲེགས་ཤིང༌། ནད་པའི་སྙིང་ག་ན་ཕར་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་པས་གདོན་དང་བགེགས་ཐམས་ཅད་ཆོམས་ཀྱི་བསྲེགས་པར་བསམ། དེས་ངེས་པར་ཕན་ནོ། །སེར་བ་བཟློག་པར་འདོད་ན། སྡིགས་མཛུབ་སྤྲིན་ནག་ལ་གཏད་དེ། སྔགས་དྲག་ཏུ་བཟླས་ཤིང༌། སྔགས་ཀྱི་འོད་ཟེར་མེ་ལྟ་བུས་བསྲེགས་པར་བསམས་ན། སེར་བ་འཆད། འབྲུག་ཁ་འཆིང༌། གློག་ལྕེ་འཆད། ཐོག་གྱེན་ལ་བཟློག སྤྲིན་གྱི་གུར་ཞིག སེར་བ་རྐང་འཆག་གོ །རིམས་ནད་གསོ་ན། བུམ་པ་སྤོས་ཆུས་བཀང་ལ། ཡུངས་ཀར་ལ་མང་དུ་སྔགས་བཟླས་ལ། བུམ་པར་བླུགས། ནད་པ་ལ་གུ་གུལ་གྱི་དུད་པས་བདུགས་སྟེ། བུམ་ཆུས་ཕྱི་བཀྲུ་ཞིང་ཁོང་དུ་བཏང་ན་ཕན་ནོ། །ཕྱུགས་ལ་གོད་བྱུང་ན། དུག་སྣ་གསུམ་ལ་གོད་འགོང་གི་གཟུགས་བྱས་ལ། དེ་ལ་གོད་གཏོང་བ་པོ་དགུག་གཞུག་བྱས་ལ། ཕུར་པ་སྙིང་གར་གདབ་ཅིང༌། སྔགས་བརྒྱ་རྩ་བརྒྱད་བཟླས་ནས་བཏབ་པས་ཕན་ནོ། །ཕྱུགས་ནད་བྱུང་ན། ཕྱུགས་རའི་དབུས་སུ་མཎྜལ་ལམ། ཁྲི་བྱས་པའི་སྟེང་དུ། སྤོས་ཆུ་ལ་སྔགས་ཆུ་བཏབ་ནས་གཏོར་ན་ཕན་ནོ། །མི་ལོ་ནད་ཅན་གསོ་ན། ཤོག་ཁྲ་ལ་ནད་པ་བྲིས། ནད་པའི་མལ་འོག་ཏུ་བཅུག་ནས། ནད་པ་ལ་དམིགས་པ་གཏད་དེ་སྔགས་མང་དུ་བཏབ་ན་ཕན་ནོ། །ར་ལུག་ལ་སྤྱང་ཁྱི་བྱུང་ན། ར་ལུག་རྣམས་ཀྱི་དོན་ཕོ་དོན་མོའི་མགུལ་དུ་སྔགས་བྲིས་ལ་གདགས། འབྲས་དང་ལྷོག་པ་གསོ་ན། ནད་པའི་སྔས་སུ་གུ་གུལ་བསྲེག་ཅིང་སྔགས་དྲག་ཏུ་གདབ་བོ། །ཞིང་ལ་འབུས་ཟ་ན། ཚྭ་དང་ཡུངས་ཀར་བསྲེགས་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་སྟེ། ཞིང་གི་མཐའ་མ་བསྐོར་ནས། རླུང་ཕྱོགས་ནས་སྔགས་བརྒྱ་རྩ་བརྒྱད་བཏབ་ན་གཞན་དུ་འབྲོས་སོ། །བང་མཛོད་དུ་འགོང་པོ་ཞུགས་ནས་བསྲིས་ལ་གནོད་ན། ཙནྡན་ནམ་ཤུག་པ་དཀར་པོའི་ཕུར་པ་སོར་བཅུ་གཉིས་པ་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་ནས། དར་ནག་གི་ཅོད་པན་བཅིངས་ཏེ། དེ་ཁྲོ་བོ་རྨེ་བརྩེགས་སུ་བསྐྱེད་ལ་ཐོད་པ་མཚན་ངན་དུ། འབྲུ་རྣ་ནག་པོས་བཀང་ལ་དེ་ལ་བཙུགས་ལ་བང་མཛོད་དུ་སྦས་ན། གནོད་མི་ནུས་ཤིང་བསྲིས་སྨེའོ། །འགོང་པོ་བསྲེག་ན་ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ལ། མེ་དེ་སྐད་ཅིག་གིས་ཁྲོ་བོ་རྨེ་བརྩེགས་སུ་བསྐྱེད་ལ། དེའི་ཞལ་དུ་བགེགས་ཀྱི་ལིངྒ་གཏུབས་ལ་དབུལ་ཞིང༌། སྔགས་གསུམ་བརྒྱ་བཟླས་ཤིང་བསྲེགས་ན་ཕྱིན་ཆད་གནོད་མི་ནུས་སོ། །ཚར་བ་དང་རང་ཉིད་ལ་བསྟིམ་མོ། །ལས་ཚོགས་འདི་ལ་བསྙེན་པ་མི་དགོས་ཏེ། འཕྲལ་དུ་བྱས་པས་ཆོག ཕན་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོ་རྨེ་བརྩེགས་ཀྱི་སྒྲུབ་ཐབས། རྗེ་ས་སྐྱ་པའི་མན་ངག་ཟབ་མོ། དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*