རང་གི་རང་ལ་གྲོས་འདེབས་པ།

༼ན༽

༄༅། །རང་གིས་རང་ལ་གྲོས་འདེབས་པ་ཞེས་བྱ་བ་བཞུགས།།

༄༅། །ཨོཾ་སྭ་སྟི། ཡོན་ཏན་རིན་ཆེན་དཔལ་གྱིས་ལྷམ་མེ་བ། །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །དྲན་པ་ཙམ་གྱིས་གདུང་བ་ཀུན་སེལ་བ། །མཚུངས་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བག་ཆགས་བརྟན་གྱུར་ཀུན་གཞིའི་ས་གཞི་ལ། །ལས་ཀྱི་ས་བོན་སྣ་ཚོགས་བཏབ་པ་ལས། །སྣང་བ་སྒྱུ་མའི་ལོ་ཏོག་གང་ཡང་སྐྱེས། །འཁྲུལ་སྣང་དབྱིངས་སུ་ཡལ་བར་བྱིན་གྱིས་རློབས། །འཇིག་རྟེན་ཟང་ཟིང་སྣང་བ་རྨི་ལམ་འདྲ། །བདེན་པ་མེད་ཀྱང་བདེ་སྡུག་དུ་མའི་རྒྱུ། །གང་ཤར་གཏད་མེད་རྗེས་སུ་མི་འབྲང་བར། །ཞེན་པ་ནང་ནས་སྤོངས་ཤིག་ལོ་ཙཱ་བ། །འཁོར་བའི་ཆོས་ལ་སྙིང་པོ་མ་མཐོང་ཞིང༌། །བྱ་བྱེད་ཟིན་མེད་བྲེལ་བའི་ལུ་གུ་བརྒྱུད། །འབད་པ་བྱས་ཀྱང་མགུ་བར་མི་ནུས་པས། །མི་དང་མཐུན་འཇུག་སྤོངས་ཤིག་ལོ་ཙཱ་བ། །གོ་འཕང་མཐོ་ན་ང་རྒྱལ་ལྷག་པར་འཕེལ། །དམའ་བར་གྱུར་ན་ཀུན་གྱིས་སྨད་པའི་གནས། །བར་མ་ཙམ་ཡང་ཕྲག་དོག་སྐྱེ་བའི་རྒྱུ། །བྱས་པའི་སྙིང་པོ་སོམས་དང་ལོ་ཙཱ་བ། །དྲང་པོར་སྤྱད་ན་ཕལ་ཆེར་དགྲ་རུ་ལྡང༌། །ཡོན་པོར་སྤྱད་ན་སེམས་ལ་རྣམ་སྨིན་ལྕི། །སྣ་ཚོགས་སྤྱད་ན་གཏད་སོ་མེད་པར་བལྟ། །བྱས་པའི་འབྲས་བུ་སོམས་དང་ལོ་ཙཱ་བ། །མང་དུ་སྨྲས་ན་ཅོལ་ཆུང་འཛེམ་མེད་པོ། །ཅི་ཡང་མ་སྨྲས་ནག་པོ་གཏི་མུག་ཅན། །སྤེལ་མར་སྤྱད་ན་མ་ཚོར་ཐོ་ཅོ་ཅན། །སྨྲས་པའི་སྙིང་པོ་སོམས་དང་ལོ་ཙཱ་བ། །ཀུན་དང་བསྟུན་ན་མ་རྟོགས་སྙིང་པོ་ཅན། །འདྲིས་མེད་སྤྱད་ན་ཐོས་མེད་ང་རྒྱལ་ཅན། །འདྲེས་པར་སྤྱད་ན་ཁམས་འདུས་ལངས་པར་བརྩི། །སྤྱོད་པའི་སྐབས་དོན་སོམས་དང་ལོ་ཙཱ་བ། །གོས་བཟང་གྱོན་ན་སློབ་མ་འདུ་བར་གླེང༌། །ཧྲལ་ཧྲུལ་གྱོན་ན་ཧ་སྨད་ཁྲེལ་བར་མཐོང༌། །སྣ་ཚོགས་སྦྱར་ན་དེ་ལས་ཟློ་བརྗོད་མང༌། །བྱས་པའི་གནས་ལུགས་སོམས་དང་ལོ་ཙཱ་བ། །སྙན་པར་སྨྲས་ན་མི་ཆོས་ཁ་གསག་ཅན། །ཚིག་རྩུབ་སྨྲས་ན་དགྲ་བོ་སྤྲིན་བཞིན་འདུ། །ཁ་རོག་བསྡད་ན་ངོ་ནག་སྲ་མི་ཕིགས། །ཚིག་གི་འབྲས་བུ་ལྟོས་དང་ལོ་ཙཱ་བ། །གཅིག་པུར་བསྡད་ན་གཞན་དོན་སྤང་བར་འདོད། །སློབ་འཁོར་མང་ན་འདུ་འཛིས་ཁྱེར་བར་སེམས། །ཀུན་དུ་བསྐོར་ན་དྲན་པོ་དུང་རྐང་ལོ། །འདུལ་བྱས་ཆོས་ལ་ལྟོས་དང་ལོ་ཙཱ་བ། །དབེན་པར་བསྡད་ན་མཇལ་འཕྲད་དགོས་པས་གཡེངས། །གཡེང་བ་བྱས་ན་བསམ་གཏན་སྤང་བར་སྐད། །སྣ་ཚོགས་སྤྱད་ན་བློ་སྣ་མང་བར་སློང༌། །འཁོར་བའི་རང་བཞིན་སོམས་དང་ལོ་ཙཱ་བ། །ལེགས་པར་བཤད་ན་དོན་དུ་གཉེར་བ་མེད། །མཉམ་གཞག་བསྒོམས་ན་འདོད་ཆོས་གཉེར་བ་མང༌། །དེ་དོན་བསྒོམས་ཀྱང་སེམས་ལ་གཞོག་ལ་ཟུང༌། །དོན་དུ་གང་འགྱུར་སོམས་དང་ལོ་ཙཱ་བ། །མ་བཅོས་འཁོར་གཡོག་སྤྱོད་ངན་ཅི་ཡང་བྱེད། །ཡང་ཡང་གྲོས་འདེབས་བྱས་ན་དགྲ་བཞིན་བལྟ། །འབྱོར་མེད་བསྐྱངས་པའི་དྲིན་ལན་ངན་གྱིས་འཇལ། །འཁོར་གྱི་སྙིང་པོ་སོམས་དང་ལོ་ཙཱ་བ། །ཀུན་ལ་ཅིག་ཅར་ཕན་པའི་ནུས་པ་མེད། །འགའ་ཞིག་བསྐྱངས་ན་ལ་ལ་དགྲ་རུ་ལྡང༌། །བཏང་སྙོམས་བཞག་ན་འཁང་ར་འབའ་ཞིག་བྱེད། །སྙིགས་མའི་འཁོར་གྱིས་ཅི་བྱེད་ལོ་ཙཱ་བ། །བྱས་པ་མེད་པའི་ཡུས་ཀྱིས་ཁོག་པ་བཀང༌། །རང་དོན་མི་འགྲུབ་ཅི་ཡང་འགྲུབ་དུས་མེད། །ཆོས་ལ་སྦྱར་ཡང་གནོད་པའི་ལས་སུ་མཐོང༌། །མི་དང་འགྲོགས་པས་ཅི་བྱ་ལོ་ཙཱ་བ། །དྲང་པོ་ཟང་ཐལ་བྱས་ན་འཁོན་པའི་རྒྱུ། །སྣ་ཚོགས་ཐབས་མཁས་བྱས་ན་གཡོ་སྒྱུར་གོ །སེམས་ལ་གཏད་མེད་བྱས་ཀྱང་མི་མི་མགུ། །འདུ་འཛིས་སྐྱོ་བ་མེད་དམ་ལོ་ཙཱ་བ། །འབྲེལ་བའི་ཞེན་པ་མ་སྤངས་རྟག་ཏུ་སྡུག །འཁྲི་བ་བཅད་ན་སྙིང་རྗེ་མེད་པར་སྨྲ། །གང་ལ་བསམས་ཀྱང་བསྙད་མེད་མི་རྙེད་བཞིན། །ཧ་ཅང་བློ་སྣ་རིངས་སོ་ལོ་ཙཱ་བ། །རྣམ་པ་རེ་རེ་བསྐྱངས་ན་ཕྱོགས་ཞེན་ཅན། །མང་དུ་བསྐྱངས་ན་དམ་ཚིག་ཉམས་པ་སྐད། །དགག་སྒྲུབ་བྱས་ན་ཕྱི་ནང་དགྲ་བོས་ཁེངས། །དུས་ངན་མི་ཆོས་མ་བྱེད་ལོ་ཙཱ་བ། །འདུ་འཚོགས་མང་ན་གཡེང་བས་འཁྱེར་རོ་ལོ། །འདུ་འཚོགས་མེད་ན་ཟས་ལམ་བཅད་པ་སྐད། །གང་ལྟར་བྱས་ཀྱང་སྒྲོ་འདོགས་སྐུར་བའི་རྒྱུ། །དུས་ངན་འབད་པས་ཅི་བྱེད་ལོ་ཙཱ་བ། །ལོངས་སྤྱོད་སྤངས་ན་བཞི་མདོའི་རྩཱ་བཞིན་དོར། །ལོངས་སྤྱོད་བཟུང་ན་གསོག་འཇོག་ཆེ་ཞེས་སྨྲ། །རན་པར་སྨྲས་ན་མི་ཆོས་ཅན་དུ་བརྩི། །འཇིག་རྟེན་སྙིང་པོ་སོམས་དང་ལོ་ཙཱ་བ། །ཡེངས་མེད་ལྷུག་པར་བྱིན་ན་རྩིང་པར་སྐད། །ཅི་ཡང་མ་བྱིན་འབྲེལ་ཐག་ཆད་དོ་ལོ། །འཚམ་པར་སྨྲས་ན་ཆོས་བརྒྱད་གོས་པར་སྨྲ། །དོན་མེད་འབད་པས་ཅི་བྱེད་ལོ་ཙཱ་བ། །དཔོན་སློབ་ཡོན་མཆོད་གཉེན་དང་གཡོག་འཁོར་སོགས། །འབྲེལ་པ་མང་པོའི་རྒྱུ་མཚན་འཆིང་བའི་རྒྱུ། །གཅིག་ལ་གཅིག་བརྟེན་སྡུག་བསྔལ་རྒྱུན་མི་འཆད། །འཁོར་བའི་གནས་ལུགས་ལྟོས་དང་ལོ་ཙཱ་བ། །དེ་ལྟར་སྙིང་པོ་མེད་པའི་འཁོར་བའི་ཆོས། །བསྒྲུབ་པར་དཀའ་ལ་འཇིག་པར་སླ་བ་ཅན། །འབད་ཀྱང་ཟིན་མེད་འཁྲུལ་བའི་ཡོ་ལང་གིས། །འཆི་ཚེ་ཅི་བྱེད་སོམས་དང་ལོ་ཙཱ་བ། །བདག་ཉིད་གཅིག་པུ་འཆི་བའི་ལམ་དུ་ཞུགས། །གཉེན་འབྲེལ་སྡུག་པས་མལ་གྱི་མཐའ་མར་བསྐོར། །ནད་གཅོད་སྡུག་བསྔལ་བསམ་ལས་འདས་པ་ན། །ཆོས་ལས་གཞན་གྱི་མི་ཕན་ལོ་ཙཱ་བ། །འབྱུང་བཞི་འདུས་པའི་ལུས་ཀྱི་དཀྱིལ་འཁོར་གྱི། །ས་རླུང་ཆུ་ལ་ཐིམ་པས་ལྡང་མི་ནུས། །དུ་བས་འཚུབ་པའི་སྣང་བ་འཆར་བ་ན། །ཆོས་ལས་གཞན་པའི་མགོན་མེད་ལོ་ཙཱ་བ། །འཆི་དུས་ཆུ་རླུང་ནུས་པ་མེ་ལ་ཐིམ། །ཁ་སྣ་སྐམ་ཞིང་སོ་གཙིགས་ལྕེ་ཡང་འཁུམ། །འཇིགས་རུང་ཆུ་བོས་ཁྱེར་བའི་རྣམ་པ་འཆར། །ཆོས་མིན་ཅིས་ཀྱང་མི་ཕན་ལོ་ཙཱ་བ། །གང་ཚེ་མེ་རླུང་ནུས་པ་རླུང་ལ་ཐིམ། །ལུས་ཀྱི་དྲོད་ཡལ་མེ་ལྕེ་འཁོར་བ་ཡིས། །འཇིགས་སྣང་བཟོད་ཐབས་མེད་པ་འཆར་བ་ན། །ཆོས་མིན་ཅིས་ཕན་སོམས་དང་ལོ་ཙཱ་བ། །དེ་བཞིན་རླུང་གི་ནུས་པ་ནམ་མཁར་ཡལ། །དབུགས་རྒྱུ་ཆད་ཀྱང་རླུང་འཚུབས་ཆེན་པོ་ཡིས། །དབང་མེད་ཀུན་ཏུ་བདས་པར་སྣང་བ་ན། །ཆོས་ལས་གཞན་པའི་སྐྱབས་མེད་ལོ་ཙཱ་བ། །འཇིག་རྟེན་འདི་ཡི་སྣང་བ་དབང་མེད་ནུབ། །ཕ་རོལ་འཇིགས་རུང་གཤིན་རྗེའི་སྣང་བ་འཆར། །ཅི་བྱེད་གཏོལ་མེད་ཉམ་ཐག་གྱུར་པ་ན། །ཆོས་ལས་གཞན་པའི་དཔུང་མེད་ལོ་ཙཱ་བ། །མལ་གྱི་མཐའ་ན་འཆི་བ་བརྩམ་པ་ན། །དབུགས་ཀྱིས་ལུས་ཀུན་ཁྱབ་པའི་ནུས་པ་མེད། །ལྐོག་མའི་ནང་དུ་ངར་ངར་སྒྲ་འབྱིན་ཚེ། །ཆོས་ལས་གཞན་གྱིས་མི་ཕན་ལོ་ཙཱ་བ། །ནང་གི་གནད་གཅོད་སྡུག་བསྔལ་བསམ་ལས་འདས། །མིག་གཉིས་གྱེན་ལ་ལྡོག་ཅིང་དབུགས་ཀྱང་སྡུད། །བར་དོའི་འཇིགས་སྣང་ཅི་ཡང་འཆར་བ་ལ། །ཆོས་ལས་གཞན་གྱི་མི་ཕན་ལོ་ཙཱ་བ། །ཡུན་རིང་གནས་ཀྱང་སྡིག་པའི་ལས་ལ་ཤོར། །མི་ལུས་ཐོབ་ཀྱང་ཕྱི་མའི་ལས་མ་གྲུབ། །འཆི་དུས་རང་རེ་གཅིག་པུར་འགྲོ་དགོས་པས། །མི་རྟག་རྒྱུད་ལ་སོམས་ཤིག་ལོ་ཙཱ་བ། །རང་ཡུལ་སྦངས་ནས་མི་ཚེ་བྱེས་སུ་ཕྱིད། །གང་ལའང་སྙད་ཚོལ་སུ་ལའང་ཟ་འདོད་བྱེད། །དཔོན་མེད་གཡོག་མེད་སྡིག་པའི་ཡོ་ལང་སྤྱོད། །འདི་འདྲའི་གནས་ལུགས་ལྟོས་དང་ལོ་ཙཱ་བ། །ཚེ་འདིའི་འཁོར་གཡོག་ལོངས་སྤྱོད་ཕུན་ཚོགས་ཀྱང༌། །འཆི་བའི་དུས་སུ་རྗེས་འབྲང་གཅིག་ཀྱང་མེད། །གྲུང་པོར་འདོད་པ་ཕ་རོལ་ལངས་པའི་ཚེ། །ཆོས་ལས་གཞན་པའི་གྲོགས་མེད་ལོ་ཙཱ་བ། །སྤྱོད་པ་སྣ་ཚོགས་ཤིན་ཏུ་སུན་ཡང་ཕྱུང༌། །སྤྱོད་ངན་དགེ་མེད་སྡིག་དང་སྡུག་བསྔལ་སྤྱོད། །ལེགས་པར་བརྟགས་ན་ཡང་ཡང་མཆི་མ་འཁྲུངས། །འཁོར་བའི་ཡིད་འབྱུང་སོམས་དང་ལོ་ཙཱ་བ། །གཤིས་ངན་མང་པོས་ཆགས་སྡང་གཙོ་བོར་སྒྲུབ། །ཐོས་བསམ་བསྒོམ་པས་ཆགས་སྡང་ཞར་ལ་རྩོམ། །དེ་ཡང་བློ་འདོད་ཙམ་དུ་ཤོར་བ་མང༌། །བསྟན་པའི་གནས་ལུགས་སོམས་དང་ལོ་ཙཱ་བ། །འོན་ཀྱང་བླ་མ་དམ་པས་རྗེས་སུ་བཟུང༌། །ཟབ་མོའི་དོན་ལས་མོས་པ་གཏིང་ནས་སྐྱེས། །སྒོ་གསུམ་དལ་བར་སྡོད་པ་ཤིན་ཏུ་ཕོངས། །གཅིག་པུར་ཆོས་ལ་དྲིལ་ཅིག་ལོ་ཙཱ་བ། །མང་དུ་ཐོས་པས་ཆོས་ཀྱི་སྤྱི་རྣམས་གོ །ཞིབ་ཏུ་བསམས་པས་བྱེ་བྲག་རྣམ་དབྱེ་ཕྱེད། །ཏིང་འཛིན་བསྒོམས་པས་སེམས་ལ་རྟོགས་པ་འཆར། །རིམ་གཉིས་ཉམས་སུ་ལོང་དང་ལོ་ཙཱ་བ། །དལ་འབྱོར་སྐྱོན་མེད་ཐོབ་པར་རེས་འགའ་སྟེ། །ལང་ཚོའི་དཔལ་ཡང་སྟོན་ཀའི་སྤྲིན་ལྟར་གཡོ། །གཡེང་བའི་ཐབས་ལ་མི་ཚེ་ཟད་པ་ཕོངས། །ཡང་ཡང་སེམས་ལ་སྨྲོས་དང་ལོ་ཙཱ་བ། །ཀུན་རྫོབ་སྣང་བ་རྨི་ལམ་སྒྱུ་མ་འདྲ། །གང་ཤར་སྟོང་པའི་སེམས་ཀྱི་ཁྱེར་སོ་ཡིན། །བཅོས་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལྟོས། །སེམས་ཀྱི་དྲན་འཛིན་གཅེས་སོ་ལོ་ཙཱ་བ། །ཚུལ་འདི་པཎ་ཆེན་ས་སྐྱའི་ནང་ཚན་དུ། །དབྱར་བཞུགས་བྱས་ཚེ་སེམས་ལ་ཤར་བའི་གཏམ། །རང་ལ་གྲོས་འདེབས་ཚུལ་དུ་བྲིས་པ་ཡིན། །འགལ་འཁྲུལ་མཆིས་ན་མཁས་ལ་བཟོད་པར་གསོལ། །དགེ་བས་བདག་དང་སེམས་ཅན་མ་ལུས་པ། །ཅི་བྱེད་ཆོས་ཀྱི་ལམ་དུ་འགྱུར་བ་དང༌། གང་ཤར་བདེ་བ་ཆེན་པོར་རྟོགས་པ་ཡི། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཅེས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་ཤིང་ཕོ་བྱི་བའི་ལོ་གྲོ་བཞིན་ཟླ་བའི་ཚེས་བརྒྱད་ལ་བྲིས། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*