༼ན༽
༄༅། །དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་པར་ཐར་པ་བཞུགས་སོ།།
༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀུན་ནས་མཛེས་པའི་སྐུ་མངའ་འགྲོ་རྣམས་དགའ་མཛད་གསུང༌། །རྒྱལ་བའི་ཐུགས་དང་རབ་ལྡན་ཤེས་བྱའི་མཚན་ཉིད་མཁྱེན། །དཔལ་ལྡན་ཡོན་ཏན་ཕུན་ཚོགས་ཕྲིན་ལས་བཟང་པོ་ཅན། །བརྩེ་བས་ཕལ་པའི་ཚུལ་འཛིན་བླ་མའི་ཞབས་ལ་འདུད། །བདེ་གཤེགས་ཀུན་གྱི་མཛད་པ་རབ་བསྒྲུབ་ཕྱིར། །ཁྱོད་ཀྱི་རྣམ་ཐར་བརྗོད་པ་སུ་ཡིས་སྤོབས། །འོན་ཀྱང་ཐུན་མོང་འགྲོ་ལ་གསལ་གྱུར་བའི། །མཁས་པའི་ཚུལ་ལུགས་ཅུང་ཟད་བརྗོད་པ་མཚར། །བདག་གི་བླ་མ་ཆོས་ཀྱི་རྗེ་ཆེན་པོ་ལུས་ཅན་རྣམས་ཀྱི་རྩ་ལག་དམ་པ། ཡོན་ཏན་རིན་པོ་ཆེ་དུ་མས་བརྒྱན་ཅིང༌། མཁས་པའི་སྐྱེ་བོ་རྣམས་ཀྱིས་བསྔགས་པའི་གནས་སུ་གྱུར་པའི། དཔལ་ལྡན་ས་སྐྱ་པཎྜི་ཏ་ཞེས་ཀུན་ལ་གྲགས་པ་འདི་ནི། དགེ་བའི་བཤེས་གཉེན་ཐོས་པ་དང་བསམ་པ་དང་བསྒྲུབ་པའི་ཡོན་ཏན་དང་ལྡན་པ། འཁོན་ཀླུའི་དབང་པོ་བསྲུངས་པ་དང༌། དེ་ཉིད་ཀྱི་གཅུང་པོ་རྡོ་རྗེ་རིན་པོ་ཆེ་ནས་གདུང་རབས་བཅུ་གཅིག་ཏུ་བརྒྱུད་པ་འདི་ནི། དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱལ་པོ་ཡིན་ལ། དེ་ཐམས་ཅད་ཀྱང་ཡོན་ཏན་དང་ལྡན་པ་གྲུབ་པ་སྣ་རེ་བརྙེས་པ་ཤ་སྟག་ཡིན་གསུང་ངོ༌། །དེའི་སྲས་བླ་མ་རིན་པོ་ཆེ་ས་སྐྱ་པ་ཞེས་གྲགས་པ། འཇམ་པའི་དབྱངས་ཀྱི་བྱིན་གྱིས་བརླབས་ཤིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དང་ལྡན་པའི་སྡེ་སྣོད་འཛིན་པ་ཆེན་པོ་ཡིན་ནོ། །དེའི་སྲས་གསུམ་གྱི་གཅེན་པོ་སློབ་དཔོན་རིན་པོ་ཆེ་མདོ་རྒྱུད་ཐམས་ཅད་ཀྱི་མངའ་བདག བློ་གསལ་ཞིང་བརྩོན་པ་དང་ལྡན་པ། རྩོམ་པ་ལ་མཁས་པར་གྱུར་པ་ཡིན་ནོ། །བར་པ་རྗེ་བཙུན་རིན་པོ་ཆེ་ཡོན་ཏན་ཚད་མེད་པ་མངའ་བ། མཁས་པའི་སྐྱེས་བུ་མཆོག་ཏུ་གྱུར་པ་ཡིན་ལ། དེ་གཉི་ག་ཡང་ཚངས་པར་སྤྱོད་པ་ལ་གནས་པའོ། །གཅུང་པོ་དཔལ་ཆེན་འོད་པོ་ཞེས་བྱ་བའི་སྲས་གཉིས་ཀྱི་གཅེན་འདི་ཡིན་ཏེ། དགེ་བའི་བཤེས་གཉེན་རིག་པ་མཆོག་ཏུ་གྱུར་པ། ཀུན་གྱིས་བཀུར་བའི་གནས། འོད་ཟེར་བརྒྱ་པའི་སྣང་བས་གསལ་བར་བྱེད་པ་ལྟར་འགྲན་ཟླ་དང་བྲལ་བ་ཡིན་ནོ། །བདག་ཉིད་ཆེན་པོ་འདི་སྐུ་ཚེ་སྔ་མ་རྣམས་སུ་བསོད་ནམས་ཀྱི་བྱ་བ་ཕུལ་དུ་ཕྱིན་པར་བསགས་ཤིང༌། སྐྱེས་བུ་མཁས་པ་རྣམས་བསྟེན་ཏེ་ཤེས་བྱའི་གནས་ལ་སྦྱངས་ནས། ཐམས་ཅད་མཁྱེན་པའི་ལམ་ལ་བརྩོན་པ་ཆེར་མཛད་པའི་སྟོབས་ཀྱིས། སྐབས་འདིར་ཡང་རིགས་དང་གཟུགས་བཟང་ཞིང༌། འབྱོར་པ་དང་ལྡན་པ་ལ་ཀུན་གྱིས་བཀུར་བ་དང་བསྔགས་པ་བྱེད་པ། ཡིད་དུ་འོང་བ། དབང་པོའི་སྒོ་ཐམས་ཅད་གསལ་ཞིང་རྫོགས་ལ། བློ་གྲོས་རྒྱ་ཆེ་བ། སྙིང་རྗེ་ཆེ་བས་གཞན་དོན་ལ་བརྩོན་ཞིང༌། ཤེས་བྱ་ཕལ་ཆེ་བ་རང་བྱུང་དུ་མཁྱེན་ལ། བསྒྲུབ་པ་ལ་གཙོར་མཛད་ཅིང༌། གཞོན་ནུ་ཉིད་ནས་ཆོས་དང་ལྡན་པ་ཉིད་དུ་གྱུར་ཏོ། །མཁའ་ལ་བདུད་རྩིའི་དཀྱིལ་འཁོར་ཅན། །རྒྱུ་སྐར་དབུས་ན་འཛུམ་ཞིང་མཛེས། །དེ་བཞིན་སྐྱེས་ཆེན་དམ་པ་ཁྱེད། །དཔལ་འབྱོར་དཀྱིལ་ན་རྣམ་པར་འཛུམ། །ཉིན་མོར་བྱེད་པ་ཤར་བ་ན། །འོད་ཟེར་ཚོགས་ཀྱིས་ཀུན་ཏུ་གསལ། །མི་དབང་རྒྱལ་པོ་བལྟམས་པ་ན། །བློ་གྲོས་འོད་ཟེར་ཕྱོགས་བཅུར་ཁྱབ། །དཔག་བསམ་ལྗོན་པ་སྐྱེས་པའི་དུས། །འདོད་པའི་དོན་རྣམས་འགྲུབ་པར་བྱེད། །དེ་བཞིན་ཀུན་དགའ་གཞོན་ནུ་ནས། །གཞན་ལ་ཕན་པ་ཁོ་ན་སྒྲུབ། །ཨ་དུམ་ཝཱ་ར་ཁ་བྱེ་བ། །དབྱིབས་མཛེས་མདོག་བཟང་ལྷུན་གྱིས་གྲུབ། །ཆོས་ཀྱི་དབང་ཕྱུག་འཁྲུངས་པ་ན། །ཡོན་ཏན་ལྷུན་གྲུབ་གྱུར་པ་ལགས། །རང་རྒྱལ་རྣམས་ཀྱི་ཡེ་ཤེས་ཀྱང༌། །བག་ཆགས་སད་པའི་སྟོབས་ཀྱིས་རྟོགས། །ཁྱོད་ཀྱང་སྔར་སྦྱངས་བག་ཆགས་ཀྱིས། །ཤེས་བྱ་ཕལ་ཆེར་མཁྱེན་པར་གྱུར། །དེ་ལྟར་བདག་ཉིད་ཆེན་པོ་འདི་བུ་ཆུང་གོག་ནས་གཤེགས་པའི་དུས་ན་ཡང་ས་ལ་ཕྱག་གིས་ཨཱ་ལི་ཀཱ་ལི་རྣམས་རྫོགས་པར་འདྲི་ཞིང༌། དེ་ལ་མི་འགོམས་པར་ཡང་ན་བསྐོར་ནས་གཤེགས། ཡང་ན་བསུབས་ནས་འཇོག་པས་ཉེ་འཁོར་ན་གནས་པའི་གང་ཟག་ཐམས་ཅད་ཀྱང་འདི་ནི་འཕགས་པའི་སྤྲུལ་པའམ། སྔོན་སྦྱངས་པའི་བག་ཆགས་སད་པ་ཅིག་ཡིན་ངེས་ཞེས་ཟེར་ཞིང་ངོ་མཚར་དུ་གྱུར་ཏོ། །དེ་ལྟར་སྐུ་ཚེ་སྔ་མ་ལ་གོམས་པའི་བག་ཆགས་སད་པའི་སྟོབས་དང༌། རང་བཞིན་གྱི་ཆེ་བ་དང་ལྡན་པས་རིག་པའི་གནས་རྣམས་ཕལ་ཆེ་བ། འབད་པ་མ་མཛད་པ་ལ་མཁས་པར་གྱུར་ཏེ། དེའི་རིམ་པ་ཅུང་ཟད་བརྗོད་ན། རིག་པའི་གནས་ལྔ་ལས། ཕྱི་རིག་པ་ནི་རྒྱ་གར་དང་བོད་ཀྱི་ཡི་གེའི་བྱེ་བྲག་རྣམས་འདྲི་བ་དང༌། ཀློག་པ་དང༌། རི་མོ་དང༌། རྐོས་དང༌། འབུར་དང༌། ལུགས་མ་དང༌། ལྡེ་གུ་ལ་སོགས་པའི་གཟུགས་དང༌། བྱེ་བྲག་རྣམས་ཀྱི་བསྒྲུབ་ཚུལ་དང༌། མཚན་ཉིད་དང༌། ཆག་ཚད་དང༌། །ཚོན་མདངས་དང༌། སྡེབ་ཚུལ་དང༌། སྦྱོར་བ་དང༌། རིན་པོ་ཆེའི་སྦྱོར་ཚུལ་ལ་སོགས་པ་དང༌། གཟུགས་བརྙན་དང༌། པ་ཏྲ་དང༌། རྣམ་འགྱུར་སྣ་ཚོགས་དང༌། ལག་གི་བཟོའི་བྱེ་བྲག་ཐམས་ཅད་ལ་ཡང༌། རྗེ་བཙུན་ཆེན་པོས་ཕྱོགས་ཙམ་བསྟན་པ་ཙམ་མམ། གཞན་གྱིས་བྱེད་པ་གཟིགས་པའམ། གཞན་དག་བྱེད་པ་གསན་པའམ། རང་གིས་འགྲན་པ་ཙམ་ལ་བརྟེན་ནས། ཤིན་ཏུ་མཁས་ཤིང་བྱང་བར་གྱུར་རོ། །འབད་པ་ཆེན་པོས་ཡུན་རིང་དུ་བསླབས་པའི་མཁས་པ་རྣམས་པས་ཀྱང་མཆོག་ཏུ་གྱུར་ཏོ། །རིན་པོ་ཆེ་དང༌། སྐྱེས་པ་དང༌། བུད་མེད་དང༌། རྟ་དང༌། གླང་པོ་ཆེ་དང༌། སྨན་དང༌། གོས་ལ་སོགས་པའི་བརྟག་པའི་བྱེ་བྲག་རྣམས་དང༌། འཇིག་རྟེན་གྱི་བྱ་བ་དང༌། ལུགས་ཀྱི་བསྟན་བཅོས་ལ་རབ་ཏུ་མཁས་པར་གྱུར་ཏེ། ཙ་ན་ཀ་དང༌། བ་སུ་རཀྵ་དང༌། ལུགས་ཆེན་པོའི་གཏམ་རྒྱུད་ལྔ་པ་ལ་སོགས་པ་དང༌། སྐྱེ་བོ་གསོ་བ་ལ་སོགས་པ་མང་དུ་རྗེ་བཙུན་རིན་པོ་ཆེ་ལས་གསན་ཅིང་བྱང་བར་མཛད་དོ། །དུས་ཕྱིས་ལེགས་པར་བཤད་པའི་གཏེར་ཞེས་འཇིག་རྟེན་གྱི་བྱ་བ་དང་ཆོས་ལུགས་བསྒྲུབ་པའང་མཛད་དོ། །སྤོས་སྦྱོར་དང་རོལ་མོ་སིལ་སྙན་དང༌། ཟློས་གར་རྣམས་ལ་མཁས་ཤིང་དེ་དག་གི་བསྟན་བཅོས་ཀྱང་མང་དུ་གསན་ཅིང་བསྟན་བཅོས་ཀྱང་མཛད་དོ། །འབྱུང་བ་དང༌། ས་དཔྱད་དང༌། ལོ་ཟླ་དང༌། དུས་ཚོད་དང༌། གཟའ་སྐར་དང༌། ཉི་ཟླ་དང༌། འཕོ་བ་དང༌། དུས་སྦྱོར་དང༌། རྟེན་འབྲེལ་དང༌། སྒྲ་སྐད་དང༌། ཕྱི་ནང་གི་རྩིས་རྣམས་ལ་རྒྱ་རྩིས་ཀྱི་བྱེ་བྲག་རྣམས་དང༌། དུས་ཀྱི་འཁོར་ལོའི་རྩིས་ཡོངས་སུ་རྫོགས་པ་དང༌། རྟེན་འབྲེལ་བཅུ་གཉིས་དང༌། ཨཱ་ལི་ཀཱ་ལི་དང༌། སྒྲ་དང༌། ལྟས་བརྟགས་པའི་བྱེ་བྲག་གཞན་རྣམས་དང༌། རྡོ་རྗེ་གདན་བཞི་དང༌། རྡོ་རྗེ་མཁའ་འགྲོ་དང༌། དཔལ་དགྱེས་པ་རྡོ་རྗེ་ནས་བཤད་པའི་ཕྱི་དང་ནང་གི་རྩིས་རྣམས་དང་བཅས་པ་ཐམས་ཅད་ཆོས་རྗེ་ཉིད་ལས་གསན་ཅིང་མཁས་པ་ཕུལ་དུ་ཕྱིན་པའོ། །ཕྱི་རོལ་པའི་གྲུབ་མཐའ་རིག་བྱེད་པ་དང༌། སེར་སྐྱ་བ་དང༌། གཟེགས་ཟན་དང༌། རྒྱལ་བ་དམ་པ་དང༌། ཕུར་བུ་ལ་སོགས་པའི་ལྟ་བའི་བྱེ་བྲག་རྣམས་ལེགས་པར་རྟོགས་པ་ཡིན་ནོ། །གཉིས་པ་གསོ་བ་རིག་པ་ནི། ནད་ཀྱི་རྒྱུ་དང་ནད་ཀྱི་གཞི་གང་ལས་གྱུར་པ་དང༌། རྒྱུར་ཚུལ་གྱི་མཚན་ཉིད་དང༌། བརྟག་པ་དང༌། གསོ་བ་དང༌། ནད་མི་འབྱུང་བར་བྱ་བ་དང༌། སྨན་གྱི་སྦྱོར་ཚུལ་དང༌། བསྟེན་ཐབས་དང༌། དཔྱད་ཀྱི་རིམ་པ་དང༌། ཁམས་གསོ་བའི་ཚུལ་རྣམས་ལ་ཤིན་ཏུ་མཁས་ཤིང༌། སྨན་གྱི་གཞུང་ལ་ཡང་ཡན་ལག་བརྒྱད་པའི་རྩ་འགྲེལ། གསོ་མ་ར་ཙ། རིག་པ་རྩ་མདོ། ཨ་ཙ་རའི་སྐོར། རྒྱུད་ཕྲ་མོ་གཞན། གདམས་པ་སུམ་ཅུ་པ། ཉི་མའི་འོད་ཟེར་ལ་སོགས་པ་སྤྱི་དང་བྱེ་བྲག་གི་མན་ངག་དུ་མ་རྣམས་རྗེས་སྐུ་མཆེད་ལས་བསླབས་ཤིང༌། སྨན་དང་སྔགས་ཀྱི་གསོ་བ་ཤེས་པ་གཞན་གྱིས་ཀྱང་ཕུལ་བས་ནད་སེལ་བའི་གནད་ཐམས་ཅད་མངའ་ཞིང༌། གསོ་བ་རིག་པ་ལ་མཁས་པའི་མཆོག་དང་པའོ། །གསུམ་པ་སྒྲ་རིག་པ་ནི། རྒྱ་གར་ལ་ལེགས་པར་སྦྱར་བ་དང༌། རང་བཞིན་དང༌། ཟུར་ཆག་པ་དང༌། ཤ་ཟའི་སྐད་དང༌། བོད་ཀྱི་བརྡ་རྣམས་ལེགས་པར་ཤེས་ཤིང༌། སྒྲ་བསྒྲུབ་པའི་ཚུལ་ལ་ཡང༌། སྒྲ་འབྱུང་བའི་གནས་དང༌། མདོ་དང༌། ཁམས་དང༌། རྣམ་པར་དབྱེ་བ་དང༌། བྱེད་ཚིག་དང༌། རྟག་དང༌། ཉེ་བར་སྒྱུར་བ་དང༌། དབྱེ་བསྡུ་དང༌། ཚིག་གི་རྒྱན་དང༌། སྡེབ་ཚུལ་དང༌། དཔེ་དོན་དང༌། ཡི་གེའི་ལྕེ་ཡང་དང༌། སྦྱོར་བ་དང༌། མིང་གི་རྣམ་གྲངས་དང༌། ཚིགས་སུ་བཅད་པའི་དབྱེ་བ་དང༌། ཚིག་ལྷུག་པའི་སྡེབ་ཚུལ་ལ་སོགས་པ། བརྡ་སྦྱོར་བ་དང༌། སྙན་ངག་དང༌། སྡེབ་སྦྱོར་རྣམས་ལ་རྒྱ་གར་ཀྱི་པཎྜི་ཏ་ཡོངས་སུ་རྫོགས་པ་དང་མཚུངས་ཤིང་མཁས་པའི་སྐྱེས་བུ་ཡིན་ངེས་སོ། །བཞི་པ་གཏན་ཚིགས་རིག་པ་ནི་ཤེས་བྱ་མངོན་གྱུར་དང་ལྐོག་གྱུར་ལ་མངོན་སུམ་དང་རྗེས་དཔག་གིས་གཏན་ལ་ཕབ་ནས། ཚད་མ་དང༌། ཚད་མ་མ་ཡིན་པའི་བློ་རྣམ་པར་ཕྱེ་སྟེ། བསྒྲུབ་པ་དང་སུན་འབྱིན་པའི་ངག་ལ་སྐྱོན་མེད་པས། གཞན་གྱི་གཞུང་ཕྱིན་ཅི་ལོག་རྣམས་སུན་འབྱིན་ཅིང༌། རང་གི་གྲུབ་པའི་མཐའ་ཡང་དག་པ་ཉིད་དུ་བསྒྲུབས་ནས་རྒོལ་བ་ངན་པའི་ལོག་རྟོག་བསལ་ཏེ། བདེན་པའི་གྲུབ་མཐའ་ལ་བཙུད་ནས་རྒྱལ་བའི་བསྟན་པ་གསལ་བར་མཛད་པ་ལ། ཆོས་གྲགས་བློའི་དབང་པོ་དང་ཚུལ་མཚུངས་པ། རྟོག་གེ་པ་རྣམས་ཀྱི་ནང་ནས་གཙུག་གི་ནོར་བུ་ལྟ་བུའོ། །ལྔ་པ་ནང་རིག་པ་ནི། ཐུབ་པའི་གསུང་རབ་མདོ་སྡེ་དང༌། རྒྱུད་སྡེ་དང༌། དེ་གསལ་བར་བྱེད་པའི་བསྟན་བཅོས་དང༌། ཟབ་པའི་གནས་སྟོན་པའི་མན་ངག་དང་བཅས་པ་མཁྱེན་ཅིང༌། རིགས་ཅན་གསུམ་གྱི་བྱང་ཆུབ་བསྒྲུབ་པའི་ཚུལ། རྒྱུ་དང༌། ལམ་དང༌། འབྲས་བུའི་རྣམ་པར་གཞག་པ་དང༌། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་རྣམས་བཅས་པ་དང༌། རྣམ་མེད་སྨྲ་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱི་གྲུབ་མཐའི་རྣམ་གཞག་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་གང་ཡིན་པ་དང༌། ཕར་ཕྱིན་དང་གསང་སྔགས་ཀྱི་སྤྱོད་ཚུལ་དང༌། ཐུན་མོང་དག་གི་དངོས་གྲུབ་སྒྲུབ་པའི་ཐབས་དུ་མ་དང༌། ས་དང་ལམ་གྱི་འབྲས་བུའི་རྣམ་དབྱེ་ལ་སོགས་པ་ལེགས་པར་རྟོགས་ཤིང༌། སངས་རྒྱས་ཀྱི་བསྟན་པའི་མངའ་བདག་ཆེན་པོར་གྱུར་པ་ཡིན་ནོ། །དེ་ལྟར་གནས་ལྔ་རིག་པ་ཀུན་ཤེས་པའི་མིག་གིས་མཐོང་སྟེ་ཆོས་རྗེ་ཉིད་ཀྱི་གསུང་ལས་ཀྱང༌། ཤེས་བྱ་ཀུན་ལ་འཇིགས་པ་མེད་པ་ཐོབ། །ཅེས་པ་དང༌། སྒྲ་པ་ང་ཡིན་རྟོག་གེ་པ་ང༌། །ཞེས་པ་དང༌། ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །ཞེས་པ་དང༌། སྐྱེ་བ་སྐྱེ་བ་རྣམས་སུ་ཡང་ནས་ཡང༌། །མཁས་པ་མཁས་པ་རྣམས་སུ་སྔོན་སྦྱངས་པས། །ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་གྱིས། །གཞུང་ལུགས་ཀུན་ཤེས་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་ཞེས་གསུངས་སོ། །དེ་བས་ན་སྐྱེས་བུ་ཆེན་པོ་བློ་གྲོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསོད་ནམས་ཀྱི་ཆུ་གཏེར་ལས་བྱུང་ཞིང་ཡོན་ཏན་གྱི་དབྱིབས་མཛེས་པ་འདི་ནི། སྐུ་ཚེ་སྔ་མ་ལ་ལེགས་པར་སྤྱད་པའི་བག་ཆགས་ཀྱི་འོད་དང་ལྡན་པ་འདིར་ཡང་བརྩོན་པས་བསླབས་པའི་ཕྱི་བདར་གྱིས་གསལ་བར་བྱས་ཏེ། མཁྱེན་པའི་འོད་ཟེར་གྱི་ལྟ་ངན་མུས་པ་ཡང་སེལ་ལ། ཆོས་ཀྱི་སྣང་བས་གསལ་བར་བྱེད་ཅིང༌། དད་པའི་སྤྱི་གཙུག་ཏུ་བརྟེན་ན་ཉོན་མོངས་པའི་རིམས་ནད་སེལ་བ། བཀུར་སྟིའི་རྒྱལ་མཚན་ལ་ཞག་སྟེ་གདུལ་བྱའི་སྐྱེ་བོ་དོན་དུ་གཉེར་བས་གསོལ་བ་བཏབ་ན། མངོན་མཐོ་དང་ངེས་ལེགས་ཀྱི་དགོས་འདོད་འབྱུང་བར་འགྱུར་རོ། །ལེགས་པར་སྤྱད་པའི་མཆོད་སྦྱིན་བརྒྱས་བསྒྲུབས་ནས། །ཆོས་རྗེ་དབང་པོའི་གནས་སུ་བདེ་བར་བྱོན། །བློ་གྲོས་ལྷ་མིག་མཛེས་པ་སྟོང་ལྡན་པ། །རིག་པའི་འགྲོས་ལྡན་ལྟ་ངན་བདུད་དཔུང་འཇོམས། །སྔར་སྦྱངས་བསོད་ནམས་ཆེན་པོ་ལས་བྱུང་ནས། །བརྩོན་པའི་སྨོན་ལམ་ལྕག་གིས་བསྐུལ་གྱུར་ཏེ། །ཡོན་ཏན་ནོར་བུ་ཆེན་པོ་བདུན་ལྡན་པའི། །མི་དབང་ཀུན་དགས་བསྟན་པའི་གླིང་བཞི་སྐྱོང༌། །དགེ་བ་ཕུལ་བྱུང་ཚད་མེད་བཞི་བསྒྲུབས་ཏེ། །དཔལ་འབྱོར་བསམ་གཏན་བདེ་ལ་ལོངས་སྤྱོད་ཅིང༌། །མཁྱེན་བརྩེའི་ཐུགས་བཟང་བསྡུ་དངོས་བཞི་དང་ལྡན། །བཤེས་གཉེན་ཚངས་དབང་འགྲོ་དོན་མཛད་པ་རྒྱལ། །རིག་པའི་གནས་ལྔ་ལས། ཕྱི་མ་གསུམ་པོའི་གཞུང་གསན་ཚུལ་ནི། ཐོག་མར་རང་གི་ཡབ་དགེ་བའི་བཤེས་གཉེན་གསང་སྔགས་འཛིན་པ། བརྩོན་པ་ཕུལ་དུ་བྱུང་ཞིང༌། བརྩེ་བ་ཆེན་པོ་དང་ལྡན་པ་དེ་ལས། དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་དང༌། ཡན་ལག་དྲུག་པ། བཟང་པོ་ཡོངས་གཟུང༌། རིན་ཆེན་འབར་བ། བདུད་རྩི་འོད། དབང་ཆུ། རབ་གནས། སྦྱིན་སྲེག་ཆོ་ག འཁོར་ལོ་བདེ་མཆོག་ལཱུ་ཧི་པ། དྲིལ་བུ་སྐོར་གསུམ། མཆོད་པའི་ལག་ལེན་དང༌། མི་གཡོ་བ། སྒྲོལ་མ། འཇམ་དཔལ། སྤྱན་རས་གཟིགས། གདུགས་ཀར། རྣམ་རྒྱལ། འོད་ཟེར་ཅན། རྣམ་འཇོམས་ལ་སོགས་པའི་སྒྲུབ་ཐབས་ཐུགས་དམ་དུ་མཛད་པ་རྣམས་དང༌། རྩ་ལྟུང༌། བླ་མ་ལྔ་བཅུ་པ། སྡོམ་པ་ཉི་ཤུ་པ། ཕྱག་ན་རྡོ་རྗེ་མདོ་ལུགས་སུ་གྲགས་པ་བརྟག་པའི་སྐོར་དང་བཅས་པ། སྨན་དཔྱད་ཀྱི་གཞུང་དང་མན་ངག་རྣམས་གསན་ནོ། །ཡང་རང་གི་ཁུ་བོ་དགེ་བའི་བཤེས་གཉེན་སྡེ་སྣོད་ཀྱི་མངའ་བདག་ཤེས་རབ་མི་འཕྲོགས་པ་དང་ལྡན་ཞིང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་བྱིན་གྱིས་བརླབས་ཤིང་གཞན་དོན་ལ་བརྩོན་པའི་གོ་ཆ་ཆེན་པོ་ཅན། རྒྱལ་སྲས་གཞོན་ནུའི་ས་བོན་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མཛད་པ། ཡི་དམ་ལྷ་ལས་དངོས་སུ་གནང་བ་ཐོབ་ཅིང༌། མདོ་རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་པའི་མཛོད་དུ་གྱུར་པ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་ཡུན་རིང་དུ་བསྟེན་ཅིང་གསན་པའི་རིམ་པ་ནི། གསང་སྔགས་རྣལ་འབྱོར་ཆེན་པོ་ལ། དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བཞི་བསྐུར་ནས། ཞུས་པ་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང༌། བཤད་པའི་རྒྱུད་རྡོ་རྗེ་གུར། སཾ་པུ་ཊ། ཐིག་ལེ་སྐོར་གྱི་རྒྱུད་བཞི། འགྲེལ་པ་ཀུ་མུ་ཏའི་བཤད་པ། དཀྱིལ་ཆོག་སྒྲུབ་ཐབས་དུ་མ་དང་བཅས་པ། པད་མ་ཅན། ནག་པོ་དཀའ་འགྲེལ། བྷ་བ་མ། མུ་ཏིག་ཕྲེང་བ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ། དཀྱིལ་ཆོག་སྒྲུབ་ཐབས་མན་ངག་དང་བཅས་པ། རཱ་ལྀའི་རྒྱུད་གསུམ་མན་ངག་དང་བཅས་པ། གུར་གྱི་འགྲེལ་ཆུང༌། སཾ་པུ་ཊའི་འགྲེལ་པ་ཨིནྡྲ་བྷཱུ་ཏི་མ། བརྟག་པ་གཉིས་ཀྱི་སྐབས་འགྲེལ་བརྒྱད། གྲུབ་པ་སྡེ་བརྒྱད། གྲུབ་པའི་ཁོངས་སུ་གཏོགས་པ་ཕྲན་དུ་མ། སྙིང་པོའི་སྐོར་ཕྲ་མོ་ཉི་ཤུ་རྩ་ལྔ་ཡན་ལག་དང་བཅས་པ། ཤིན་ཏུ་ཟབ་པའི་མན་ངག་གིས་བརྒྱན་པ། ཐུན་མོང་མ་ཡིན་པའི་གདམས་ངག་དང༌། ལམ་འབྲས་བུ་དང་བཅས་པས་གཙོ་བྱས་པ་ལམ་སྐོར་དགུ་ཕྲ་མོ་དང་བཅས་པ། རེ་རེའང་མན་ངག་དུ་མས་བརྒྱན་ཅིང་དེ་དག་ལུང་སྦྱོར་དང་བཅས་པ་གསན་ནོ། །འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས། དེའི་སྐོར་ལ་བདེ་མཆོག་རྩ་བའི་རྒྱུད། བཤད་པའི་རྒྱུད། ཨ་བྷི་དྷ་ན། ཧེ་རུ་ཀ་མངོན་འབྱུང༌། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། རྣལ་འབྱོར་མ། ཁ་སྦྱོར། སྡོམ་པ་འབྱུང་བ། ཕག་མོ་མངོན་འབྱུང༌། མཁའ་འགྲོ་རྒྱ་མཚོ། འགྲེལ་པ་ཀོངྐ་ན་དཀྱིལ་ཆོག་སྒྲུབ་ཐབས་དང་བཅས་པ། ཀཾ་པ་ལ། རྡོ་རྗེ་མཁའ་འགྲོ་དང་ཀུན་སྤྱོད་ཀྱི་འགྲེལ་པ། གཉིས་ཀའི་བཤད་སྦྱར། ལཱུ་ཧི་པའི་རྩ་བཤད་འགྲེལ་པ། རྡོ་རྗེ་དྲིལ་བུ་པའི་ཆོས་གསུམ། ཀོངྐ་ནའི་དཀྱིལ་ཆོག་སྒྲུབ་ཐབས་དང་བཅས་པ། ནག་པོ་སྤྱོད་པའི་རྡོ་རྗེའི་ཆོས་དྲུག་མན་ངག་དང་བཅས་པ། རྣལ་འབྱོར་མའི་ཆོས་དྲུག ནཱ་རོ་པའི་ཆོས་དྲུག་བརྒྱུད་པ་མི་གཅིག་པ་གཉིས། ནཱ་རོ་མཁའ་སྤྱོད། རྩ་དབུ་མ་ལ་སོགས་པ་ཐུན་མོང་མ་ཡིན་པའི་གདམས་ངག་སྐོར་དང་བཅས་པ། མི་ཏྲཱི་མཁའ་སྤྱོད། ལྷན་སྐྱེས་རྣལ་འབྱོར་མ་ལ་སོགས་པའི་སྒྲུབ་ཐབས་ཕྲ་མོའི་ཆོས་སྐོར་དང་བཅས་པ་གསན་ནོ། །གཤིན་རྗེའི་གཤེད་ཀྱི་རྒྱུད་གསུམ་གྱི་བཤད་པ་དང༌། དཀྱིལ་ཆོག་སྒྲུབ་ཐབས་མན་ངག་དང་བཅས་པ་གསན་ནོ། །གསང་བ་འདུས་པ་རྒྱུད་རྐྱང་གི་བཤད་པ་དང༌། བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ། ལྷ་མོ་བཞིས་ཞུས། དགོངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣམས་གསན་ནོ། །སློབ་དཔོན་འཕགས་པའི་སྐོར་ལ། འགྲེལ་པ་སྒྲོན་གསལ། མདོར་བྱས། མདོར་བསྲེ། རིམ་ལྔ། སྤྱོད་བསྡུས། དཀྱིལ་ཆོག་ཉི་ཤུ་པ། བདག་བྱིན་གྱིས་བརླབ་པ། སེམས་ཀྱི་སྒྲིབ་སྦྱོང༌། བྱང་ཆུབ་སེམས་འགྲེལ། སྒྲུབ་ཐབས་ཀྱི་རྣམ་གཞག རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྣམས་གསན་ནོ། །སངས་རྒྱས་ཡེ་ཤེས་ཞབས་སྐོར་ལ། འཇམ་དཔལ་གྱི་ལུང་ཁོང་རང་གིས་མཛད་པ། ཞལ་གྱི་ཆོས་བཅུ་བདུན། ཀུན་ཏུ་བཟང་པོའི་རྩ་འགྲེལ་དང་བཅས་པ། རྒྱུད་ཀྱི་འགྲེལ་པ་གསང་བ་འདུས་པའི་རྒྱན་ཛ་ཡནྟ། རིན་ཆེན་ལྗོན་ཤིང༌། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ། མི་བསྐྱོད་རྡོ་རྗེ་སྒྲུབ་ཐབས་བསྟན་པའི་ནོར་རྫས། འཁོར་ལོའི་རྐང་པ་ལ་སོགས་པ་དུ་མ་གསན་ནོ། །སྨན་ཞབས་ཀྱི་སྐོར་ལ། ཞལ་གྱི་ལུང་དང་མཐུན་པའི་ཆོས་བཅུ་བདུན་པ་དང༌། མར་མེ་མཛད་ཀྱི་དཀྱིལ་ཆོག་རྣམས་ཀྱི་འགྲེལ་པ་བཅུ་དགུ་དངོས་གྲུབ་འབྱུང་བའི་གཏེར་ལ་སོགས་པ། མན་ངག་དང་བཅས་པ་གསན་ནོ། །མཚན་ཡང་དག་པར་བརྗོད་པ་མན་ངག་གི་བཤད་པ། འགྲེལ་པ་ཆེན་པོ་སྔགས་དོན་རྣམ་གཟིགས། ལམྦུ་ཊཱི་ཀ ཟླ་བཟང་མ། རྣམ་པར་རྟོག་གེ གསང་ལྡན་ལ་སོགས་པ་ཕྲན་དང་བཅས་པ་གསན་ནོ། །དུས་ཀྱི་འཁོར་ལོའི་སྦྱོར་དྲུག རྩིས་ཀྱི་མན་ངག་ཕྲ་མོ་དང་བཅས་པ་གསན་ནོ། །དོ་ཀའི་ཆོས་དེ་ཉིད་བཅུ་པ་ལ་སོགས་པ་ཕྲན་དུ་མ་དང་བཅས་པ་གསན་ནོ། །དེ་ཁོ་ན་ཉིད་འཇུག་པ་ལ་སོགས་པ་སྔགས་སྤྱིའི་བསྟན་བཅོས་མང་དུ་གསན་ནོ། །གསང་སྔགས་སྔ་འགྱུར་ལ་སྒྱུ་འཕྲུལ། གསང་རྙིང༌། སྔ་འགྱུར་ལྔ། རྡོ་རྗེ་ཕུར་པ། ཡང་དག སྒྲོན་མ་དྲུག་ལ་སོགས་པ་གསན་ནོ། །རྣལ་འབྱོར་གྱི་རྒྱུད་ལ། དེ་ཉིད་བསྡུས་པ་རྩ་བའི་བཤད་པ། འགྲེལ་པ་དེ་ཉིད་སྣང་བ། རྒྱུད་རྡོ་རྗེ་རྩེ་མོ་དཔལ་མཆོག་དང་པོ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ། མགོན་པོ་ཀུན་སྣང༌། ངན་སོང་སྦྱོང་རྒྱུད། དཔའ་བོ་གྲུབ་པ། དཀྱིལ་ཆོག་རྡོ་རྗེ་འབྱུང་བ། གཙུག་དགུ། ཀུན་རིག རབ་ཏུ་གསང་བའི་རྒྱུད། སྐུ་གཟུགས་ཀྱི་ཆ་དབྱེ་བ་ལ་སོགས་པ་རྣམས་དང༌། སྦྱིན་སྲེག་གི་ཆོ་ག་དང་སེམས་དཔའ་འབྱུང་བ་དང་བཅས་པ་ལ་སོགས་པ་ཕྲན་མང་བ་ཞིག་གསན་ནོ། །སྤྱོད་པའི་རྒྱུད་ལ། རྣམ་སྣང་མངོན་བྱུང༌། མི་གཡོ་བའི་རྟོག་པ་ཆེན་མོ་ལེའུ་དགུ་པ་ལེའུ་བདུན་པ་རྣམས་གསན་ནོ། །བྱ་བའི་རྒྱུད་ལ། ལེགས་པར་གྲུབ་པ། དཔུང་པ་བཟང་པོ། གསང་བ་སྤྱི་རྒྱུད། བསམ་གཏན་ཕྱི་མ། དམ་ཚིག་གསུམ་བཀོད། དོན་ཡོད་ཞགས་པ། རྡོ་རྗེ་རྣམ་འཇོམས། གཟུངས་གྲ་ལྔ། རྣམ་རྒྱལ། དྲི་མེད། འོད་ཟེར་ཅན་ལ་སོགས་པ་གཟུངས་ཕྲ་མོ་དཔག་ཏུ་མེད་པ་ཆོ་ག་དང་བཅས་པ་རྣམས་གསན་ནོ། །བྱ་སྤྱོད་གཉིས་ཀྱི་དབང་རིགས་གསུམ་མགོན་པོ། མི་གཡོ་བ། སྒྲོལ་མའི་རིག་པ་གཏད་པ་རྣམས་ཞུས་སོ། །དེ་དག་གི་སྒྲུབ་ཐབས་ལ། ཇོ་བོ་རྗེ་ནས་བརྒྱུད་པ། མི་གཡོ་བའི་དམིགས་པ་སྐོར་གསུམ། ཕྱག་ན་རྡོ་རྗེ་ལ་སོགས་པ་དང༌། ཕམ་ཐིང་པ་ལས་བརྒྱུད་པ་སེང་གེ་སྒྲའི་གདོན་དགྲོལ་ལ་སོགས་པ། རྡོ་རྗེ་གདན་པའི་ཆོས་དྲུག་དང༌། བ་རི་བའི་སྒྲུབ་ཐབས་བསྡུས་པ་དང༌། གཉན་གྱི་སྒྲོལ་མ་ལ་སོགས་པ་དཔག་ཏུ་མེད་པ་གསན་ནོ། །དམ་ཚིག་སྐོར་ལ་རྩ་ལྟུང་གི་འགྲེལ་པ་གསུམ། ཆོས་སྐྱོང་རྡོ་རྗེ་གུར་མགོན་ལྕམ་དྲལ་བྲན་གཡོག་གི་མན་ངག་དང་བཅས་པ། མགོན་པོ་གདོང་བཞི་པ། བྱ་རོག་མ། ལྷ་མོ་སྲོག་སྒྲུབ། དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཕུར་སྲུང་རྣམ་གསུམ། བདུད་ཐོད་འཕྲེང་ཅན་ལ་སོགས་པ་མང་ཞིག་གསན་ཏེ། བརྗོད་པར་ག་ལ་ནུས། ཡོན་བདག་ལ་ཛམྦྷ་ལ་སེར་ནག ཚོགས་བདག །རྣམ་ཐོས་སྲས། ནོར་རྒྱུན་མ། ཨ་པ་རཱ་ཛི་ཏ་ལ་སོགས་པ་མང་དུ་གསན་ནོ། །ཕར་ཕྱིན་གྱི་ཕྱོགས་ལ་སངས་རྒྱས་ཕལ་པོ་ཆེ་ཚར་གཅིག དཀོན་མཆོག་བརྩེགས་པ། བསྟན་བཅོས་ལ་སྐྱེས་པའི་རབས། རིན་ཆེན་ཕྲེང་བ། བཤེས་པའི་སྤྲིང་ཡིག བཞི་བརྒྱ་པ། དབུ་མ་ལ་འཇུག སྤྱོད་འཇུག བསླབ་བཏུས། མདོ་ཀུན་ལས་བཏུས་གཉིས། ཀ་ནི་ཀ་ལ་སྤྲིང་བ། ཕུང་པོ་ལྔའི་རབ་བྱེད། གནས་གསུམ་པ། སྤེལ་མར་བསྟོད་པ། ལྷ་ལས་ཕུལ་དུ་བྱུང་བ། ཁྱད་པར་དུ་འཕགས་པའི་བསྟོད་པ། བསྔགས་པར་འོས་པ། ཀླུ་སྒྲུབ་ཀྱི་བསྟོད་པའི་སྐོར་ལ་སོགས་པ། བཀའ་གདམས་ལམ་རིམ་ལ་སོགས་པ་གདམས་ངག་དུ་མ་གསན་ཅིང་ཐུགས་སུ་ཆུད་པར་མཛད། ཁ་རག་སྐོར་གསུམ། བོད་ལ་ཡོད་པའི་སྒྲ་སྨྲ་སྒོ་མཚོན་ཆ། བོད་ཀྱི་བདེ་འཇུག་ལ་སོགས་པ་ལ་མཁས་ཤིང་དག་པར་བྱས་སོ། །བྱ་རང་ཀ་ལ་སོགས་པ་ཡང་གསན། འཕྲལ་སྐད་རྒྱ་གར་སྐད་དང་ལབ་ཏུ་བཏུབ་པ་དང༌། སཾ་སྐྲྀ་ཏ་ཡང་ཆོས་གོ་བ་ཙམ་འགྱུར་ཡང་ཅི་རིགས་པ་མཁྱེན་པར་བསླབས་སོ།། །།ཡང་དགེ་བའི་བཤེས་ལས་མང་དུ་ཐོས་ཤིང་རིགས་པར་སྨྲ་བའི་མཆོག་ཏུ་གྱུར་པར་གྲགས་པ། སྐྱོང་དུར་བ་གཞོན་ནུ་སེང་གེ་ལས། རྟོག་གེ་ཚད་མའི་གཞུང༌། རྣམ་པར་ངེས་པ་གཞལ་བྱ་ཤེས་རབ་སྒྲོན་མའི་ཕྲེང་བ་དང་བཅས་པ་གསན་ནས་མཁས་པར་མཛད་དོ། །དབུ་མ་རྩ་བའི་ཤེས་རབ་ཚིག་གསལ། རྟོག་གེ་ཐོ་བ་སྟོང་ཐུན་དང་བཅས་པ་གསན། ཡང་དགེ་བའི་བཤེས་གཉེན་ཆེན་པོ་མཁས་པ་དུ་མ་བསྟེན་ནས་བློ་གྲོས་གསལ་བའི་འོད་ཟེར་གྱིས། ལྟ་བ་ངན་པའི་མུན་པ་བསལ་ཞིང་དོན་དང་ལྡན་པའི་སྨྲ་བའི་སྣང་བས། སློབ་མ་པདྨོའི་ཚལ་རབ་ཏུ་རྒྱས་པར་བྱེད་པ། ཉི་མའི་དཀྱིལ་འཁོར་ལྟར་ཀུན་ཏུ་གྲགས་པའི་སྐྱེས་བུ་དམ་པ་སློབ་དཔོན་ཞུ་སྟོན་ཞེས་བྱ་བ་ལས་བསྙེན་པར་རྫོགས་པའི་གསང་སྟེ་ཞུས་ནས་བྱམས་པའི་ཆོས་ལྔ་འགྲེལ་བ་དང་བཅས་པ། དབུ་མ་རྒྱན། བདེན་གཉིས། སྤྱོད་ཕྱོགས་ཕྲན་ལ་སོགས་པ་གསན་པར་མཛད་དོ།། །།ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་ཀྱི་བང་མཛོད་ཐོས་བསམ་གྱི་ནོར་གྱིས་གང་ཞིང༌། ཚུལ་ཁྲིམས་ཀྱི་བརྗིད་པའི་ལུས་ལ་ཡོན་ཏན་གྱི་རྒྱན་གྱིས་སྤྲས་པ། སྙིང་རྗེའི་མིག་གིས་གདུལ་བྱའི་སློང་བ་པོ་མཐོང་ན་ཕྲིན་ལས་ཀྱི་ཕྱག་གིས། རྣམ་གྲོལ་གྱི་འབྱོར་པ་སྟེར་བའི་སྦྱིན་བདག་ཆེན་པོ་ལྟ་བུ། བཤེས་གཉེན་དམ་པ་སྤྱི་བོ་ལྷས་པ་ཆེན་པོ་ལས། སྐུ་རབ་གཤེགས་ནས་བསླབ་པ་དང་ལས་ཀྱི་ཆོ་ག་འདོན་པ་ཞུས་ནས་ཆོས་གསན་པ་ནི། མངོན་པ་ཀུན་ལས་བཏུས། ཐེག་བསྡུས། འགྲེལ་ཆུང༌། ཉི་ཁྲིའི་འགྲེལ་པ། བརྒྱད་སྟོང་པའི་འགྲེལ་པ། མདོ་སྡུད་པ་རྣམས་གསན། མན་ངག་ལ་བཀའ་གདམས་ལམ་རིམ་སྐོར་བཅས། དབུ་མ་ཆེན་མོ། ཞི་བྱེད། གཅོད། ཁ་རག་སྐོར་གསུམ། རྨོག་ཅོག་པ་ལས་བརྒྱུད་དེ་འོངས་པ་ན་རོ་ཆོས་དྲུག རིམ་པ་ལྔ་སྟན་ཐོག་གཅིག་པ། རྡོ་རྗེ་ཕག་མོ། རྣམ་འཇོམས་གནུར་ལུགས་རྫོགས་པ། ཡི་གེ་དྲུག་པ་བྱིན་རླབས་དང་བཅས་པ། དབྱངས་ཅན་མ་རྗེས་གནང་དང་བཅས་པ། དེ་ལ་སོགས་པ་མན་ངག་དུ་མ་ཅིག་གསན་ནོ།། །།ཁ་ཆེའི་པཎྜི་ཏ་བསོད་སྙོམས་པ་ཆེན་པོ་ཚུལ་ཁྲིམས་དང་ལྡན་ཞིང༌། ཐུགས་བློ་གྲོས་རྒྱ་མཚོ་ལྟར་གྱུར་པ་ཤེས་བྱའི་གནས་ལྔ་ལ་མཁས་ཤིང༌། བསྒྲུབ་པ་ལ་བརྩོན་པས་དུབ་པ་མེད་པ་ཕུལ་དུ་ཕྱིན་པའི་རྟོགས་པ་དང་ལྡན་ཞིང༌། ཡི་དམ་ལྷ་དུ་མའི་གནང་བ་ཐོབ་པ། རྒྱལ་བའི་བསྟན་ལ་ཀུན་མཁྱེན་གཉིས་པ་ལྟར་གྲགས་ཤིང༌། སྟོན་པའི་བྱ་བ་མཛད་པ་ཤཱཀྱ་ཤྲཱི་བྷ་དྲ་ལས། ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་སྦྱངས་ཤིང༌། རྟོག་གེའི་བསྟན་བཅོས་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཀུན་ལས་བཏུས་པ་དང༌། དེའི་དོན་རྒྱ་ཆེར་སྟོན་པ་རིག་པའི་རྒྱལ་པོ་རྣམ་འགྲེལ་དང༌། དེའི་འགྲེལ་པ་སྟོང་ཕྲག་ཕྱེད་དང་བཞི་པ་དང༌། རྒྱན་དང༌། ལྷ་དབང་བློ་དང༌། རྣམ་ངེས་ཀྱི་འགྲེལ་པ་ཆོས་མཆོག རིག་ཐིགས། རྒྱུད་གཞན་གྲུབ་པ། གཏན་ཚིགས་ཐིགས་པ། དམིགས་པ་བརྟག་པ། རབ་བྱེད་ཕྲ་མོ་དང་བཅས་པ། ཆོས་མངོན་པ་མཛོད་གསན། དེ་ཉིད་ཀྱི་དྲུང་དུ་སྐུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས། འདུལ་བ་མདོ་དང༌། སོ་སོར་ཐར་པ་སུམ་བརྒྱ་པ། དགེ་སློང་གི་ཀཱ་རི་ཀཱ་དང༌། ཕ་རོལ་དུ་ཕྱིན་པ་བདུན་བརྒྱ་བ་དང༌། རྡོ་རྗེ་གཅོད་པ། མངོན་རྟོགས་རྒྱན། ཕྱོགས་ཀྱི་གླང་པོས་མཛད་པའི་བརྒྱད་སྟོང་པའི་དོན་བསྡུས་རྩ་འགྲེལ། ཐེག་པ་ཆེན་པོ་ཉི་ཤུ་པ། སུམ་ཅུ་པ། རྣམ་བཤད་རིགས་པ། ཀཾ་པ་ལའི་ཕྲེང་བའི་ཕྲེང་བ། རང་བཞིན་གསུམ་པ་འཇུག་པ་ལ་སོགས་པའི་མངོན་པ་དང༌། ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་བོད་ལ་གྲགས་པ་དང༌། མ་གྲགས་པ་ཕལ་ཆེར་གསན་ནོ། །དེ་ཉིད་ལས་དཔལ་གསང་བ་འདུས་པ་དང༌། གསང་འདུས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཞུས་ནས་དུས་ཀྱི་འཁོར་ལོའི་རྒྱུད་དང༌། དེའི་འགྲེལ་པ་དྲི་མ་མེད་པའི་འོད་དང༌། དཀྱིལ་ཆོག་སྒྲུབ་ཐབས། མཚན་བརྗོད། དུས་ཀྱི་འཁོར་ལོའི་བཤད་ལུགས་ཀྱི་འགྲེལ་པ། དབུ་མལ་དགའ་བའི་འགྲེལ་པ། བརྟག་གཉིས་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་འགྲེལ་པ། བདེ་མཆོག་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ། གསང་འདུས་ཀྱི་དཀྱིལ་ཆོག་ལ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་དང༌། ཤར་ཕྱོགས་པས་མཛད་པ་དང༌། གསང་སྔགས་ཀྱི་མན་ངག་དུ་མ་སྔོན་གྱི་གྲུབ་ཐོབ་རྣམས་ཀྱི་དབྱངས་དང༌། སྒྲོལ་མ་དང༌། འཇམ་དཔལ་ལ་སོགས་པ་ཕྲན་དུ་མ་ཅིག་གསན་ནོ།། །།ཡང་དེའི་སློབ་མ་དབང་པོ་གསལ་ཞིང་ཡིད་གཞུངས་པ། ཡོན་ཏན་ལ་འབད་པ་ཆེར་བསླབས་ནས། བརྗོད་པ་གསལ་པོས་གཞན་ལ་བརྡ་སྤྲོད་པ་ལ་མཁས་པ་སཾ་སྐྲྀ་ཏའི་སྐད་སྨྲ་བའི་མཆོག བལ་པོའི་པཎྜི་ཏ་སངྒྷ་ཤྲཱི་ལས་སྒྲའི་བསྟན་བཅོས་ཙནྡྲ་པ། སུ་བནྟ། ཏི་ངན་ཏ། སྡེབ་སྦྱོར་པྲྀཏྟ་མ་ལ། སྙན་ངག་སྣང་བའི་ཉི་མ་ལ་སོགས་པ་སྐྱེས་པའི་རབས། སློབ་དཔོན་སེང་གེ་ཞབས་ཀྱི་སྐྱེས་རབས་ཆེན་མོ་དཔའ་བོའི་ལ་མཐུད་ནས་ཕར་ཕྱིན་རེ་རེ་ལ་བཅུ་ཚན་རེ་རེ་སྟེ་དྲུག་ཅུ་ཚང་བ་དང༌། མེ་ཏོག་ཕྲེང་འཛིན། ཚད་མ་ཆོས་མཆོག་ཆུང་བ། གཞན་རབ་བྱེད་ཕྲ་མོ་འགའ་དང་བཅས་པ་གསན་ཅིང་མཁྱེན་པར་མཛད་དོ།། །།ཡང་མཛེས་པའི་གངས་རི་ལ་བརྟེན་ནས་བློ་གྲོས་ཀྱི་རྩལ་རྫོགས་ཤིང་ཡོན་ཏན་གྱི་རལ་པས་བརྒྱན་ཏེ། རིགས་པའི་མཆེ་སྡེར་གྱིས་ཕྱིར་རྒོལ་གྱི་གླང་པོ་དྲེགས་པས་མྱོས་པའི་ཀླད་པ་འགེམས་པ། སྨྲ་བའི་སྐྱེས་བུ་མཆོག་ཏུ་གྲགས་པའི་སྐྱེས་བུ་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལ་ཞེས་བྱ་བ་ལས། བྲམ་ཟེ་ཤང་ཀ་ར་ནནྡ་ལ་སོགས་པའི་ཚད་མའི་སྐོར་འགའ་དང༌། རྩོད་པའི་རིགས་པ་རྩ་འགྲེལ་དང༌། །རྒྱུད་གཞན་གྲུབ་པའི་རྩ་འགྲེལ། འགྲེལ་པ་བརྟག་པའི་འགྲེལ། ཛྙཱ་ན་ཤྲཱིའི་རབ་བྱེད། སེལ་བ་བརྟག་པའི་རབ་བྱེད་ལ་སོགས་པ་དང༌། ཕྱིར་སྦྱོར་བའི་དབྱངས་དང༌། གཤིན་རྗེ་གཤེད་དམར་པོ། མི་གཡོ་བ་དཀར་པོ་ལ་སོགས་པ་གསན་པ་ཡིན་ནོ། །བྲམ་ཟེའི་རིགས་པཎྜི་ཏ་སུག་ཏ་ཤྲཱི་ཞེས་བྱ་བ་ལས། ཕྱི་རོལ་པའི་རིག་བྱེད་བཞི་སྒྲ་ངེས་པར་སྦྱར་བ་དང་བཅས་པ་ལ་མཁས་པར་གྲགས་ནས་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་ཞུས་ཏེ། གསུང་རབ་ཀྱི་དོན་ལེགས་པར་བསླབས་པ་ལྟ་བ་གྲུབ་མཐའ་དག་པར་ཤེས་ཤིང༌། བློ་གྲོས་མི་ཟད་པའི་གཏེར་ཆེན་པོ། ཆོས་ལ་གནས་པའི་སྐྱེས་བུ་དམ་པ་ཁ་ཆེ་པཎྜི་ཏའི་དྲུང་དུ་ཕྱིན་པའི་དུས་སུ་མཇལ་བ་ནས་བཟུང་སྟེ། དཔལ་ལྡན་ས་སྐྱའི་དགོན་པར་ཡུན་རིང་དུ་བསྟེན་ནས་ཆོས་གསན་པ་ལ། སྒྲ་ཀ་ལཱ་པ་དང༌། མིང་དང་ཁམས་སྒྲུབ་པའི་རབ་བྱེད་གཉིས། ཚིག་སྒྲུབ་པ། པྲ་ཀྲྀ་ཡ། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྙན་ངག་ཉི་མའི་འོད་ཆེན་པོ་གསུམ་དང༌། གཞོན་ནུ་འབྱུང་བ་ལ་སོགས་པ་ཆུང་ངུ་གསུམ་དང༌། མངོན་བརྗོད་ཨ་མར་ཀོ་ཥཱ། ཟློས་གར་གྱི་བསྟན་བཅོས་བྷ་ར་ཏ། ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་གར། ཕྱི་དང་ནང་གི་གྲུབ་མཐའི་གནད་རྣམས་དང༌། ཚད་མའི་བསྟན་བཅོས་འགའ། རྒྱུད་རྡོ་རྗེ་ས་འོག རྡོ་རྗེ་སྙིང་པོའི་རྒྱན་ལ་སོགས་པ་གསན་ནོ། །པཎྜི་ཏ་དེ་དང་རྡོ་རྗེ་ས་འོག་ལ་སོགས་པའི་རྒྱུད་རྣམས་དང༌། སྐྱེས་རབས་ཆེན་པོ་དང༌། ཚད་མའི་འགྲེལ་པ་དང༌། རབ་བྱེད་མང་ཞིག་གི་འགྱུར་ཡང་མཛད་དོ། །གཞན་རྒྱ་གར་པཎྜི་ཏ་དང་རྣལ་འབྱོར་པ་རྣམས་ལས་བྱུང་བའི་མན་ངག་ཕྲ་མོ་དཔག་ཏུ་མེད་པ་གསན། བོད་ཀྱི་ཡོན་ཏན་ཤེས་པ་རྣམས་ཀྱིས་ཕུལ་བའི་རིག་པ་ངོ་མཚར་ཅན་གྲངས་མེད་པའི་མཛོད་ཆེན་པོར་གྱུར་པ་ཡིན་ནོ།། །།ཡན་ལག་བརྒྱད་ལྡན་ཆུ་བོ་རྣམས། །ཡུལ་ནས་ཡུལ་དུ་མངོན་བྱུང་ནས། །རྒྱ་མཚོ་ཆེན་པོའི་གནས་སུ་བབ། །ནམ་མཁའི་ཆར་གྱིས་རྒྱས་པར་བྱེད། །དེ་བཞིན་མདོ་རྒྱུད་ཆུ་བོ་རྣམས། །མཁས་པའི་ཡུལ་ནས་ལེགས་བྱུང་ནས། །སྐྱེས་ཆེན་བློ་གྲོས་རྒྱ་མཚོར་བབ། །མན་ངག་ཆར་གྱི་གང་བར་བྱས། །གཏིང་མཐའ་རབ་ཡངས་བློ་གྲོས་རྒྱ་མཚོ་འཁོན། །རྣམ་མང་ཐོས་པའི་ཆབ་ཀྱིས་ལེགས་བཀང་ནས། །ཡོན་ཏན་རིན་ཆེན་ཀུན་གྱི་གཏེར་གྱུར་པ། །ཆོས་རྗེ་རྒྱ་མཚོའི་དབང་པོ་ལ་ཕྱག་འཚལ། །དེ་ལྟར་སྐྱེས་ཐོབ་ཀྱི་ཤེས་རབ་ཕུལ་དུ་ཕྱིན་པ་དང་ལྡན་ཞིང༌། བརྩོན་པ་དང་འབད་པ་ཆེན་པོས་ཡུན་རིང་དུ་བསླབ་སྦྱོང་མཛད་པས། མང་དུ་ཐོས་པར་གྱུར་ནས། མཁས་པའི་བྱེད་པ་ཅི་ལྟ་བུ་དང་ལྡན་ཞེ་ན། གྲུབ་པའི་མཐའ་ལ་མཁས་པའི་ཚུལ་གསུམ་དུ་ཤེས་ལྡན་རྣམས་སྨྲ་སྟེ། གང་ཞེ་ན། སྨྲས་པ། བཤད་པའི་ངག་གི་ཟེར་གྱིས་གཞན་བློའི་མུན་པ་སེལ། །རྩོམ་པ་ལེགས་བཤད་ཕྲེང་བས་མཁས་རྣམས་དགའ་བསྐྱེད། །རྩོད་པ་རིགས་པའི་མཚོན་ཆས་ཕས་ཀྱི་རྒོལ་བ་འཇོམས། །གཞན་རིགས་མཁས་པ་མཐར་ཕྱིན་དགོས་པ་གྲུབ་པ་འཛིན། །དོན་བརྗོད་ན་བཤད་པ་ངག་གི་ཟེར་གྱིས་གཞན་བློའི་མུན་པ་སེལ་བ་དང༌། རྩོམ་པ་ལེགས་བཤད་ཀྱི་ཕྲེང་བས་མཁས་པ་རྣམས་དགའ་བ་སྐྱེད་པ་དང༌། རྩོད་པའི་རིགས་པའི་མཚོན་ཆས་ཕས་ཀྱི་རྒོལ་བའི་དཔུང་འཇོམས་པའོ། །དེ་དག་ཀྱང་འདི་ལ་མངའ་སྟེ། ཆོས་གསུང་བ་ན་གཞུང་གང་ཡིན་ན་ཡང༌། ཚིག་དང་དོན་དུ་བཅས་པ་མི་འགལ་ཞིང་འབྲེལ་ལ་མ་བལྡབས་ཤིང་ཚང་ལ། དོན་ཅི་ལྟ་བ་བཞིན་དུ་འཁྲུལ་བ་མེད་པར་སྒྲ་གསལ་ཞིང་རྫོགས་ལ། རྣར་སྙན་ཅིང་བློ་ལ་འབབ་པའི་གསུང་གིས་བརྡ་སྤྲོད་པར་བྱེད་པ་ཡིན་ཏེ། འདིས་དགུང་ལོ་བདུན་ལོན་པ་ན། མཚོ་སྐྱེས་ལ་སོགས་པའི་སྒྲུབ་ཐབས་རྣམས་ཐུགས་ལས་གསུང་ཞིང༌། ལོ་བཅུ་གཅིག་པ་ན་བརྟག་པ་གཉིས་པ་སྟོང་ཐུན་རྣམ་གཞག་དང་བཅས་པ་ཐུགས་ལས་གསུངས་ཏེ། དེ་ནས་སྔགས་ཀྱི་རྒྱུད་སྡེ་མང་པོ་གསུངས་ལ། དགུང་ལོ་བཅུ་དགུ་ལ་ཚད་མ་རྣམ་ངེས་ཚར་གསུམ་གསན་ནས་དཔེ་ལ་མ་ལྟོས་པར་གསུངས་པ་ནས་བཟུང་སྟེ། དིང་སང་གི་བར་དུ་གཞུང་ལུགས་དུ་མ་རྒྱུན་མ་ཆད་པར་འཆད་པ་ནས། གསུང་གི་འོད་ཟེར་གྱིས་ཉན་པ་པོའི་མི་ཤེས་པའི་མུན་པ་སེལ་ཞིང༌། བློ་གྲོས་ཀྱི་པད་མོ་རྒྱས་པར་བྱེད་ལ། ཆོས་ཀྱི་སྣང་བ་རྒྱ་ཆེན་པོ་བསྐྱེད་པའི་ཕྱིར། ཉི་མའི་ཟེར་བས་ཀྱང་མཆོག་ཏུ་གྱུར་པ་ཡིན་ནོ། །རྩོམ་པའི་ཚུལ་ལ་ཕན་པ་དང་སྡེབ་སྦྱོར་གཙོར་བྱེད་པ་གཉིས་ལས། ཕན་པ་གཙོར་མཛད་པ་ཡང་དོན་དང་ཚིག་ལ་སྐྱོན་མེད་ཅིང༌། འབྲེལ་ཆགས་པའི་ངག་གིས་མདོ་རྒྱུད་དང་མཐུན་པར་བརྗོད་བྱ་གསལ་བར་སྟོན་ཅིང༌། མཁས་པ་རྣམས་ཀྱིས་སྐྱོན་གདགས་པར་མི་ནུས་ལ། ངོ་མཚར་དུ་བལྟ་བ་ཁོ་ན་ཡིན་ནོ། །སྡེབ་སྦྱོར་གཙོར་མཛད་ན་ཡང་བདེ་བར་གཤེགས་པའི་བསྟོད་པ་དང༌། ཐུགས་རྗེ་ལ་བསྐུལ་བ་དང༌། ལེགས་པར་བཤད་པ་ལ་སོགས་པ་སྡེབ་ལེགས་ཤིང༌། དཔེ་དོན་མི་འགལ་བ་ལྕི་ཡང་དང་རིང་ཐུང་ལ་སོགས་པ་ལེགས་པར་ཕྱེད་ཅིང༌། ཚིག་གི་རྒྱན་དང་ངལ་བསོ་བའི་གནས་ཀྱིས་མཛེས་པར་བྱས་ལ། རྩོམ་པའི་ཕྲེང་བ་མཆོག་ཏུ་གྱུར་པ་མཛད་པ་རྣམས་ནི་བརྗོད་བདེ་ཞིང༌། རྣར་སྙན་ལ་ཡིད་དུ་འོང་བ་ཤ་སྟག་ཡིན་ཏེ། གསེར་གྱི་རྒྱན་དང༌། རིན་པོ་ཆེ་པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལ་ལ་སོགས་པས་སྤྲས་པ། མུ་ཏིག་ཕྲེང་བ་བལྟ་ན་སྡུག་པ་བས་ཀྱང་མཆོག་ཏུ་མཛེས་པའི་བསྟན་བཅོས་རྣམས་ནི་མཐོང་ཞིང་ཐོས་པ་ན། མཁས་པ་རྣམས་ཡིད་དགའ་བ་སྐྱེ་ཞིང་བློ་གསལ་ཞིང་གཞོན་ནུ་རྣམས་ཀྱི་ཁ་རྒྱན་དུ་གྱུར་ལ། ཤེས་ལྡན་རྣམས་ཡིད་སྨོན་གྱི་གནས་སུ་བྱེད་པ་འབའ་ཞིག་མཛད་པའོ། །འདིའི་རྩོད་པའི་ཚུལ་ནི། འགྲན་ཟླ་མེད་པའི་བློ་གྲོས་དང་ལྡན་ཞིང༌། འཇིགས་པ་མེད་པའི་སྤོབས་པ་བརྙེས་པ་དང༌། ཕྱིན་ཅི་མ་ལོག་པའི་གཞུང་ལུགས་མཁྱེན་པའི་དབང་གིས་རྣམ་པར་དག་པའི་ངག་གིས་སྨྲ་སྟེ། སྐྱོན་མེད་པའི་དམ་བཅའ་ཡང་དག་པར་བརྗོད་ཅིང༌། བཟློག་མི་ནུས་པའི་ཐལ་བའི་འཕེན་པས་ཕྱིར་རྒོལ་གྱི་སྤོབས་པ་མྱུར་དུ་འཇོམས་པ་ཡིན་ཏེ། རང་གི་སྡེ་པ་ལ་བོད་ཀྱི་སྡེ་པ་བློ་གསལ་མཁས་པ་ཆེན་པོར་རློམ་ཞིང་སྨྲ་བ་པོར་གྲགས་པ་དུ་མ་ཡང་ཕམ་པར་མཛད་ཅིང༌། རྒྱ་གར་གྱི་པཎྜི་ཏ་འགའ་ཞིག་ཀྱང་ཟིལ་གྱིས་མནན་ལ། གཞན་གྱི་སྡེ་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་ཕྱི་རོལ་པའི་མཁས་པ་ཆེན་པོ་དྲུག་ཀྱང་སྤོབས་པ་མེད་པར་བྱས་ནས། ལྟ་བ་མཆོག་ལ་བཙུད་པ་ཡིན་ལ། དེས་ན་བློ་གྲོས་ཀྱི་ནམ་མཁའ་རིགས་པའི་ཆུ་འཛིན་བསྡུས་ཏེ། སྤོབས་པའི་རླུང་ཤུགས་ཀྱིས་ཐལ་འགྱུར་གྱི་རྡོ་བ་འཕངས་ནས། ཕས་རྒོལ་གཏིང་ཚུགས་པར་སྨྲ་བའི་ལོག་རྟོག་གི་རི་བོ་བསྙིལ་བར་བྱེད་པ། གནམ་ལྕགས་པས་ཀྱང་ནུས་པ་ཁྱད་པར་འཕགས་པ་ཡིན་ལ། དེ་དག་གི་ཚུལ་ཡང་ཁོ་བོས་བསྟོད་པའི་སྐབས་ལ་ལེགས་པར་སྨྲས་པ་ཡིན་ནོ། །རིག་པའི་གནས་གཞན་རྣམས་ནི་མཐར་ཐུག་པར་རྟོགས་ནས། རང་གི་ལེགས་པར་བསྒྲུབ་པ་དང༌། གཞན་ལ་ཕན་པར་བྱས་པ་ལ་སོགས་པ་དགོས་པ་ཅི་ལྟ་བ་བཞིན་དུ་བསྒྲུབས་པར་མཛད་པ་ཡིན་ནོ། །སྐད་གཉིས་སྨྲ་བ་ལ་མཁས་པས་འགྱུར་མཛད་པ་རྣམས་ཀྱང་པཎྜི་ཏ་ལ་ལྟོས་པའམ་མ་ལྟོས་ཀྱང་རུང་སྟེ། རྒྱ་གར་གྱི་སྒྲ་དང་མཐུན་ཅིང༌། བོད་སྐད་ལ་བདེ་ལ། དོན་ཅི་ལྟ་བ་བཞིན་དུ་འབྱུང་བ་ཤིན་ཏུ་ལེགས་པར་མཛད་པ་ཡིན་ནོ། །དེ་ལྟར་སྐྱེས་བུ་དམ་པ་འདི་ནི། རིགས་དང་གཟུགས་ཕུན་སུམ་ཚོགས་ཤིང་བློ་གྲོས་ཕུལ་དུ་བྱུང་བ་དང་ལྡན་ལ། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ཤིང་ཉེས་པ་ཕྲ་མོས་ཀྱང་མ་གོས་ལ། ཐོས་པ་རྒྱ་ཆེན་པོ་མཛད་ཅིང་རིག་པའི་གནས་ལྔ་ལ་མཁས་པ། བརྩོན་པས་ལམ་བསྒྲུབ་ཅིང་ཡོན་ཏན་གྱི་ཚོགས་ཀྱིས་བརྒྱན་པ། རྟོགས་པའི་མཆོག་དང་ལྡན་ཞིང་གཞན་དོན་ལ་རབ་ཏུ་བརྩོན་པའི་བདག་ཉིད་ཆེན་པོ། རྒྱལ་བའི་ཕྲིན་ལས་བསྒྲུབ་ཅིང་བསྟན་པའི་སྒྲོན་མར་གྱུར་པ། ལུས་ཅན་གྱི་མགོན་སྐྱབས་མཛད་པ། མཁས་པའི་ཚོགས་ཀྱི་བསྔགས་པ་བྱེད་ཅིང༌། ཡ་རབས་ཆེན་པོ་རྣམས་ཀྱིས་བཀུར་བའི་གནས་སུ་གྱུར་པ། འཇིག་རྟེན་ན་འགྲན་ཟླ་ཐམས་ཅད་དང་བྲལ་ཞིང་མཆོག་ཏུ་གྱུར་པའི་སྐྱེས་བུར་གྱུར་པར་གྲགས་པ། སྙན་པའི་བ་དན་ཡོན་ཏན་གྱི་རླུང་གིས་བསྐྱོད་ནས། གདུལ་བྱའི་དབང་པོ་ཚིམ་པར་མཛད་པའི། དཔལ་ས་སྐྱ་པཎྜི་ཏ་ཞེས་སྒྲོགས་པ་ནི། འཇམ་པའི་དབྱངས་ཀྱི་ཐུགས་ལ་མངའ་བ་ཡིན་ནོ། །བདག་ཉིད་ཆེན་པོའི་ཡོན་ཏན་མདོར་བསྡུ་ན། །རིགས་གཟུགས་འབྱོར་བ་ཕུན་ཚོགས་ལྷ་དབང་བཞིན། །ཤེས་བྱའི་གནས་ལ་ཀུན་མཁྱེན་ལྟ་བུ་ལགས། །མཆོད་པར་འོས་ལ་གཏོང་ཕོད་ལྡན་དང་མཚུངས། །དོ་ཟླས་དབེན་པ་འཁོར་ལོས་སྒྱུར་བ་ལྟར། །འཇིག་རྟེན་གསལ་བྱེད་འོད་ཟེར་བརྒྱ་པ་བཞིན། །ཉོན་མོངས་གདུང་སེལ་བསིལ་ཟེར་བྱེད་དང་མཚུངས། །དགོས་འདོད་ཀུན་འབྱུང་དཔག་བསམ་ལྗོན་པ་ལགས། །རྟག་ཏུ་ཕན་སེམས་ཕ་མ་ལྟ་བུ་སྟེ། །སྡུག་བསྔལ་ནད་སེལ་སྨན་པའི་རྒྱལ་པོ་མཆོག །ཡོན་ཏན་ཀུན་ལྡན་མགོན་པོ་འཇམ་པའི་དབྱངས། །འགྲོ་བའི་བླ་མ་ཁྱོད་ཞབས་རྟག་ཏུ་མཆོད།། །།འདིའི་ཡོན་ཏན་གྱི་ཆ་གཞན་བསྒྲུབ་པ་ལས་བྱུང་བ། ཟབ་མོའི་ཆོས་གསར་དུ་རྟོགས་པ་དང༌། ཁྱད་པར་ཅན་གྱི་ཕྲིན་ལས་དང༌། ཡི་དམ་ལྷས་བྱིན་གྱིས་བརླབ་པ་ལ་སོགས་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་ངོ་མཚར་བ་དཔག་ཏུ་མེད་པ་ཅིག་ཡོད་མོད་ཀྱང༌། མཐའ་དག་པ་བདག་གིས་བརྗོད་པར་མི་སྤོབས་ལ། རགས་རིམ་རྟོགས་པ་རྣམས་ཀྱང་བཀས་མ་གནང་བའི་ཕྱིར་མ་སྨོས་པ་ཡིན་ནོ། །འོན་ཀྱང་འཇམ་པའི་དབྱངས་ཀྱི་ཐུགས་ལ་མངའ་ཞེས་སྨྲས་པ་དེ་ཉིད་ཀྱི་མདོར་བསྡུས་ནས་བསྟན་པ་ཡིན་ལ། རྒྱས་པར་བརྗོད་པ་ལ་མཐའ་ཡས་ཤིང་ཡོན་ཏན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པས་བརྒྱན་པའི་བདག་ཉིད་ཆེན་པོ་འདི་ལ། སེམས་དྭང་བས་རབ་ཏུ་དྭང་བས་གསོལ་བ་འདེབས་པའི་བརྩོན་འགྲུས་ཀྱི་གོ་ཆ་བ་གོ་བར་བྱའོ། །ཐུགས་རྗེས་འཛིན་ཅིང་བྱིན་རླབས་མྱུར་དུ་འཇུག་པར་འགྱུར་རོ།། །།བློ་གྲོས་པད་འདབ་རབ་རྒྱས་རྒྱ་ཆེ་མཁྱེན་པའི་ཁ་དོག་རབ་གསལ་ཞིང༌། །ཚུལ་ཁྲིམས་ཟེའུ་འབྲུ་རབ་ཏུ་མཛེས་པར་སྣང་བའི་རྟོགས་པའི་ལྟེ་བ་ཅན། །ཡོན་ཏན་སྦྲང་རྩི་མཆོག་ལ་མཆོག་ཏུ་དགའ་བའི་བློ་གསལ་སྦྲང་བུའི་ཚོགས། །ལེགས་སྤྱད་དར་དིར་སྒྲ་སྒྲོགས་འདུས་པའི་ཚོགས་བཅས་ཆོས་རྗེ་སྐྱེ་དགུའི་རྒྱལ། །མི་མཆོག་ཁྱོད་ཀྱི་ཡོན་ཏན་ཕུང་པོ་དཔག་མེད་ནམ་མཁའི་མཐའ། །བདག་བློའི་བུང་བས་ལེགས་པར་བལྟ་ཕྱིར་ཀུན་དུ་འབད་ན་ཡང༌། །ཤེས་རབ་འཕུར་རྩལ་ཞན་པས་ཆ་ཤས་ཙམ་ཡང་རྟོགས་དཀའ་མོད། །དེ་ལྟ་ན་ཡང་དགའ་བའི་ཡིད་ཀྱིས་དབྱངས་སྙན་སྒྲོགས་པར་བྱེད། །བླ་མའི་རྣམ་ཐར་ཅུང་ཟད་བརྗོད་པ་འདི། །བློ་ལྡན་རྒྱལ་བའི་དཔལ་ལ་དོན་གཉེར་བའི། །གྲོགས་མཆོག་གསུམ་གྱིས་བསྐུལ་ནས་ལེགས་པར་བྲིས། །དགེ་བས་ཐམས་ཅད་བླ་མས་རྗེས་འཛིན་ཤོག །བླ་མའི་ཆོས་ཚུལ་བླ་མེད་ལེགས་ཐོབ་ནས། །རྣམ་ཐར་ཕུལ་བྱུང་རྣམ་མང་བསྒྲུབ་བྱས་ཏེ། །སྲིད་པའི་སྐྱེ་བོ་སྲིད་ལས་ལེགས་བསྒྲལ་ནས། །བདེ་བའི་གནས་སུ་བྱང་ཆུབ་བདེ་ཐོབ་ཤོག །མཁས་པས་བྱེད་པ་མཐོང་དང་ཐོས་པ་དང༌། །དྲན་དང་དད་ཅིང་ཡིད་ལ་གང་བྱེད་པ། །དེ་ཡི་རྒྱུད་ལ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་གཟིགས་པ་མྱུར་དུ་འཇུག་པར་འགྱུར། །ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་བརྡ་སྤྲོད་པ་པོ་རྣམས་ཀྱི་ནང་ན་གཙུག་གི་ནོར་བུར་གྱུར་པ་སྡེ་སྣོད་འཛིན་པ་ས་སྐྱ་པའི་རྣམ་ཐར། གུང་ཐང་གི་བཙུན་པ་ཞང་རྒྱལ་བ་དཔལ་གྱིས་ཨུ་རྒྱན་གྱི་དགོན་པར་བྲིས་སོ། །ས་སྐྱ་པཎྜི་ཏའི་རྣམ་ཐར་ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply