༼ན༽
༄༅། །ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན་གྱི་རྩ་བ་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀུན་ཉེ་བར་ཞི་བ་ཅན། །དེ་ལ་ཡོད་མེད་སྤྲོས་པ་མེད། །སྤྲོས་པ་ཉེ་བར་གཅོད་མཛད་པ། །སྤྲོས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་པའི་ཆུ་བོ་འདུས་པ་ཡི། །སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་མ་མཐོང་ནས། །མགོན་མེད་བདག་ཅག་སུ་ལ་སྐྱབས། །དལ་བ་འབྱོར་པའང་ཐོབ་དཀའ་ཞིང༌། །སངས་རྒྱས་བསྟན་པ་ཕྲད་པ་དཀའ། །བླ་མ་བཟང་དང་ཕྲད་དཀའ་ཞིང༌། །དེ་ཡི་གསུང་རབ་འཛིན་པ་དཀའ། །སེམས་ཡོད་རྣམས་ཀྱིས་འདི་ཡི་དོན། །ཡིད་ཆེས་པ་ཡི་དད་པས་སོ། །འདི་དོན་རྟོགས་པས་འཇིག་རྟེན་གྱི། །རྣམ་པར་རྟོག་པ་ཐམས་ཅད་ལྡོག །འཇིག་རྟེན་རྣམ་རྟོག་མ་ལོག་པའི། །ཆོས་པ་བཟང་ཡང་སྲིད་རྩེ་ཡིན། །དཀོན་མཆོག་གསུམ་ལ་མ་ལྟོས་པའི། །གང་ཟག་བཟང་ཡང་མུ་སྟེགས་ཡིན། །ཐབས་དང་ཤེས་རབ་མི་ལྡན་པའི། །སྟོང་ཉིད་རྟོགས་ཀྱང་དགྲ་བཅོམ་ཡིན། །དེ་ལྟར་རྟོགས་ནས་ལམ་ངན་པའི། །ཡིད་ལ་བྱེད་པ་ཀུན་སྤངས་ཏེ། །འཁོར་འདས་གཉིས་ལས་རྣམ་གྲོལ་བའི། །ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱ། །འཁོར་བའི་ཉེས་དམིགས་དྲན་བྱ་ཞིང༌། །དབེན་པའི་གནས་སུ་འདུག་པ་ཡིས། །ཕྱི་ཡི་གཡེང་བ་ཐམས་ཅད་སྤང༌། །ལོངས་སྤྱོད་ཀུན་ལ་ཆོག་ཤེས་པས། །ནང་གི་གཡེང་བ་སྤོང་བར་འགྱུར། །ཐོག་མར་སྐྱབས་འགྲོ་ཁྱད་པར་ཅན། དེ་ནས་བྱང་ཆུབ་སེམས་ལ་འབད། །དབང་བཞི་ལེགས་པར་ཐོབ་པ་དང༌། །ཚོགས་གཉིས་མྱུར་དུ་རྫོགས་པའི་རྒྱུ། །སྐུ་གཉིས་མངོན་དུ་བྱེད་པའི་ཐབས། །རིམ་པ་གཉིས་ཀྱི་ཏིང་འཛིན་བསྒོམ། དེ་ནས་དེ་ཡི་ཡེ་ཤེས་ནི། །ཕྱག་རྒྱ་ཆེན་པོ་གོམས་པར་བྱ། །ཡོད་དང་མེད་པ་ལ་སོགས་པ། །དངོས་པོའི་གནས་ལུགས་དེ་ལ་མེད། །བསྒོམ་བྱ་སྒོམ་བྱེད་ལ་སོགས་པ། །བསྒོམ་པར་བྱ་བ་ཡོད་མ་ཡིན། །སེམས་ལ་ངོ་བོ་མ་གྲུབ་པས། །སེམས་ཀྱི་ངོ་སྤྲོད་ག་ལ་ཡོད། །ཚིག་གི་ཡུལ་ལས་འདས་པའི་ཕྱིར། །བརྗོད་པར་བྱ་བ་ཅི་ཡང་མེད། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །སེམས་ཀྱི་རྣམ་གཡེང་གང་ཡང་མེད། །དམ་པའི་དོན་དུ་དེ་ལྟར་ཡིན། །དེ་ཉིད་ཤེས་པའི་གང་ཟག་གིས། །དེ་ནས་འཁོར་འདས་བསྲེ་བའི་ཕྱིར། །སྤྲོས་བཅས་དང་ནི་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་ཡི། །སྤྱོད་པ་གསུམ་པོ་རྒྱུད་སྡེ་ལས། །ཇི་སྐད་གསུངས་བཞིན་འབད་པས་བསྒྲུབ། །དེ་ཡི་རྟེན་ཅིང་འབྲེལ་འབྱུང་བའི། །ནང་གི་ས་ལམ་ཀུན་བགྲོད་ནས། །རྡོ་རྗེ་འཛིན་པའི་ས་དགེ་བ། །བཅུ་གསུམ་པ་ནི་ཚེ་འདིར་ཐོབ། །ཁྱོད་སྔོན་ལེགས་པར་སྤྱད་པའི་རྒྱུས། །བླ་མ་དམ་པ་མཉེས་བྱས་པས། །སེམས་ཀྱི་དེ་ཉིད་རྟོགས་པར་གསལ། །འོན་ཀྱང་འདི་ཡང་རྟོགས་པར་མཛོད། །དགེ་བ་འདི་དང་དགེ་བ་གཞན། མ་ལུས་གཅིག་ཏུ་བསྡོམ་བྱས་ནས། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །དཔལ་ས་སྐྱ་པཎྜི་ཏས་གུས་པས་གསོལ་བ་འདེབས་པའི་ངོར་གོ་བདེ་བར་སྦྱར་བའོ།། །།སརྦ་མ་ངྒ་ལཾ།། དགེ་འོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply