༈ ས་སྐྱ་བཀའ་འབུམ་ལས་པོད་༼པ་༽ པ།
འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་པོད་དང་པོ།
༄༅། །ཏྲིདྷཱཏུཛགཏོནཱཐཱརྻམཏིདྷྭཛཤྲཱིབྷདྲཔཱདསྱཔྲཝཙནཾཔུསྟཀཿཔྲཐམཱཛྙེཡཔྲཀཱཤནཱམབིཧརཏིསྨ།།
༄༅། །ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་དང་པོ་ལས་ཤེས་བྱ་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ།།
༄༅། །རྒྱ་གར་སྐད་དུ་ཛྙེ་ཡ་པྲ་ཀཱ་ཤ་ནཱ་མ། ན་མསྶརྦྦ་བུདྡྷཱ་ཤྩ་བོ་དྷི་ས་ཏྭེ་བྷྱཿ བོད་སྐད་དུ། ཤེས་བྱ་རབ་ཏུ་གསལ་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཛྙེ་ཡཾ་ཀྲ་ལོ་ཀི་ཏ་ཛྙཱ་ནེ་ནཱ་ནྱ་ཏྐྲྀ་པཻ་སུ་དེ་ཤ་ཀཿ པྲ་ཛྙཱ་པྲ་ཎ་མྱ་ཨ་གྲཱ་ཡ་ཛྙེ་ཡ་པྲ་ཀཱ་ཤ་མུ་ཙྱ་ཏེ། མཁྱེན་པས་ཤེས་བྱ་རབ་གཟིགས་ནས། །བརྩེ་བས་འགྲོ་ལ་ལེགས་སྟོན་པ། །ཤེས་རབ་མཆོག་ལ་ཕྱག་འཚལ་ནས། །ཤེས་བྱ་རབ་ཏུ་གསལ་བ་བཤད། །སྣོད་དང་བཅུད་ཀྱི་འཇིག་རྟེན་དང༌། །ལམ་དང་དེ་བཞིན་འབྲས་བུ་དང༌། །འདུས་མ་བྱས་པའི་ཆོས་རྣམས་ཏེ། །རྣམ་པ་ལྔ་ནི་བསྡུས་པ་ཡིན། །དེ་ལ་སྣོད་ཀྱི་འཇིག་རྟེན་མངོན་པར་གྲུབ་པའི་རྒྱུ་ནི་འབྱུང་བ་ཆེན་པོ་བཞིའོ། །དེའང་ཡོད་ཅིང་འབྱུང་བས་ན་འབྱུང་བའོ། །ས་ནི་སྲ་བའོ། །ཆུ་ནི་གཤེར་བའོ། །མེ་ནི་དྲོ་བའོ། །རླུང་ནི་གཡོ་བའོ། །འབྱུང་བ་དེ་དག་གི་ཤིན་ཏུ་ཕྲ་བའི་མཐར་ཐུག་པ་ནི་ཕྲ་རབ་ཀྱི་རྡུལ་ཏེ་གཞིག་ཏུ་མེད་པའི་ཕྱིར་ཆ་མེད་པ་ཉིད་དོ། །དེ་བདུན་ནི་རྡུལ་ཕྲན་ནོ། །དེ་བདུན་ནི་ལྕགས་རྡུལ་ལོ། །དེ་བདུན་ནི་ཆུ་རྡུལ་ལོ། །དེ་བདུན་ནི་རི་བོང་གི་རྡུལ་ལོ། །དེ་བདུན་ནི་ལུག་རྡུལ་ལོ། །དེ་བདུན་ནི་གླང་རྡུལ་ལོ། །དེ་བདུན་ནི་ཉི་ཟེར་གྱི་རྡུལ་ལོ། །དེ་བདུན་ནི་སྲོ་མའི་ཚད་དོ། །དེ་བདུན་ནི་ཤིག་གི་ཚད་དོ། །དེ་བདུན་ནི་ནས་ཀྱི་ཚད་དོ། །དེ་དག་འདུས་པ་ལས། སྣོད་ཀྱི་འཇིག་རྟེན་དང་ལུས་གྲུབ་བོ། །ནས་བདུན་ལ་ནི་སོར་མོ་གཅིག་གི་ཚད་དོ། །སོར་མོ་ཉི་ཤུ་བཞི་ལ་ནི་ཁྲུ་གང་ངོ༌། །ཁྲུ་བཞི་ལ་ནི་འདོམ་གང་ངོ༌། །འདོམ་ལྔ་བརྒྱ་ལ་ནི་རྒྱང་གྲགས་གཅིག་གོ །རྒྱང་གྲགས་བརྒྱད་ལ་ནི་དཔག་ཚད་གཅིག་གོ །འདིས་འཇིག་རྟེན་དང་ལུས་ཀྱི་ཚད་རྣམ་པར་གཞལ་ལོ། །འཇིག་རྟེན་གྱི་ཁམས་འགྲུབ་པའི་རྐྱེན་ནི། དེར་སྐྱེ་བར་འགྱུར་བའི་སེམས་ཅན་རྣམས་ཀྱིས་ལས་མཐུན་པར་བསག་པའི་དབང་ལས་སོ། །མངོན་པར་འགྲུབ་པའི་ཚུལ་ནི། ནམ་མཁར་སྟོང་པའི་དབྱིངས་སུ་ཕྱོགས་བཅུ་ནས་རླུང་གཡོས་པས། ཕན་ཚུན་ཕུལ་ཏེ་བརྟན་ཞིང་མི་གཡོ་བར་གྱུར་པ། འཇམ་པ་ཞེས་བྱ་བའི་རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་སྐྱ་ཤིན་ཏུ་སྲ་བ། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང༌། རྒྱར་གྲངས་མེད་པ་དང་ལྡན་པ་ཆགས་སོ། །དེའི་སྟེང་དུ་རླུང་གཡོས་པའི་དྲོད་ལས་བྱུང་བའི་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བའི་སྤྲིན་ལས་ཆར་གྱི་རྒྱུན་ཆེན་པོ་བབ་པ་རླུང་གིས་བརྟེན་པ་ནི། འོག་གི་རྒྱ་མཚོ་སྟེ། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང༌། སྟོང་ཕྲག་ཉི་ཤུ་ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང༌། སྟོང་ཕྲག་གསུམ་དང༌། བརྒྱ་ཕྲག་ཕྱེད་དང་ལྔའོ། །ཆུ་དེ་རླུང་གིས་བསྲུབས་པས། གསེར་གྱི་རྡུལ་སྤྲིས་མའི་ཚུལ་དུ་བརྟན་པར་ཆགས་པ་དབང་ཆེན་གསེར་གྱི་ས་གཞི་སྟེ། རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་ལ། སྔར་གྱི་ཆུའི་ཚད་ལ་དེ་སྙེད་ཅིག་བྲི་སྟེ། ཕྱིས་ཆུ་ལ་དཔག་ཚད་འབུམ་ཕྲག་བརྒྱད་གནས་སོ། །གསེར་དེའི་ཐད་ཀའི་ཚད་ནི་ཆུ་དང་མཉམ་ལ། གཉིས་ཀའི་མཐའ་སྐོར་ནི་སུམ་འགྱུར་ཏེ། དཔག་ཚད་ས་ཡ་ཕྲག་གསུམ་དང༌། དྲུག་འབུམ་ཆིག་ཁྲི་སུམ་བརྒྱ་ལྔ་བཅུའོ། །རླུང་གི་དཀྱིལ་འཁོར་ནི་འཇིག་རྟེན་གྱི་ཁམས་མི་མཇེད་ལྟ་བུ་གཅིག་གི་གཞི་ཡིན་ལ། ཆུ་དང་སའི་དཀྱིལ་འཁོར་ནི་གླིང་བཞི་རེ་རེའི་གཞི་ཡིན་ནོ། །དེའི་སྟེང་དུ་སྔ་མའི་ཚུལ་གྱིས་ཆར་གྱི་རྒྱུན་བབས་པ་རྒྱ་མཚོ་ཆེན་པོར་གྱུར་པ་རླུང་གིས་བསྲུབས་པས། ཁམས་རབ་བསྡུས་པ་ལས་རི་རབ་དང༌། འབྲིང་བསྡུས་པ་ལས་གསེར་གྱི་རི་བདུན་དང༌། ཐ་མ་བསྡུས་པ་ལས་ལྕགས་རི་དང༌། སྣ་ཚོགས་པ་བསྡུས་པ་ལས་གླིང་རྣམས་ཆགས་སོ། །དེ་ལ་རི་རབ་ཀྱི་རྒྱུ་ནི་ཤར་དངུལ། ལྷོ་བཻཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་གྱི་རང་བཞིན་ལས་གྲུབ་པའོ། །གཞན་རི་བདུན་ནི་གསེར་འབའ་ཞིག་དང༌། གླིང་རྣམས་ནི་ས་ཤས་ཆེ་བའི་ཁམས་སྣ་ཚོགས་འདྲེས་པ་དང༌། ཁོར་ཡུག་ནི་ལྕགས་ཀྱི་རང་བཞིན་ལས་གྲུབ་པའོ། །ཚད་ནི་རི་རབ་རྒྱ་མཚོའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་ཅིང༌། སྟེང་དུའང་དཔག་ཚད་བརྒྱད་ཁྲི་འཕགས་ལ། ཀུན་ནས་ལྷུན་ཆགས་པའི་དོན་གྱིས་ལྷུན་པོའོ། །དེ་ནས་རིམ་པ་བཞིན་དུ་ཤིང་རྟའི་གཉའ་ཤིང་གི་རྣམ་པ་ལྟ་བུར་གནས་པས་གཉའ་ཤིང་འཛིན་ཞེས་བྱ་བ་རྔམས་སུ་དཔག་ཚད་བཞི་ཁྲི་དང༌། དེ་ནས་གཤོལ་མདའི་རྣམ་པ་འདྲ་བས་གཤོལ་མདའ་འཛིན་ཞེས་བྱ་བ་དཔག་ཚད་ཉི་ཁྲི་དང༌། དེ་ནས་སེང་ལྡེང་གི་མདངས་དང་འདྲ་བས་སེང་ལྡེང་ཅན་ཞེས་བྱ་བ་དཔག་ཚད་ཆིག་ཁྲི་དང༌། དེ་ནས་དབྱིབས་མཛེས་པས་བལྟ་ན་སྡུག་ཅེས་བྱ་བ་དཔག་ཚད་ལྔ་སྟོང་དང༌། དེ་ནས་རྟའི་རྣ་བའི་དབྱིབས་དང་འདྲ་བས་རྟ་རྣ་ཅན་ཞེས་བྱ་བ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་དང༌། དེ་ནས་རྩེ་མོ་དབུས་ཀྱི་ཕྱོགས་སུ་ཅུང་ཟད་འདུད་པས་རྣམ་འདུད་ཅེས་བྱ་བ་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་དང༌། དེ་ནས་མུ་ཁྱུད་དུ་གྱུར་པས་མུ་ཁྱུད་འཛིན་ཞེས་བྱ་བ་དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་དང༌། དེ་ནས་གླིང་བཞིའི་ཁོར་ཡུག་ཡོངས་སུ་བསྐོར་བས་ཁོར་ཡུག་གི་ལྕགས་རི་དཔག་ཚད་སུམ་བརྒྱ་པོ་ཕྱེད་དང་བཅུ་གསུམ་འཕགས་པ་ཡིན་ལ། དེ་དག་གི་ཐད་ཀའི་ཚད་ཀྱང་རྔམས་དང་མཉམ་པ་ཉིད་དོ། །གསེར་གྱི་རི་དེ་དག་གི་བར་ན་ཀླུའི་རྒྱལ་པོ་རྣམས་རྩེ་ཞིང་རོལ་པའི་གནས་ཡིན་པས་རོལ་པའི་མཚོ་སྟེ། རི་བརྒྱད་ཀྱི་བར་ན་གནས་པས་བདུན་ནོ། །དེ་དག་གི་དང་པོ་ལ་རི་རབ་ལ་ཉེ་བ་ནི་གཉའ་ཤིང་འཛིན་གྱི་མཚོ་སྟེ། ཐད་ཀར་དཔག་ཚད་བརྒྱད་ཁྲིའོ། །གཉིས་པ་ནི། གཤོལ་མདའ་འཛིན་གྱི་མཚོ་སྟེ། དཔག་ཚད་བཞི་ཁྲིའོ། །གསུམ་པ་ནི་སེང་ལྡེང་ཅན་གྱི་མཚོ་སྟེ། དཔག་ཚད་ཉི་ཁྲིའོ། །བཞི་པ་ནི་བལྟ་ན་སྡུག་གི་མཚོ་སྟེ། དཔག་ཚད་ཆིག་ཁྲིའོ། །ལྔ་པ་ནི་རྟ་རྣ་ཅན་གྱི་མཚོ་སྟེ། དཔག་ཚད་ལྔ་སྟོང་ངོ༌། །དྲུག་པ་ནི་རྣམ་འདུད་ཀྱི་མཚོ་སྟེ། དཔག་ཚད་ཉིས་སྟོང་ལྔ་བརྒྱའོ། །བདུན་པ་ནི་མུ་ཁྱུད་འཛིན་གྱི་མཚོ་སྟེ། ཐད་ཀར་དཔག་ཚད་ཆིག་སྟོང་ཉིས་བརྒྱ་ལྔ་བཅུའོ། །དེ་ཐམས་ཅད་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའོ། །རི་བརྒྱད་དང་མཚོ་བདུན་པོ་དེ་དག་ནི་གྲུ་བཞིར་གནས་སོ། །དེའི་ཕྱི་རོལ་ན་བ་ཚྭ་ཅན་གྱི་རྒྱ་མཚོ་ཡོད་དེ། མུ་ཁྱུད་འཛིན་གྱི་རིའི་ངོས་ཀྱི་དཀྱིལ་ནས་ཕྱིའི་ལྕགས་རི་ལ་ཐུག་གི་བར་དུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཉིས་སྟོང་ཡོད་ལ། རྒྱ་མཚོའི་ཆུ་དེ་དག་དུམ་བུར་མ་ཆད་ཀྱང༌། རི་རབ་ཀྱི་ངོས་བཞིའི་ཁ་དོག་གི་དབང་གིས་ཤར་ཕྱོགས་ཀྱི་རྒྱ་མཚོ་དཀར་པོ། ལྷོ་སྔོན་པོ། ནུབ་དམར་པོ། བྱང་སེར་པོར་སྣང་བའི་ཕྱིར་རྒྱ་མཚོ་བཞི་ཞེས་བརྗོད་དོ། །དེའི་མཐའ་སྐོར་གྱི་ཚད་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང༌། དྲུག་འབུམ། བདུན་བརྒྱ་ལྔ་བཅུའོ། །དེའི་ཕྱི་རོལ་ཏུ་ཁོར་ཡུག་གི་ལྕགས་རི་སྟེ། མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང༌། དྲུག་འབུམ་ཉིས་སྟོང༌། དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །དེའི་ལྷོ་ཕྱོགས་ན་འཛམ་བུའི་གླིང་ཡོད་དེ། ཤིང་རྟའི་དབྱིབས་ལྟ་བུའོ། །དེའི་ཚད་ནི་ངོས་ཆུང་ཤོས་ལྕགས་རི་ལ་བརྟེན་པ་ལ་དཔག་ཚད་ཕྱེད་དང་བཞི་དང༌། ངོས་གཞན་གསུམ་ལ་སྟོང་ཕྲག་གཉིས་གཉིས་ཏེ། མཐའ་སྐོར་ལ་ནི་དཔག་ཚད་དྲུག་སྟོང་དང་ཕྱེད་དང་བཞི་ཡོད་དོ། །དེའི་ཤར་ན་རྔ་ཡབ་དང༌། ནུབ་ན་རྔ་ཡབ་གཞན་ཞེས་བྱ་བའི་གླིང་གཡོག་གཉིས་ཡོད་དོ། །འཛམ་བུའི་གླིང་འདིའི་ཡུལ་དབུས་སུ་གྱུར་པ་ནི་མ་ག་དྷཱ་སྟེ། དུས་གསུམ་གྱི་སངས་རྒྱས་འབྱུང་བའི་གནས་སུ་གྱུར་པའོ། །དེ་ནས་བྱང་དུ་རི་ནག་པོའི་རྒྱུད་དགུ་འདས་པའི་ཕ་རོལ་ན་གངས་རི་དཔལ་དང་ལྡན་པ་ཞེས་བྱ་བ་ཡོད་དོ། །དེའི་ཕ་རོལ་ན་རི་སྤོས་ཀྱི་ངད་ལྡང་ཞེས་བྱ་བ་ཡོད་དོ། །དེ་གཉིས་ཀྱི་བར་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་མཚོ་མ་དྲོས་པ་ཞེས་བྱ་བ་དབྱིབས་གྲུ་བཞི་ངོས་རེ་ལ་དཔག་ཚད་ལྔ་བཅུ་ལྔ་བཅུ་དང་ཟབས་སུ་ཡང་དཔག་ཚད་ལྔ་བཅུ་ཡོད་པ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱས་འཁོར་བ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་ཡོད་དོ། །དེ་ལས་ནི་ཆུ་བོ་ཆེན་པོ་བཞི་འབབ་སྟེ། ཆུ་བོ་གངྒཱ་ནི་ཤར་ནས་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་ཆུ་བྲན་ལྔ་བརྒྱ་དང་བཅས་ཏེ་ཤར་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །ལྷོ་ནས་སིནྡྷུ་ནི་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་བཻ་ཌཱུརྻའི་བྱེ་མ་འདྲེན་ཅིང་ཆུ་བྲན་ལྔ་བརྒྱ་དང་བཅས་ཏེ་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །ནུབ་ནས་པཀྵུ་ནི་བྲག་རྟའི་ཁ་འདྲ་བ་ནས་ཤེལ་གྱི་བྱེ་མ་འདྲེན་ཅིང༌། ཆུ་བྲན་ལྔ་བརྒྱ་དང་བཅས་པ་ནུབ་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །བྱང་ནས་སཱི་ཏཱ་ནི་བྲག་སེང་གེའི་ཁ་འདྲ་བ་ནས་གསེར་གྱི་བྱེ་མ་འདྲེན་ཅིང་ཆུ་བྲན་ལྔ་བརྒྱ་དང་བཅས་ཏེ་བྱང་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །ཆུ་དེ་དག་གིས་ནི་མཚོ་མ་དྲོས་པ་ལ་ལན་བདུན་བདུན་གཡས་སུ་བསྐོར་ནས་འབབ་པ་ཡིན་ནོ། །གཞན་ཡང་རི་སྤོས་ཀྱི་ངད་ལྡན་གྱི་བྱང་ཕྱོགས་སུ་དཔག་ཚད་ཉི་ཤུ་འདས་པ་ན། བྲག་གསེར་གྱི་བྱ་སྐྱིབས་ཅན་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ། ཚད་ནི་ངོས་རེ་རེ་ལ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད་པ། མཐའ་སྐོར་ལ་དཔག་ཚད་ཉིས་བརྒྱས་འཁོར་བ། རྔམས་སུ་དཔག་ཚད་ཕྱེད་དང་བཞི་འཕགས་ཤིང་བྲག་གཡོག་བརྒྱད་སྟོང་དང་བཅས་པ་ཡོད་དོ། །བྲག་དེའི་བྱང་དུ་དཔག་ཚད་ཉི་ཤུ་འདས་པ་ན། ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་འདོམ་བཞི་བཅུ་ཐུར་དུ་ཟུག་པ། འདོམ་བརྒྱད་ཅུ་གྱེན་དུ་འཕགས་པ། སཱ་ལའི་སྡོང་པོའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་ཡོད་དོ། །ཤིང་དེའི་ཤར་ཕྱོགས་སུ་དཔག་ཚད་ཉི་ཤུ་འདས་པ་ན། རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ་དབྱིབས་ཟླུམ་པོ། ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུ་ཡོད་པ། མཐའ་སྐོར་ལ་དཔག་ཚད་བརྒྱ་ལྔ་བཅུས་འཁོར་བ་ཞིག་ཡོད་དོ། །དེ་ཡང་རྫིང་གཡོག་བརྒྱད་སྟོང་དང་བཅས་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའི་ནང་ན་པདྨའི་འདབ་མ་མཐུག་སྲབ་བ་ལང་གི་ཀོ་བ་ཙམ། སྡོང་བུ་གཤོལ་མདའ་ཙམ། མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་ཡོད་པ། རོ་སྦྲང་རྩི་དང་འདྲ་བ་དག་ཡོད་དེ། བརྒྱ་བྱིན་གྱིས་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་གླང་པོ་ཆེ་བརྒྱད་སྟོང་གི་འཁོར་དང་བཅས་ཏེ། དགུན་ཟླ་བ་བཞི་ནི་བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བར་གནས་ལ། དཔྱིད་ཟླ་བ་བཞི་ནི་སཱ་ལའི་རྒྱལ་པོ་རབ་བརྟན་གྱི་དྲུང་ན་གནས་ཤིང༌། སྟོན་ཟླ་བ་བཞི་ནི་རྫིང་བུ་དལ་གྱིས་འབབ་ཏུ་གནས་སོ། །གཞན་ཡང་མཚོ་མ་དྲོས་པ་ན་ཤིང་ཛམྦུ་ཞེས་བྱ་བ་འབྲས་བུ་མངར་པོ་རྫ་མ་ཙམ་དང་ལྡན་པ་དེ་སྨིན་པ་ཆུའི་ནང་དུ་ལྷུང་བ་ལས་ཛམྦུ་ཞེས་བྱ་བའི་སྒྲ་འབྱུང་བ་ཡོད་དེ། དེ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཉར་སྤྲུལ་ནས་ཟ་བར་བྱེད་ལ། མ་ཟོས་པ་རྣམས་ནི་མ་དྲོས་པའི་ཆུ་དང་ཕྲད་པས་ཛམྦུ་ཆུ་བོའི་གསེར་དུ་འགྱུར་རོ། །ཤིང་དེས་མཚོན་པའི་ཕྱིར་ཛམྦུའི་གླིང་ཞེས་བྱའོ། །གཞན་ཡང་གླིང་འདིའི་ནུབ་ཕྱོགས་ན། ཨཽ་ཌྱན་རྡོ་རྗེ་ཆེན་པོའི་ཕོ་བྲང་ཞེས་བྱ་བ་རིག་པའི་འཛིན་པ་རྣམས་ཀྱི་གནས་ཡོད་ལ། རྡོ་རྗེ་ཐེག་པ་ཕལ་ཆེར་དེ་ནས་བྱུང་ངོ༌། །ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་རི་གྲུ་འཛིན་ཞེས་བྱ་བ་རྩེ་མོ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། རྩ་བ་ན་རྗེ་བཙུན་མ་སྒྲོལ་མ་བཞུགས་པའི་གནས་ཡོད་དོ། །ཤར་ཕྱོགས་རི་བོ་རྩེ་ལྔ་ན་འཕགས་པ་འཇམ་དཔལ་བཞུགས་པའི་གནས་ཡོད་དོ། །གཞན་ཡང་ཡུལ་ཆེན་པོ་བཅུ་དྲུག་དང༌། ཡུལ་ཕྲན་སྟོང་དང༌། མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་དང༌། སྐད་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་དོ་ཞེས་གྲག་གོ །ཕྱིའི་རྒྱ་མཚོའི་ཤར་ཕྱོགས་ན་ལུས་འཕགས་པོ་ཞེས་བྱ་བའི་གླིང་དབྱིབས་ཟླ་གམ་དུ་གནས་པ། དེའི་ཚད་ནི་ཁོར་ཡུག་ལ་བརྟེན་པའི་བཅད་ཁམ་གྱི་ངོས་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་དང༌། ངོས་གཞན་ལ་དཔག་ཚད་སྟོང་ཕྲག་དྲུག་སྟེ། མཐའ་སྐོར་ལ་ནི་དཔག་ཚད་སྟོང་ཕྲག་དྲུག་དང་སུམ་བརྒྱ་ལྔ་བཅུ་ཡོད་དོ། །དེའི་བྱང་ན་ལུས་ཞེས་བྱ་བ་དང༌། ལྷོ་ན་ལུས་འཕགས་ཞེས་བྱ་བའི་གླིང་གཡོག་གཉིས་ཡོད་དོ། །གླིང་གསུམ་པོ་དེ་ནི་གླིང་གཞན་པས་ཤིང་ཏཱ་ལ་བདུན་སྲིད་ཀྱིས་གྱེན་དུ་འཕགས་པའི་ཕྱིར་རམ། དེར་སྐྱེས་པའི་མི་རྣམས་གཟུགས་ཆེ་ཞིང་བལྟ་ན་སྡུག་པའི་ཕྱིར་ལུས་འཕགས་ཞེས་བརྗོད་དོ། །ཕྱིའི་རྒྱ་མཚོའི་བྱང་ན་སྒྲ་མི་སྙན་ཞེས་བྱ་བའི་གླིང༌། དབྱིབས་གྲུ་བཞིར་གནས་པ། དེའི་ཚད་ངོས་རེ་ལ་དཔག་ཚད་ཉིས་སྟོང༌། མཐའ་སྐོར་ལ་དཔག་ཚད་སྟོང་ཕྲག་བརྒྱད་ཀྱིས་འཁོར་བ་ཡོད་དོ། །དེའི་ནུབ་ན་སྒྲ་མི་སྙན་ཞེས་བྱ་བ་དང༌། ཤར་ན་སྒྲ་མི་སྙན་གྱི་ཟླ་ཞེས་བྱ་བའི་གླིང་གཡོག་གཉིས་ཡོད་དོ། །དེ་དག་ཏུ་སྐྱེས་པའི་མི་རྣམས་ཀྱི་ལོངས་སྤྱོད་ནི་རང་རང་གི་དཔག་བསམ་གྱི་ཤིང་ལས་འབྱུང་ངོ༌། །མི་དེ་དག་འཆི་བའི་ཞག་བདུན་གྱི་གོང་རོལ་དུ་དཔག་བསམ་གྱི་ཤིང་ལས་ད་སྟེ་ཞག་བདུན་ནས་འཆིའོ་ཞེས་པའི་སྒྲ་མི་སྙན་པ་འབྱུང་བའམ། པི་ཤཱ་ཙི་ཀ་ཞེས་བྱ་བ་ཤ་ཟའི་སྐད་ཀྱིས་སྨྲ་བའི་ཕྱིར་སྒྲ་མི་སྙན་ཞེས་བརྗོད་དོ། །ཕྱིའི་རྒྱ་མཚོའི་ནུབ་ན། བ་ལང་སྤྱོད་ཅེས་བྱ་བ་དབྱིབས་ཟླུམ་པོ། དེའི་ཐད་ཀར་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ། མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡོད་དོ། །དེའི་ལྷོ་ན་གཡོ་ལྡན་ཞེས་བྱ་བ་དང༌། བྱང་ན་ལམ་མཆོག་འགྲོ་ཞེས་བྱ་བའི་གླིང་གཡོག་གཉིས་ཡོད་དོ། །གླིང་དེ་དག་ན་གནས་པའི་མི་རྣམས་ཤས་ཆེར་བ་ལང་དང༌། རིན་པོ་ཆེ་ལ་ལོངས་སྤྱོད་པའི་ཕྱིར་བ་ལང་སྤྱོད་ཅེས་བརྗོད་དོ། །གླིང་དང༌། རྒྱ་མཚོ་དང༌། རི་དེ་དག་འོག་ཏུ་དཔག་ཚད་བརྒྱད་ཁྲིར་མཚུངས་ཏེ་གསེར་གྱི་ས་གཞི་ལ་བརྟེན་པའི་ཕྱིར་རོ། །ཛམྦུ་གླིང་གི་ཁོར་ཡུག་ན་སིངྒ་ལའི་གླིང་དང༌། གསེར་གླིང་དང༌། ཟླ་བའི་གླིང་ལ་སོགས་པ་གླིང་ཕྲན་དུ་མ་ཡོད་པ་ནི་ཛམྦུ་གླིང་དུ་གཏོགས་ལ། གླིང་གཞན་དག་གི་གླིང་ཕྲན་ཡང་དེ་དང་མཚུངས་པ་ཉིད་དོ། །འདི་ནས་སྟེང་དུ་དཔག་ཚད་བཞི་ཁྲི་འཕགས་པའི་ནམ་མཁའ་ལ་དྭངས་ཤིང་སྒྲིབ་པ་མེད་ལ་ཤིན་ཏུ་བརྟན་པའི་རླུང་གི་དཀྱིལ་འཁོར་གཡས་ཕྱོགས་སུ་འཁོར་བ་ལ་ཉི་མ་དང༌། ཟླ་བ་དང༌། རྒྱུ་སྐར་ལ་སོགས་པ་བརྟེན་ཞིང་དེ་དག་ལ་ནི་ནམ་མཁའ་ལ་རྒྱུ་བའི་ལྷ་རྣམས་གནས་སོ། །དེ་ལ་ཉི་མའི་དཀྱིལ་འཁོར་ནི་མེ་ཤེལ་ལས་གྲུབ་པ། དཀྱིལ་གྱི་ཐད་ཀར་དཔག་ཚད་ལྔ་བཅུ་རྩ་གཅིག་དང༌། མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ་རྩ་གསུམ་གྱིས་འཁོར་ཞིང༌། འཕང་དུ་དཔག་ཚད་དྲུག་དང་བཅོ་བརྒྱད་ཀྱི་ཆ་ཡོད་ལ། སྟེང་དུ་གསེར་གྱི་ཁ་ཁྱེར་གྱིས་ཡོངས་སུ་བསྐོར་ཞིང༌། གསེར་དང༌། དངུལ་དང༌། བཻཌཱུརྻ་དང༌། ཤེལ་ལས་གྲུབ་པའི་ལྕོག་བཞི་དང་ལྡན་པ། ལྷའི་བུ་ཉི་མ་འཁོར་དང་བཅས་པའི་གཞལ་ཡས་ཁང་ཡིན་ནོ། །དེ་རླུང་འགྲོས་ཀྱིས་བསྐྱོད་པས་གླིང་བཞི་ཉིན་ཞག་གཅིག་ལ་འཁོར་བར་བྱེད་དེ། རང་འགྲོས་ཀྱིས་བྱང་དུ་བགྲོད་པའི་ཚེ་ཉི་མ་རིང་ལ། དེའི་ཚེ་དབྱར་འབྱུང་ངོ༌། །ལྷོར་བགྲོད་པའི་ཚེ་ཉི་མ་ཐུང་ཞིང༌། དེའི་ཚེ་དགུན་དུ་འགྱུར་རོ། །ལྷོ་བྱང་གི་དཀྱིལ་ནས་བགྲོད་པའི་ཚེ་ཉིན་མཚན་མཉམ་པ་ཉིད་དོ། །དེ་ལྟར་བགྲོད་པའི་འོད་ཟེར་གྱི་དབང་གིས། ཚ་བ་དང༌། གྲང་བ་དང༌། དབྱར་དགུན་ལ་སོགས་པའི་དུས་ཀྱི་ངེས་པར་འགྱུར་རོ། །ཉི་མ་དེས་ཟླ་བ་དྲུག་བྱང་དུ་བགྲོད་པ་དང༌། ཟླ་བ་དྲུག་ལྷོར་བགྲོད་པའི་མཚམས་ལ་ཉི་མ་ལྡོག་འཇུག་གི་དུས་ཚིགས་ཞེས་བརྗོད་ཅིང༌། རྒྱུ་སྐར་གྱི་དཀྱིལ་འཁོར་ལན་ཅིག་འཁོར་བ་ལ་ནི་ལོ་གཅིག་ཅེས་བརྗོད་དོ། །ཟླ་བ་ནི་ནོར་བུ་ཆུ་ཤེལ་ལས་གྲུབ་པ། དཀྱིལ་གྱི་ཐད་ཀར་དཔག་ཚད་ལྔ་བཅུ་དང༌། མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ་དང༌། འཕང་དུ་དཔག་ཚད་དྲུག་དང་བཅོ་བརྒྱད་ཀྱི་ཆ་ཡོད་ལ། གསེར་དང༌། དངུལ་དང༌། བཻཌཱུརྻ་དང༌། ཤེལ་ལས་གྲུབ་པའི་ལྕོག་བཞི་དང་ལྡན་པ། ལྷའི་བུ་ཟླ་བ་འཁོར་དང་བཅས་པའི་གཞལ་ཡས་ཁང་ངོ༌། །ཟླ་བའི་དཀྱིལ་འཁོར་དེ་ཉི་མ་དང་ཉེ་བ་དང༌། རིང་བའི་དབང་གི་ཟླ་བ་རང་གི་གྲིབ་མའི་འཕེལ་འགྲིབ་འབྱུང་ཞིང༌། དེའང་ཆ་ཤས་རེ་རེ་འཕེལ་བ་ལས་ནི་ཡར་ངོ་འབྱུང་ལ། ཆ་ཤས་བཅོ་ལྔ་པོ་ཡོངས་སུ་རྫོགས་པ་ལ་ནི་ཉ་གང་བ་ཞེས་བརྗོད་དོ། །ཆ་ཤས་རེ་རེ་འགྲིབ་པ་ལས་ནི་མར་ངོ་འབྱུང་ལ། རང་གི་གྲིབ་མས་ཆ་ཤས་བཅོ་ལྔ་པོ་ཐམས་ཅད་མི་སྣང་བར་འགྲིབ་པ་ལ་ནི་གནམ་སྟོང་ཞེས་བརྗོད་དོ། །ཆ་ཤས་རེ་རེའི་འཕེལ་འགྲིབ་ལ་གནམ་ཞག་ཅེས་བརྗོད་ལ། ཉིན་ཞག་ཕྲུགས་རེ་རེ་ལས་ཞག་ཅེས་བརྗོད་ཅིང༌། དེ་ལྟར་སུམ་ཅུ་ལ་ཟླ་བ་གཅིག་ཅེས་བརྗོད་དོ། །སྐར་མ་རྣམས་ཀྱང་ནམ་མཁའ་ལ་རྒྱུ་བའི་ལྷའི་གཞལ་མེད་ཁང་སྟེ། རྒྱུ་རིན་པོ་ཆེ་ལས་གྲུབ་པ། དབྱིབས་ཟླུམ་པོ། ཚད་ཤིན་ཏུ་ཆུང་བ་ལ་རྒྱང་གྲགས་གཅིག་དང༌། འབྲིང་ལ་རྒྱང་གྲགས་གསུམ་དང༌། ཤིན་ཏུ་ཆེ་བ་ལ་རྒྱང་གྲགས་དྲུག་གི་ཚད་དེ། མཐའ་སྐོར་ལ་ནི་སུམ་འགྱུར་ཉིད་དོ། །དེ་དག་ནི་རྒྱལ་ཆེན་རིགས་བཞི་པའི་ཁོངས་སུ་འདུ་བའོ། །དབུས་ཀྱི་རི་རབ་ལ་ནི་བང་རིམ་བཞི་ཡོད་དེ། ཆུ་མཚམས་ནས་དཔག་ཚད་ཁྲི་འཕགས་པ་ནི་བང་རིམ་དང་པོ་སྟེ། རི་རབ་ཀྱི་ངོས་བཞི་ལས་ཕྱི་རོལ་དུ་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕྱར་རོ། །དེ་ནས་དཔག་ཚད་ཁྲི་འཕགས་པ་ནི་བང་རིམ་གཉིས་པ་སྟེ། ཕྱིར་དཔག་ཚད་སྟོང་ཕྲག་བརྒྱད་འཕྱར་རོ། །དེ་ནས་དཔག་ཚད་ཁྲི་འཕགས་པ་ནི་བང་རིམ་གསུམ་པ་སྟེ། ཕྱིར་སྟོང་ཕྲག་བཞི་འཕྱར་རོ། །དེ་ནས་དཔག་ཚད་ཁྲི་འཕགས་པ་ནི་བང་རིམ་བཞི་པ་སྟེ། ཕྱིར་སྟོང་ཕྲག་གཉིས་འཕྱར་རོ། །རི་རབ་ཀྱི་སྟེང་གི་མཚམས་བཞི་ན་འཕང་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་ཤིང༌། ཆུ་ཞིང་དུ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱས་འཁོར་བའི་ལྕོག་བཞི་ལ། གནོད་སྦྱིན་གསང་བ་པ་རྣམས་གནས་སོ། །དེའི་དབུས་ན་སུམ་ཅུ་རྩ་གསུམ་པའི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་གསེར་གྱི་རང་བཞིན་ལས་གྲུབ་པ། གྱེན་དུ་དཔག་ཚད་ཕྱེད་དང་གཉིས་འཕགས་ཤིང༌། ངོས་རེ་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། མཐའ་སྐོར་ལ་དཔག་ཚད་ཁྲིས་འཁོར་བའི་ལྕགས་རིས་བསྐོར་བ་ཡོད་དེ། གཞི་གསེར་གྱི་རང་བཞིན་ལས་གྲུབ་པ། རིན་པོ་ཆེའི་མདངས་མི་འདྲ་བ་བརྒྱ་རྩ་གཅིག་གིས་བཀྲ་བ། ཤིང་བལ་ལྟར་འཇམ་པ་ཡོད་དོ། །དེའི་ངོས་བཞི་ན་རིན་པོ་ཆེའི་ཀ་བ་ཁྲི་དྲུག་སྟོང་གིས་བཏེག་ཅིང༌། རིན་པོ་ཆེའི་གདུང་དང་ཅམ་ལ་སོགས་པ་དང་བཅས་པའི་རྩིག་སྐྱབས་ཡོད་དོ། །དེའི་ཕྱོགས་བཞི་ན་སྒོ་ཆེན་པོ་བཞི་དང་བཅས་པའི་སྒོ་གྲངས་སྟོང་དུ་གཅིག་གིས་མ་ཚང་བ་དང༌། སྲང་ཆེན་པོ་བཞི་དང༌། སྲང་ཕྲན་དུ་མ་དང་བཅས་པ་ཡོད་དོ། །དེའི་སྒོ་བཞི་ན་ལྷའི་བུ་གོ་ཆ་གྱོན་པ་ལྔ་བརྒྱ་ལྔ་བརྒྱ་བཀོད་དེ་གནས་སོ། །གྲོང་ཁྱེར་དེའི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟངས་ཞེས་བྱ་བ་བརྒྱ་བྱིན་གྱི་ཕོ་བྲང་གྲུ་བཞི་པ་དཔག་ཚད་ཕྱེད་དང་ལྔ་གྱེན་དུ་འཕགས་ཤིང༌། ངོས་རེ་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་ཡོད་པ། མཐའ་སྐོར་ལ་དཔག་ཚད་སྟོང་གིས་འཁོར་བ་ཡོད་དོ། །དེ་ལ་གློ་འབུར་དུ་བྱས་པའི་བ་གམ་ཁང་ཞེས་བྱ་བ་བརྒྱ་རྩ་གཅིག་ཡོད། དེ་རེ་རེ་ན་བརྩེགས་ཁང་བདུན་བདུན། དེ་རེ་རེ་ན་ཡོལ་ཁང་བདུན་བདུན། དེ་རེ་རེ་ན་རྫིང་བུ་བདུན་བདུན། དེ་རེ་རེ་ན་པདྨའི་སྡོང་བུ་བདུན་བདུན། པདྨ་རེ་རེ་ལ་ལྷའི་བུ་དང་བུ་མོ་བདུན་བདུན་གྱིས་གླུ་དང༌། རོལ་མོ་རྣམ་པ་སྣ་ཚོགས་པས་དགའ་བར་བྱེད་པ་དག་ཡོད་དོ། །གྲོང་ཁྱེར་བལྟ་ན་སྡུག དེའི་ཤར་ཕྱོགས་ན་བཞོན་པ་གནས་པ་ཤིང་རྟ་སྣ་ཚོགས་ཞེས་བྱ་བའི་སྐྱེད་མོས་ཚལ་དཔག་ཚད་སྟོང་གིས་འཁོར་བའི་གྲུ་བཞི་པ་ཡོད་དོ། །དེ་བཞིན་དུ་ལྷོ་ཕྱོགས་ན་གཡུལ་དུ་འཇུག་པའི་གནས་རྩུབ་འགྱུར་གྱི་ཚལ་ཞེས་བྱ་བ་དང༌། ནུབ་ཕྱོགས་ན་སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་གནས་འདྲེས་པའི་ཚལ་ཞེས་བྱ་བ་དང༌། བྱང་ཕྱོགས་ན་རྩེ་ཞིང་རོལ་པའི་གནས་དགའ་བའི་ཚལ་ཞེས་བྱ་བ་ཚད་སྔ་མ་དང་འདྲ་བ་ཡོད་དོ། །ཡང་ཚལ་དེ་དག་གི་ཕྱི་རོལ་དཔག་ཚད་ཉི་ཤུ་འདས་པ་ན། ས་གཞི་བཟང་པོ་ཤིང་རྟ་ཅན་དང༌། རྩུབ་འགྱུར་ཅན་དང༌། འདྲེས་པ་ཅན་དང༌། དགའ་བ་ཅན་ཞེས་བྱ་བ་བཞི་ཡང་ཚད་ཚལ་བཞི་པོ་དང་མཉམ་པ་ཡོད་དོ། །ཡང་བལྟ་ན་སྡུག་གི་བྱང་ཤར་མཚམས་ན་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་རྩ་བ་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་པ། སྟེང་དུ་དཔག་ཚད་བརྒྱ་འཕགས་པ། ལོ་འདབ་ཀྱིས་དཔག་ཚད་ལྔ་བཅུར་ཁྱབ་པ། འདོད་དགུ་ཐམས་ཅད་སྟེར་བའི་དཔག་བསམ་གྱི་ཤིང་ཡོད་དེ། དེའི་འོག་ན་ལྭ་བ་དཀར་པོ་ལྟ་བུ་ཨ་མོ་ལི་ཀའི་རྡོ་ལེབ་ཅེས་བྱ་བ་ཆུ་ཞིང་དཔག་ཚད་ལྔ་བཅུ་མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱས་འཁོར་བ་གྲུ་བཞི་པ་ཡོད་དོ། །བལྟ་ན་སྡུག་གི་ལྷོ་ནུབ་མཚམས་ན་ཆོས་བཟང་ལྷའི་འདུན་ས་ཞེས་བྱ་བ་དཔག་ཚད་དགུ་བརྒྱས་འཁོར་བའི་ཟླུམ་པོ་ཡོད་དེ། དེའི་དབུས་ན་བརྒྱ་བྱིན་ཆོས་སྟོན་པའི་གསེར་གྱི་ཁྲི་བཟང་པོ་དང༌། དེའི་མཐའ་མ་ན་ཉེ་དབང་སུམ་ཅུ་རྩ་གཉིས་ཀྱི་གདན་བཤམས་པ་ཡོད་དོ། །དེ་ལྟ་བུའི་སུམ་ཅུ་རྩ་གསུམ་གྱི་གནས་ནས་དཔག་ཚད་བརྒྱད་ཁྲི་འདས་པའི་སྟེང་གི་ནམ་མཁར་རླུང་གི་དཀྱིལ་འཁོར་ལ་བརྟེན་པ་རིན་པོ་ཆེའི་གཞི་ལ་འཐབ་བྲལ་གྱི་ལྷའི་གནས་ཡོད་དེ། དེའི་ཚད་ནི་རི་རབ་ཀྱི་སྟེང་གི་ངོས་བས་ཉིས་འགྱུར་གྱིས་ཆེ་བའོ། །དེའི་སྟེང་ན་དཔག་ཚད་འབུམ་དྲུག་ཁྲི་འདས་པའི་ནམ་མཁར་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་རིན་པོ་ཆེའི་གཞི་ལ་དགའ་ལྡན་གྱི་ལྷའི་གནས་ཡོད་དེ། དེའི་ཚད་འཐབ་བྲལ་བས་ཉིས་འགྱུར་གྱིས་ཆེ་བའོ། །དེ་ནས་དཔག་ཚད་སུམ་འབུམ་ཉི་ཁྲི་འདས་པའི་སྟེང་གི་ནམ་མཁར་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་རིན་པོ་ཆེའི་གཞི་ལ་འཕྲུལ་དགའི་ལྷའི་གནས་ཏེ། དེའི་ཚད་དགའ་ལྡན་པས་ཉིས་འགྱུར་གྱིས་ཆེ་བའོ། །དེ་ནས་དཔག་ཚད་དྲུག་འབུམ་བཞི་ཁྲི་འདས་པའི་སྟེང་གི་ནམ་མཁར་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་རིན་པོ་ཆེའི་གཞི་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཏེ། དེའི་ཚད་འཕྲུལ་དགའ་བས་ཉིས་འགྱུར་གྱིས་ཆེ་བ་ཉིད་དོ། །དེ་མན་ཆད་ནི་འདོད་པའི་ཁམས་སོ། །དེའི་སྟེང་ན་བསམ་གཏན་དང་པོའི་གནས་ཡོད་དོ། །དེ་ལྟར་ན་གླིང་བཞི་དང༌། རི་རབ་དང༌། རི་བདུན་དང༌། ཁོར་ཡུག་དང༌། འདོད་པའི་ལྷའི་གནས་དྲུག་དང༌། བསམ་གཏན་དང་པོ་མན་ཆད་ལ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་གཅིག་ནས་བགྲངས་པའི་སྟོང་ལ་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །སྟོང་ཆུང་ངུའི་འཇིག་རྟེན་དེ་གཅིག་ནས་བགྲངས་པའི་སྟོང་ལ་སྟོང་གཉིས་པ་བར་མའི་འཇིགས་རྟེན་གྱི་ཁམས་ཞེས་བྱ་སྟེ། དེའང་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །དེ་གཅིག་ནས་བགྲངས་པའི་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། ཁོར་ཡུག་དུ་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །དེ་ལ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། དེ་དག་ནི་ཕན་ཚུན་བཀྲམ་པའོ། །དེ་དག་གི་ལྕགས་རིའི་བར་ན་གླིང་བར་གྱི་མུན་པ་ཉིན་མོ་དང་མཚན་མོ་མེད་པར་རང་གི་ལག་པ་བརྐྱང་བའང་མི་མཐོང་བ་ཡོད་དོ། །དེ་ལ་བསམ་གཏན་དང་པོ་ནི་གླིང་བཞི་པའི་འཇིག་རྟེན་དང་ཚད་མཉམ་མོ། །དེའི་སྟེང་ན་བསམ་གཏན་གཉིས་པ་ཡོད་དེ། སྟོང་ཆུང་ངུའི་འཇིག་རྟེན་དང་ཚད་མཉམ་མོ། །དེའི་སྟེང་ན་བསམ་གཏན་གསུམ་པའི་གནས་ཡོད་དེ། སྟོང་གཉིས་པ་བར་མའི་འཇིག་རྟེན་དང་ཚད་མཉམ་མོ། །དེའི་སྟེང་ན་བསམ་གཏན་བཞི་པ་ཡོད་དེ། །སྟོང་གསུམ་གྱི་འཇིག་རྟེན་དང་ཚད་མཉམ་མོ། །དེ་དག་གི་བར་ཐག་གི་ཚད་ནི་འོག་མ་འོག་མ་བས་ཉིས་འགྱུར་གྱིས་འཕགས་སོ། །དེ་དག་ནི་གཟུགས་ཀྱི་ཁམས་ཞེས་བྱའོ། །གཟུགས་མེད་པའི་ཁམས་ལ་ནི་གནས་གཞན་ལོགས་པ་མེད་དེ། དེར་སྐྱེ་བ་ནི་གང་དུ་ཤི་བ་དེ་ཉིད་དུ་གཟུགས་མེད་པའི་ཏིང་ངེ་འཛིན་དང་ལྡན་པར་སྐྱེ་བའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་བཤད་པའི་སྐབས་ཏེ་དང་པོའོ།། །།ད་ནི་བཅུད་ཀྱི་སེམས་ཅན་བཤད་པ་ལ། དེ་ལ་སེམས་ཅན་གྱི་རིགས་ནི་དྲུག་སྟེ། དམྱལ་བ་དང༌། ཡི་དྭགས་དང༌། དུད་འགྲོ་དང༌། མི་དང༌། ལྷ་མ་ཡིན་དང༌། ལྷའོ། །དེ་དག་གི་མིང་གི་དོན་ནི། ལུས་དམྱལ་ཞིང་གཏུབས་པས་ན་དམྱལ་བའོ། །ཁ་ཟས་ཡིད་ལ་བཏགས་པས་ན་ཡི་དྭགས་སོ། །དུད་ཅིང་འགྲོ་བས་ན་དུད་འགྲོའོ། །ཡིད་ཤས་ཆེ་བས་ན་མི་སྟེ། མ་ནུ་ཥའི་དོན་ཏོ། །ལུས་དང་ལོངས་སྤྱོད་ཕལ་ཆེར་ལྷ་དང་འདྲ་ཡང་ཅུང་ཟད་དམན་པའམ། ཆང་མེད་པས་ན་ལྷ་མ་ཡིན་ཏེ། ཨ་སུ་རའི་དོན་ཏོ། །ཚངས་པའི་ལུས་ལས་སྐྱེས་པ་དང༌། བདེ་བ་ལ་རོལ་བ་དང༌། མཆོད་པར་འོས་པས་ན་ལྷ་སྟེ། དེ་ཝའི་དོན་ཏོ། །དེ་ལ་དམྱལ་བ་ནི་འཛམ་བུའི་གླིང་འདིའི་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་གཞལ་བའི་ཁོང་སྟོང་ན་དཔག་ཚད་སྟོང་ཕྲག་ཉི་ཤུ་པ་གྲུ་བཞིར་གནས་པའི་ལྕགས་ལས་གྲུབ་པ་མེ་འབར་བ་ཡོད་དེ། དེ་ན་ཚ་བའི་དམྱལ་བ་བརྒྱད་རིམ་པ་བཞིན་དུ། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་པ་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པ་རྣམས་སོ། །འདི་ལྟར་ཡང་སོས་ནི། སེམས་ཅན་དེ་དག་སྔོན་གྱི་ལས་ཀྱི་མཐུས་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས་ཕན་ཚུན་དུ་དགྲར་འདུ་ཤེས་པས་མཚོན་ཆ་རྣམས་འདེབས་ཏེ། དེ་དག་དུམ་བུ་དུམ་བུར་བྱས་པས། བརྒྱལ་བ་ལྟར་གནས་པ་ན། ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་བྱ་བའི་སྒྲ་འབྱུང་སྟེ། སེམས་ཅན་དེ་དག་ཡང་ལེགས་པར་སོས་པ་དང༌། ཕན་ཚུན་དུ་འཐབ་པར་བྱེད་ལ། ཚེའི་ཚད་ནི་རྒྱལ་ཆེན་རིས་བཞི་པའི་ལྷའི་ཚེ་གཅིག་ལ། ཞག་གཅིག་ཏུ་བརྩིས་པའི་རང་གི་ལོ་ལྔ་བརྒྱ་ཐུབ་པར་སྡུག་བསྔལ་མྱོང་ངོ༌། །ཐིག་ནག་ནི་དམྱལ་བའི་སྲུང་མ་རྣམས་ཀྱིས་སེམས་ཅན་དེ་དག་གི་ལུས་ལ་ཐིག་ནག་པོ་བཏབ་ནས། སྤྱི་བོ་ནས་རྐང་པའི་མཐིལ་གྱི་བར་དུ་སོག་ལེ་མེ་འབར་བ་དང༌། སྟྭ་རེ་རྣམས་ཀྱིས་གཤེག་པར་བྱེད་པ་ན་ལས་ཀྱི་སྟོབས་ཀྱིས་སྟོད་གཤེག་པ་ན་སྨད་སོས་པར་འགྱུར་ལ། སྨད་གཤེག་པ་ན་སྟོད་སོས་པར་འགྱུར་བདག་ཡོད་དེ། ཚེའི་ཚད་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ཚེ་གཅིག་ལ་ཞག་གཅིག་ཏུ་བརྩིས་པའི་རང་གི་ལོ་སྟོང་ཐུབ་པར་སྡུག་བསྔལ་མྱོང་བ་དག་ཡོད་དོ། །བསྡུས་འཇོམས་ནི། སེམས་ཅན་དེ་དག་ལྕགས་ཀྱི་ཐོ་བས་བརྡུང་བ་དང༌། ལྕགས་ཀྱི་རི་ལུག་གི་གདོང་པ་འདྲ་བ་དག་གི་བར་དུ་རྣམ་པར་འཇོམས་ཤིང་འཚིར་བར་བྱེད་དེ། ཕྱིར་གྱེད་པ་ན་རང་སོས་པར་འགྱུར་ལ། ཡང་འཇོམས་པར་བྱེད་པའི་སྡུག་བསྔལ་མྱོང་སྟེ། འཐབ་བྲལ་བའི་ལྷའི་ཚེ་གཅིག་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཉིས་སྟོང་ཐུབ་པར་འགྱུར་རོ། །ངུ་འབོད་ནི་ལྕགས་ཀྱི་ས་གཞི་མེ་འབར་བས་འཇིགས་ཏེ། ནགས་ཐིབས་པོར་ཞུགས་པ་ན་མེ་འབར་བ་སྟེ། དེ་དག་ལོ་མང་པོར་སྲེག་པ་དང༌། ལས་ཀྱི་དབང་གིས་ལྕེ་དཔག་ཚད་སྟོང་ཡོད་པ་ལ་རྭ་དང་རྨིག་པ་ལྕགས་ལས་གྲུབ་པའི་གླང་གིས་དྲུད་པའི་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་རྨོད་པར་བྱེད་པ་དག་ཡོད་དེ། ཚེའི་ཚད་ནི་དགའ་ལྡན་པའི་ལྷའི་ཚེ་གཅིག་ལ་ཞག་གཅིག་ཏུ་བརྩིས་པའི་རང་གི་ལོ་བཞི་སྟོང་ཐུབ་པ་ཡིན་ནོ། །ངུ་འབོད་ཆེན་པོ་ནི་དེ་ལྟ་བུ་ལ་དེ་བས་སྡུག་བསྔལ་ཉིས་འགྱུར་གྱིས་ཆེ་བ། ཚེ་ཚད་ནི་འཕྲུལ་དགའ་བའི་ལྷའི་ཚེ་གཅིག་ལ་ཞག་གཅིག་ཏུ་བརྩིས་པའི་རང་གི་ལོ་བརྒྱད་སྟོང་ཐུབ་པ་ཡིན་ནོ། །ཚ་བ་ནི་ལྕགས་ཀྱི་ཁང་པ་མེ་འབར་བ་སུམ་རིམ་གྱི་ནང་ན་སྲེག་ཅིང་འཚེད་པར་བྱེད་དེ། ཚེའི་ཚད་ནི་གཞན་འཕྲུལ་དབང་བྱེད་པའི་ལྷའི་ཚེ་གཅིག་ལ་ཞག་གཅིག་ཏུ་བརྩིས་པའི་རང་གི་ལོ་ཁྲི་དྲུག་སྟོང་ཐུབ་པ་ཡིན་ནོ། །རབ་ཏུ་ཚ་བ་ནི་དེ་བས་སྡུག་བསྔལ་ཉིས་འགྱུར་གྱིས་ཆེ་བ་སྟེ། ཚེའི་ཚད་ནི་བར་གྱི་བསྐལ་པ་ཕྱེད་ཐུབ་བོ། །མནར་མེད་པ་ནི་ལྕགས་ཀྱི་ཁང་པའི་ནང་ན་ལུས་མེ་ལྕེ་གཅིག་ཏུ་འབར་ཞིང་སྡུག་བསྔལ་མྱོང་སྟེ། ཚེའི་ཚད་ནི་བར་གྱི་བསྐལ་པ་གཅིག་ཐུབ་བོ། །ཚ་བའི་དམྱལ་བ་བརྒྱད་པ་དེ་དག་གི་ཉེ་འཁོར་བ་ངོས་རེ་རེ་ན་དམྱལ་བ་ལྷག་པ་གཞན་བཞི་བཞི་གནས་པས་བཅུ་དྲུག་ཡོད་པ་ནི། འདི་ལྟ་སྟེ། དེ་དག་གི་ཕྱི་རོལ་ན་མེ་མ་མུར་གྱི་འོབས་པུས་མོ་ནུབ་པ་ཙམ་ཡོད་དེ། དེ་ལ་སེམས་ཅན་དམྱལ་བ་པ་དེ་དག་འགྲོ་བ་ན་རྐང་པའི་པགས་པ་དང༌། ཤ་དང་ཁྲག་དག་ཀྱང་གཞོབ་ཏུ་བསྲེགས་ཏེ། རུས་པ་འབའ་ཞིག་ལུས་ཤིང༌། ཡང་རྐང་པ་བཏེག་པ་ན་སླར་ཤ་སྐྱེས་བ་དག་ཡོད་དོ། །དེ་བརྒལ་བ་ན་རོ་མྱགས་ཀྱི་འདམ་ཞེས་བྱ་བ་མི་གཙང་བའི་འདམ་རྫབ་རྐེད་པ་ནུས་པ་ཙམ་ཡོད་དེ། དེ་ལ་དམྱལ་བ་པ་དག་འགྲོ་བ་ན་སྲིན་བུ་མཆུ་རྣོན་ཞེས་བྱ་བ་ལྕགས་ཀྱི་མཆུས་རུས་པའི་བར་དུ་ཟང་ཐལ་དུ་འབིགས་པ་དག་ཡོད་དོ། །དེ་དག་གི་ཕྱི་རོལ་ན་མཚོན་ཆའི་སྐོར་ཞེས་བྱ་བ་ཡོད་དེ། དང་པོ་སྤུ་གྲི་བདལ་བའི་ཐང་ཞེས་བྱ་བ་སྤུ་གྲི་གྱེང་ཤིང་ཙམ་གོ་མཚམས་མེད་པར་གཏམས་པའི་ཐང་ཡོད་དེ། དེ་ལ་འགྲོ་བ་ན་ལུས་དུམ་བུ་དུམ་བུར་བྱེད་པ་དག་ཡོད་དོ། །དེ་ལས་ཐར་བ་ན་རལ་གྲིའི་ལོ་མའི་ནགས་ཚལ་ཞེས་བྱ་བ་ནགས་ཚལ་ཡལ་ག་རལ་གྲི་སོ་རྣོན་པོ་དག་རླུང་གིས་བསྐྱོད་པ་ན་དམྱལ་བ་པ་དེ་དག་གི་ལུས་དུམ་བུ་དུམ་བུར་བྱེད་པ་དག་ཡོད་དོ། །དེ་དང་ཉེ་བ་ན་ལྕགས་ཀྱི་ཁྱི་མཆེ་བ་ཅན་འཇིགས་སུ་རུང་བ་དག་གིས་སེམས་ཅན་དེ་དག་གི་ལྟོ་བ་རྣམས་དབྲལ་ཞིང་རྒྱུ་ལྟོ་རྣམས་ཟ་བ་དག་ཡོད་དོ། །དེ་མ་བཟོད་པར་ནགས་ཀྱི་རི་ལ་བྲོས་ནས་ཤལ་མ་རིའི་སྡོང་པོ་ལ་འཛེགས་པ་ན། སྡོང་པོ་ལས་སྐྱེས་པའི་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་ཡོད་པ་གོ་མཚམས་མེད་པར་སྐྱེས་པས། སེམས་ཅན་དེ་དག་གི་ཤ་དང༌། ཁྲག་དང༌། པགས་པ་རྣམས་ཚེར་མ་དེ་དག་གི་རྩེ་མོ་ལ་བསྒོས་ཏེ། རུས་པ་དང༌། རྒྱུས་པ་འབའ་ཞིག་ལུས་པར་བྱེད་དོ། །དེ་རི་དེའི་སྟེང་དུ་འཛེགས་པ་ན། བྱ་ཁྭ་ད་འདབ་འཇིགས་ཞེས་བྱ་བས་དེའི་མིག་ཕྱུང་ཞིང་ཀླད་པ་བརྟོལ་ནས་ཟ་བ་དག་ཡོད་དེ། དེ་མ་བཟོད་པར་ཐུར་དུ་འབབ་པར་བྱེད་དེ། ཐུར་དུ་འབབ་པ་ན་ཁྱི་དེ་དག་གིས་གསོན་པོ་ཁོ་ནར་ཟ་བར་བྱེད་དོ། །ཡང་མ་བཟོད་པར་རི་ལ་འཛེག་པར་བྱེད་དེ། དེ་དག་ལ་ནི་མཚོན་ཆའི་སྐོར་ཞེས་གཅིག་ཏུ་བགྲང་ངོ༌། །དེ་ལས་ཐར་བ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད་ཅེས་བྱ་བ་ཁྲོ་ཆུ་ཁོལ་བ་ལ་སེམས་ཅན་དམྱལ་བ་པ་དེ་དག་བརྒལ་བ་ན་གཏིང་མ་རྙེད་པར་ཟངས་ཆེན་པོར་ཆུ་བསྐོལ་བའི་ནང་དུ་འབྲས་ཀྱི་ཉག་མ་འཚེད་པ་བཞིན་དུ་འཚེད་པར་བྱེད་པ་དག་ཡོད་དོ། །དེ་དག་ལ་ན་ཉེ་འཁོར་བའི་དམྱལ་བ་ཞེས་བྱའོ། །གྲང་བའི་དམྱལ་བ་བརྒྱད་ནི། ཚ་བའི་དམྱལ་བ་བརྒྱད་ཀྱི་བྱང་གི་ཐད་ན་རིམ་པ་བཞིན་དུ་གནས་ཏེ། ཆུ་བུར་ཅན་དང༌། ཆུ་བུར་རྡོལ་པ་ཅན་དང༌། སོ་ཐམ་ཐམ་པ་དང༌། ཨ་ཆུ་ཟེར་བ་དང༌། ཀྱི་ཧུད་ཟེར་བ་དང༌། ཨུཏྤལ་ལྟར་གས་པ་དང༌། པདྨ་ལྟར་གས་པ་དང༌། པདྨ་ཆེན་པོ་ལྟར་ཆེར་གས་པའོ། །དེ་ལ་ཆུ་བུར་ཅན་ནི་འཁྱགས་པའི་ཕྲེང་བ་འཁྲིགས་པའི་ནང་དུ་སྐྱེས་ཏེ། ཧ་ཅང་གྲང་བས་ལུས་ལ་ཆུ་བུར་རྡོལ་པ་ནི་ཆུ་བུར་རྡོལ་པ་ཅན་ཞེས་བྱ་སྟེ། ཚེའི་ཚད་ནི་ཡུལ་མ་ག་དྷཱའི་བྲེ་བོ་ཆེའི་ཁལ་བརྒྱད་ཅུས་གང་བའི་ཏིལ་གྱིས་སྦྱང་བ་ནས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཏིལ་དེ་དག་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཟད་དོ། །ཆུ་བུར་རྡོལ་པ་ཅན་ནི་ཧ་ཅང་གྲང་བས་ལུས་ཀྱི་ཆུ་བུར་རྣམས་རྡོལ་ནས་ཆུ་སེར་འཛག་པ་སྟེ། ཚེའི་ཚད་ནི་སྔ་མ་བས་ཉི་ཤུ་འགྱུར་གྱིས་རིང་ངོ༌། །སོ་ཐམ་ཐམ་པ་ནི་ཧ་ཅང་གྲང་བས་སོ་བསྡམས་ནས་བསྲོན་པ་སྟེ། ཚེའི་ཚད་ནི་ཆུ་བུར་རྡོལ་བ་བས་ཀྱང་ཉི་ཤུ་འགྱུར་གྱིས་རིང་ངོ༌། །ཨ་ཆུ་ཟེར་བ་ནི་གྲང་བས་སྨྲེ་སྔགས་སུ་དེ་སྐད་འདོན་པ་སྟེ། ཚེའི་ཚད་ནི་སོ་ཐམ་ཐམ་པས་ཀྱང་ཉི་ཤུ་འགྱུར་གྱིས་རིང་ངོ༌། །ཀྱི་ཧུད་ཟེར་བ་ནི་གྲང་བས་ཉེན་ནས་ངུ་ཞིང་སྨྲེ་སྔགས་འདོན་པ་སྟེ། ཚེའི་ཚད་ནི་ཨ་ཆུ་ཟེར་བ་བས་ཀྱང་ཉི་ཤུ་འགྱུར་གྱིས་རིང་ངོ༌། །ཨུཏྤལ་ལྟར་གས་པ་ནི་ཧ་ཅང་གྲང་བས་ལུས་ཨུཏྤལ་ལའི་འདབ་མ་ལྟར་དུ་མར་གས་པ་སྟེ། ཚེའི་ཚད་ནི་ཀྱི་ཧུད་ཟེར་བ་བས་ཀྱང་ཉི་ཤུ་འགྱུར་གྱིས་རིང་ངོ༌། །པདྨ་ལྟར་གས་པ་ནི་ཤིན་ཏུ་གྲང་བས་པདྨའི་འདབ་མ་ལྟར་དུ་མར་གས་པ་སྟེ། ཚེའི་ཚད་ནི་ཨུཏྤལ་ལྟར་གས་པ་བས་ཀྱང་ཉི་ཤུ་འགྱུར་གྱིས་རིང་ངོ༌། །པདྨ་ཆེན་པོ་ལྟར་ཆེར་གས་པ་ནི་ལུས་དེ་བས་ཀྱང་ཆེར་རྣམ་པ་དུ་མར་གས་པ་སྟེ། ཚེའི་ཚད་ནི་པདྨ་ལྟར་གས་པ་བས་ཀྱང་ཉི་ཤུ་འགྱུར་གྱིས་རིང་ངོ༌། །ཉི་ཚེ་བའི་སེམས་ཅན་དམྱལ་བ་ནི་མིའི་ཡུལ་གྱི་ཐང་སྟོང་པ་ལ་ཉིན་ཞག་རེ་ལ་མཐོ་རིས་ཀྱི་བདེ་བ་དང༌། དམྱལ་བའི་སྡུག་བསྔལ་འདྲེས་མར་མྱོང་བ་དག་ཡོད་དོ། །དེ་ལྟར་ན་ཚ་བའི་དམྱལ་བ་བརྒྱད་དང༌། གྲང་བའི་དམྱལ་བ་བརྒྱད་དང༌། ཉི་ཚ་བ་དང༌། ཉེ་འཁོར་བ་སྟེ། དམྱལ་ཁམས་བཅོ་བརྒྱད་ཅེས་བྱ་བར་གྲགས་སོ། །ཡི་དྭགས་ནི་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་འོག་ཏུ་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད་དེ། དེ་ན་ཡི་དྭགས་ཀྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་འཁོར་སུམ་ཅུ་རྩ་དྲུག་དང་བཅས་པ་ཡོད་དོ། །དེ་དག་ཀྱང་ཕྱིའི་སྒྲིབ་པ་ཅན་ཞེས་བྱ་བ་ཟས་སྐོམ་གྱི་སྒྲ་ཙམ་ཡང་མི་ཐོས་པ་དང༌། ནང་གི་སྒྲིབ་པ་ཅན་ཞེས་བྱ་བ་ཟས་ཅུང་ཟད་རྙེད་ཀྱང་ཁ་ཁབ་མིག་ལྟར་ཆུང་བས་མི་ཚུད་པ་དང༌། ཆུད་ཀྱང་མགྲིན་པ་རྟ་རྔ་ལྟར་ཕྲ་བས་མི་ཤོང་བ་དང༌། ཤོང་ཡང་ལྟོ་བ་རིའི་གཏོས་ལྟར་ཡངས་པས་མི་ཁེངས་པ་དང༌། ཁེངས་ཀྱང་རྐང་པ་འཇག་མ་ལྟར་ཕྲ་བས་མི་ཐེག་པའི་སྡུག་བསྔལ་ཅན་དང༌། ཟས་སྐོམ་གྱི་སྒྲིབ་པ་ཅན་ཞེས་བྱ་བ་ཟས་དང༌། སྐོམ་དག་མཐོང་ཡང་གཤིན་རྗེ་མཚོན་ཆ་ཐོགས་པས་བསྲུངས་ནས་མི་ཐོབ་པ་དང༌། ཟས་སྐོམ་ཉིད་ཀྱི་སྒྲིབ་པ་ཅན་ཞེས་བྱ་བ་ཟས་དང༌། སྐོམ་ཟོས་ཤིང་འཐུངས་པ་རྣམས་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་དང༌། ཁྲོ་ཆུ་ཁོལ་མར་གྱུར་ནས་ནང་ཁྲོལ་དང་བཅས་ཏེ། ཟང་ཐལ་དུ་འབྱིན་པ་བཞིར་འདུས་སོ། །དེ་དག་ནི་ཡི་དྭགས་གནས་ན་གནས་པའོ། །ཚེའི་ཚད་ནི་ཟླ་བ་རེ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་ལ། མིའི་ལོ་ཁྲི་ལྔ་སྟོང་ཐུབ་བོ། །ཁ་འཐོར་བ་ནི་མིའི་ཡུལ་ན་གནས་པའི་ཡི་དྭགས་རྡུལ་ཁྲོད་ཀྱི་ཤ་ཟར་བགྲང་བ་ལ་སོགས་པ་རྣམས་སོ། །དུད་འགྲོ་ནི་ཕལ་ཆེར་ཕྱིའི་རྒྱ་མཚོའི་ནང་ན་ཆང་གི་སྦང་མ་ལྟར་བྱིངས་ན་གནས་ཏེ། སེམས་ཅན་ཆེ་བས་ཆུང་བ་ཟ་བ་དང༌། ཆུང་བས་ཆེ་བ་ཟ་བས་ཕན་ཚུན་འཇིགས་པ་དང་བཅས་པ། རྒྱ་མཚོའི་རླབས་ཀྱིས་གཡེངས་པས་གནས་མ་ངེས་པ་དག་ཡོད་དོ། །ཁ་འཐོར་བ་ནི་མིའི་ཡུལ་དང༌། ལྷའི་ཡུལ་ན་ཡོད་པ་རྣམས་སོ། །ཚེའི་ཚད་ནི་མཆོག་ཏུ་རིང་བ་ཀླུའི་རྒྱལ་པོ་རྣམས་ལྟ་བུ་བར་གྱི་བསྐལ་པར་གནས་པའོ། །ཐུང་བ་ནི་སྦྲང་བུ་ལ་སོགས་པ་ཡུད་ཙམ་གཅིག་གོ །དེ་དག་གི་ལུས་ཀྱི་ཚད་ནི་ངེས་པ་མེད་དོ། །མི་རྣམས་ནི་གླིང་བཞི་གླིང་གཡོག་བརྒྱད་དེ་བཅུ་གཉིས་དང་གླིང་ཕྲན་རྣམས་ན་གནས་སོ། །ཚེའི་ཚད་ནི་ཛམྦུ་གླིང་པ་རྣམས་ཀྱི་བསྐལ་པ་དང་པོའི་མི་རྣམས་ནི་ཚེ་ལོ་དཔག་ཏུ་མེད་པ་ཡིན་ལ། དེ་ནས་རིམ་གྱིས་འགྲིབས་ནས། དེང་སང་ནི་ཚེ་ལོ་དྲུག་ཅུ་པ་དང༌། དེ་ནས་རིམ་གྱིས་འགྲིབས་ནས། མ་འོངས་པ་ན་ཚེ་ལོ་བཅུ་པའི་བར་དུ་འབྱུང་ལ། ཡང་མང་དུ་འཕེལ་བར་འགྱུར་བས་ངེས་པ་མེད་དོ། །བྱང་གི་སྒྲ་མི་སྙན་པ་ནི་ཚེ་ལོ་སྟོང་དུ་ངེས་སོ། །ཤར་གྱི་ལུས་འཕགས་པོ་བ་ནི་ཚེ་ལོ་ལྔ་བརྒྱ་པའོ། །ནུབ་ཀྱི་བ་ལང་སྤྱོད་པ་ནི་ཚེ་ལོ་ཕྱེད་དང་སུམ་བརྒྱ་པའོ། །སྒྲ་མི་སྙན་པ་མ་གཏོགས་པ་ལ་ནི་བར་མ་དོར་འཆི་བ་ཡོད་དོ། །ལོངས་སྤྱོད་ནི། བྱང་གི་སྒྲ་མི་སྙན་པ་རྣམས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་ཟས་དང༌། དཔག་བསམ་གྱི་ཤིང་ལས་གོས་དང་རྒྱན་འབྱུང་ལ། གླིང་གཞན་གསུམ་ནི་ཤ་དང་འབྲུ་རྣམས་ཟ་ཞིང༌། ནོར་དང་རིན་པོ་ཆེ་ལ་སོགས་པ་ལ་ལོངས་སྤྱོད་དོ། །ལུས་ཀྱི་ཚད་ནི་ཛམྦུ་གླིང་པའི་ལུས་ཀྱི་ཚད་རང་གི་ཁྲུ་བཞི་པ་ཡིན་ལ། ཤར་གྱི་ལུས་འཕགས་པོ་བ་ནི་ཛམྦུ་གླིང་པའི་ཁྲུས་གཞལ་བའི་ཁྲུ་བརྒྱད་དང༌། ནུབ་ཀྱི་བ་ལང་སྤྱོད་པ་ནི་ཁྲུ་བཅུ་དྲུག་དང༌། བྱང་གི་སྒྲ་མི་སྙན་པ་ནི་ཁྲུ་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡིན་ལ། མི་རྣམས་ཀྱི་གདོང་ཡང་རང་རང་གི་གླིང་གི་དབྱིབས་སུ་གནས་སོ། །གླིང་གཡོག་རྣམས་ནི་རང་རང་གི་གླིང་གི་གཙོ་བོའི་མི་རྣམས་ཀྱི་ལུས་ཕྱེད་ཕྱེད་དང་ལྡན་ནོ་ཞེས་ཟེར་རོ། །ལྷ་མ་ཡིན་ནི་རི་རབ་ཀྱི་ཆུ་མཚམས་ནས་དཔག་ཚད་ཁྲི་ཆིག་སྟོང་མར་གཞལ་བའི་ཁོང་སེང་ན། འོད་ལྡན་ཞེས་བྱ་བའི་གྲོང་དུ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ཞེས་བྱ་བ་འཁོར་དང་བཅས་པ་ཡོད་དོ། །དེ་ནས་དཔག་ཚད་ཁྲི་ཆིག་སྟོང་གཞལ་བར་སྐར་ཕྲེང་ཅན་ཞེས་བྱ་བའི་གྲོང་ན་ལྷ་མ་ཡིན་མགུལ་ཕྲེང་ཅན་ཞེས་བྱ་བ་འཁོར་དང་བཅས་པ་ཡོད་དོ། །དེ་ནས་དཔག་ཚད་ཁྲི་ཆིག་སྟོང་གཞལ་བར་བརྟན་པའི་གྲོང་ཁྱེར་ནི་ལྷ་མ་ཡིན་གྱི་དབང་པོ་རབ་གནོན་ཞེས་བྱ་བ་འཁོར་དང་བཅས་པ་ཡོད་དོ། །དེ་ནས་དཔག་ཚད་ཁྲི་ཆིག་སྟོང་གཞལ་བ་ན་ཟབ་པའི་གྲོང་དུ་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཞེས་བྱ་བ་འཁོར་དང་བཅས་པ་ཡོད་ལ། དེས་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འགྲན་པར་བཟོད་དེ། གྲོང་ཁྱེར་ནི་གསེར་ལྡན་ཞེས་བྱ་བ་དང༌། ཕོ་བྲང་ནི་གཏན་ཅན་ཞེས་བྱ་བ་དང༌། དཔག་བསམ་གྱི་ཤིང་ནི་ཙི་ཏ་པ་ལི་དང༌། འདུན་ས་ནི་ནོར་བཟང་དང༌། རྡོ་ལེབ་ནི་བཟང་པོ་དང༌། ཚལ་ནི་ཀུན་དགའ་དང༌། རབ་དགའ་དང༌། དགའ་བ་དང༌། ཀུན་ཏུ་རབ་དགའ་ཞེས་བྱ་བ་བཞི་དང༌། ས་གཞི་ནི་ཀུན་དགའ་མ་དང༌། རབ་དགའ་མ་དང༌། དགའ་བ་མ་དང༌། ཀུན་ཏུ་རབ་དགའ་མ་ཞེས་བྱ་བ་ཡོད་དོ། །གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་ནི་བཟོད་པར་དཀའ་བ་དང༌། སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ནི་ཏི་སེ་གངས་བརྩེགས་ཞེས་བྱ་བ་དང༌། རྟའི་རྒྱལ་པོ་ནི་བྲག་འཛིངས་ཞེས་བྱ་བ་ཡོད་དོ། །ལྷ་མ་ཡིན་དེ་རྣམས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང༌། ལྷ་མ་ཡིན་གྱི་བུ་མོ་དང༌། ལྷའི་བདུད་རྩིའི་ཕྱིར་རྩོད་ཅིང་འཐབ་པའི་དོན་དུ། རི་རབ་ཀྱི་ཁོང་སེང་ནས་འཐོན་ཏེ། གསེར་དང༌། དངུལ་དང༌། བཻཌཱུརྻ་དང༌། ཤེལ་ལས་བྱས་པའི་གོ་ཆ་སྲ་བ་རྣམས་གྱོན་ཅིང༌། རལ་གྲི་དང༌། མདུང་དང༌། འཕང་མདུང་དང༌། མདའ་གཞུ་རྣམས་ཐོགས་པའི་དཔུང་གི་ཚོགས་ཡན་ལག་བཞིས་བསྐོར་བའི་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཛིན་དང༌། མགུལ་ཕྲེང་ཅན་དང༌། རབ་གནོན་དང༌། ཐག་ཟངས་རིས་རྣམས་རེས་འགའ་ནི་གོང་མ་དག་འོང་ལ། རེས་འགའ་ནི་ཐམས་ཅད་འོང་བར་བྱེད་དེ། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྲུང་མ་ལྔ་ལས། དང་པོ་དཀར་པོ་ལ་དགའ་བའི་ཀླུའི་རྒྱལ་པོ་རོལ་པའི་མཚོ་ལ་གནས་པ་རྣམས་ཀྱིས་ལྷ་མ་ཡིན་གྱི་དམག་དེ་དག་དང༌། གཡུལ་འགྱེད་ཅིང་ཟློག་པར་བྱེད་དོ། །ཀླུ་དག་གིས་མ་ཐུབ་ན། ཀླུ་དེ་དག་སྲུང་མ་གཉིས་པ་ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་ཀྱི་གནས་སུ་སོང་སྟེ། དེ་དག་དང་བཅས་ནས་གཡུལ་འགྱེད་པར་བྱེད་དོ། །དེ་དག་གིས་ཀྱང་མ་ཐུབ་ན། དེ་དག་གཉིས་ཀ་སྲུང་མ་གསུམ་པ་ལག་ན་ཕྲེང་ཐོགས་ཀྱི་ལྷ་རྣམས་ཀྱི་གནས་སུ་སོང་སྟེ། དེ་དག་དང་བཅས་ནས་གཡུལ་འགྱེད་པར་བྱེད་དོ། །དེ་དག་གིས་ཀྱང་མ་ཐུབ་ན་སྲུང་མ་བཞི་པ་རྟག་མྱོས་ཀྱི་ལྷ་རྣམས་ཀྱི་གནས་སུ་སོང་སྟེ། དེ་དག་དང་བཅས་ནས་གཡུལ་འགྱེད་པར་བྱེད་དོ། །དེ་དག་གིས་ཀྱང་མ་ཐུབ་ན་དེ་དག་སྲུང་མ་ལྔ་པ་རྒྱལ་པོ་ཆེན་པོ་བཞིའི་ལྷ་རྣམས་ཀྱི་གནས་སུ་སོང་ཞིང༌། དེ་དག་དང་བཅས་ནས་གཡུལ་འགྱེད་པར་བྱེད་དེ། རྒྱལ་པོ་ཆེན་པོ་བཞི་དཔུང་གི་ཚོགས་ཡན་ལག་བཞི་རིན་པོ་ཆེ་སྣ་ཚོགས་ཀྱི་གོ་ཆ་སྲ་བ་གྱོན་ཞིང༌། མཚོན་ཆ་སྣ་ཚོགས་ཐོགས་ནས། འཐབས་པས་ཕལ་ཆེར་ནི་རྒྱལ་པོ་ཆེན་པོ་བཞི་རྒྱལ་བར་འགྱུར་རོ། །གལ་ཏེ་དེ་དག་གིས་ཀྱང་མ་ཐུབ་ན་དེ་དག་སུམ་ཅུ་རྩ་གསུམ་དུ་སོང་སྟེ། ལྷའི་དབང་པོ་མཁྱེན་པར་མཛོད་ཅིག བདག་ཅག་སྲུང་མ་ལྔ་པོ་དག་གིས་ལྷ་མ་ཡིན་གྱི་དམག་བཟློག་པར་མ་ནུས་ན་ལྷ་མ་ཡིན་རྣམས་བཟློག་པའི་དུས་ལ་བབ་བོ་ཞེས་སྨྲས་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་ལྟར་ཤེས་ནས་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་ལ་ཞོན་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག ལྷ་མ་ཡིན་གྱི་དམག་རི་རབ་ཀྱི་སྟེང་དུ་འཁོད་ཀྱིས། གོ་ཆ་རྣམས་གྱོན་ལ་ཤིང་རྟ་རྣམས་ལོང་ཤིག ལྷ་མ་ཡིན་དང་གཡུལ་བཀྱེབར་བྱའོ། །ཞེས་བསྒོ་ཏེ། དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་རྣམས་ཀྱིས་རིན་པོ་ཆེ་ལས་བྱས་པའི་གོ་ཆ་རྣམས་གྱོན་ཞིང༌། མཚོན་ཆ་རྣམས་ཐོགས་ཏེ། ཤིང་རྟ་སྣ་ཚོགས་ཅན་གྱི་ཚལ་ནས་ཤིང་རྟ་དང༌། བཞོན་པ་རྣམས་བླངས་ནས་རྩུབ་འགྱུར་གྱི་ཚལ་དུ་ཞུགས་ཏེ། ལུས་དང་ཤེས་པ་རྩུབ་པར་བྱས་ནས། གྲོང་ཁྱེར་བལྟ་ན་སྡུག་ནས་འཐོན་ཏེ། ལྷ་མ་ཡིན་རྣམས་དང་འཐབ་པར་བྱེད་དོ། །དེའི་ཚེ་ལྷ་མ་ཡིན་རྣམས་རྒྱལ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་གྲོང་ཁྱེར་བལྟ་ན་སྡུག་གི་ནང་དུ་འདེད་པར་བྱེད་དོ། །ལྷ་རྣམས་རྒྱལ་ན་ནི་རོལ་མཚོ་དང་པོའི་བར་དུ་འདེད་པར་བྱེད་དོ། །དེ་ལྟར་འཐབ་པ་ན་ལྷ་དང་ལྷ་མ་ཡིན་དེ་དག་མགོ་དང་རྐེད་པ་ཆད་ན་འཆི་བར་འགྱུར་ལ། ཡན་ལག་དང་ཉིང་ལག་ཆད་པ་ནི་སླར་སྐྱེ་བར་འགྱུར་རོ། །དེའང་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་དང༌། རང་སངས་རྒྱས་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་བའི་དུས་ཀྱི་ཚེ་ནི་ལྷ་མ་ཡིན་རྣམས་ལྷ་ལ་འཐབ་པར་མི་སེམས་སོ། །གལ་ཏེ་འཐབ་པར་བྱེད་ནའང་ལྷ་རྣམས་རྒྱལ་བར་འགྱུར་རོ། །འཇིག་རྟེན་ན་དགེ་བར་སྤྱོད་པ་མང་ན་ནི་ལྷ་རྣམས་རྒྱལ་བར་འགྱུར་རོ། །མི་དགེ་བར་སྤྱོད་པ་མང་ན་ནི་ལྷ་མ་ཡིན་རྣམས་རྒྱལ་བར་འགྱུར་རོ། །དེ་བས་ན་དགེ་བར་སྤྱོད་པ་རྣམས་ལ་ལྷ་རྣམས་སྲུང་བར་བྱེད་པར་འགྱུར་རོ། །ལྷ་ནི་འདོད་པ་ན་སྤྱོད་པ་དྲུག་དང༌། གཟུགས་ན་སྤྱོད་པ་བཅུ་བདུན་དང༌། གཟུགས་མེད་པ་ན་སྤྱོད་པ་བཞིའོ། །དེ་ལ་འདོད་པ་ན་སྤྱོད་པ་དྲུག་ནི། རི་རབ་ཀྱི་བང་རིམ་དང་པོ་ལ་ནི་ལག་ན་གཞོང་ཐོགས་པ་རྣམས་གནས་སོ། །བང་རིམ་གཉིས་པ་ལ་ནི། ཕྲེང་ཐོགས་པའི་ལྷ་རྣམས་གནས་སོ། །བང་རིམ་གསུམ་པ་ལ་ནི་རྟག་མྱོས་པའི་ལྷ་རྣམས་གནས་སོ། །གཉའ་ཤིང་འཛིན་གྱི་བྱང་ཕྱོགས་ཀྱི་སྟེང་ན་ལྕང་ལོ་ཅན་ཞེས་བྱ་བའི་ཕོ་བྲང་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་དང༌། དེ་བཞིན་དུ་ཤར་ཕྱོགས་སུ་ཡུལ་འཁོར་སྲུང་ཞེས་བྱ་བ་ན། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་དྲི་ཟའི་ཚོགས་ཀྱིས་བསྐོར་བ་དང༌། ནུབ་ཕྱོགས་ན་སྣ་ཚོགས་གཟུགས་ཞེས་བྱ་བ་ན། རྒྱལ་པོ་ཆེན་པོ་མིག་མི་བཟང་ཞེས་བྱ་བ་ཀླུའི་ཚོགས་ཀྱིས་བསྐོར་བ་དང༌། ལྷོ་ཕྱོགས་སུ་འཕགས་སྐྱེས་པོ་ཞེས་བྱ་བ་ན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཞེས་བྱ་བ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་གནས་ལ། གཞན་ཡང་རི་རབ་ཀྱི་བང་རིམ་བཞི་པ་དང༌། གསེར་གྱི་རི་བདུན་དང༌། ཉི་མ་དང༌། ཟླ་བ་དང༌། སྐར་མ་དང༌། ལྕགས་རི་དང༌། ཛམྦུ་གླིང་གི་རི་དང༌། ལྗོན་ཤིང་ལ་སོགས་པ་ལའང་རྒྱལ་ཆེན་རིས་བཞི་པའི་སྡེར་གཏོགས་པའི་ལྷ་རྣམས་གནས་སོ། །དེ་དག་ནི་རྒྱལ་ཆེན་རིས་བཞི་པའི་ལྷ་ཞེས་བྱ་བ་སྡེ་གཅིག་ཏུ་བྱེད་དེ། ཚེའི་ཚད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་ཞག་གཅིག་ཏུ་བརྩིས་པའི་རང་གི་ལོ་ལྔ་བརྒྱ་ཐུབ་བོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་གཅིག་གི་བཞི་ཆའོ། །སུམ་ཅུ་རྩ་གསུམ་པའི་ལྷ་ནི་རི་རབ་ཀྱི་སྟེང་ན་གནས་སྟེ། དེ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་རྣམ་པར་རྒྱལ་བའི་ཁང་བཟངས་ན་ལྷ་མ་ཡིན་གྱི་བུ་མོ་དམ་པ་བདེ་སོགས་མ་ལ་སོགས་པ་དང༌། ལྷའི་བུ་མོ་རྣམས་ཀྱིས་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་མི་སྐྱོ་བར་བྱེད་པ་ཡོད་དོ། །གཞན་ཡང་དེ་ལ་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་ཞེས་བྱ་བ་དང༌། སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ས་སྲུང་གི་བུ་ཞེས་བྱ་བ་གཉིས་ཀའང་དཔག་ཚད་བདུན་བདུན་གྱིས་འཁོར་བའི་ཚད་དང་ལྡན་པ། གླང་གཡོག་བརྒྱད་སྟོང་བརྒྱད་སྟོང་དང་བཅས་པ་ཡོད་དོ། །རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་རྟ་གཡོག་བརྒྱད་སྟོང་དང་བཅས་པ་ཡོད་དོ། །དེ་ནས་གཙོ་བོ་ནོར་ལྷ་བརྒྱད་དང༌། དྲག་པོ་བཅུ་གཅིག་དང༌། ཉི་མ་བཅུ་གཉིས་དང༌། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ། དབང་པོ་དང་ཉེ་དབང་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར་སུམ་ཅུ་རྩ་གསུམ་པ་ཞེས་བྱའོ། །གཞན་ཡང་དེ་ན་ལྷའི་བུ་རྣམས་འདོད་པའི་ཡོན་ཏན་ལ་བག་མེད་པར་སྤྱོད་པ་དང༌། ལྷའི་བུ་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་ཡིན་ན། ཅིའི་ཕྱིར་བག་མེད་པར་གནས་ཞེས་བྱ་བའི་བག་མེད་པ་ལས་བསྐུལ་བ་དང༌། ཡང་ལྷ་མ་ཡིན་རྣམས་ཀྱི་དམག་གིས་ཉེ་བར་འཚེ་བར་བྱེད་པ་ན། ཀྱེ་ལྷ་རྣམས་ནི་རྒྱལ་བར་འགྱུར་རོ། །ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་རོ། །ཞེས་བྱ་བའི་ཉེ་བར་འཚེ་བ་སེལ་བར་བྱེད་པའི་སྒྲ་འབྱུང་བའི་ལྷའི་རྔ་བོ་ཆེ་ཆོས་ཀྱིས་མཐོ་བ་ཞེས་བྱ་བ་ཡོད་དོ། །གྲོང་ཁྱེར་དང༌། ཕོ་བྲང་དང༌། ཚལ་དང༌། ས་གཞི་དང༌། དཔག་བསམ་གྱི་ཤིང་དང༌། འདུན་ས་དང༌། རྡོ་ལེབ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་དག་གི་ཚེའི་ཚད་ནི་མི་རྣམས་ཀྱི་ལོ་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཐུབ་བོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་ཡོད་དོ། །དེ་ནས་སྟེང་དུ་འཕགས་པ་ན་འཐབ་བྲལ་ཞེས་བྱ་བའི་ལྷ་ཡོད་དེ། སུམ་ཅུ་རྩ་གསུམ་མན་ཆད་ལྷ་མ་ཡིན་གྱི་འཐབ་རྩོད་ཡོད་ལ། དེ་ནས་འཐབ་མོ་དང་བྲལ་བའི་ཕྱིར་འཐབ་བྲལ་ཞེས་བྱའོ། །ཚེའི་ཚད་ནི་མི་རྣམས་ཀྱི་ལོ་ཉིས་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཉིས་སྟོང་ཐུབ་བོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་བཞི་གསུམ་ཡོད་དོ། །དེ་ནས་སྟེང་དུ་འཕགས་པ་ན་དགའ་ལྡན་པའི་ལྷ་ཞེས་བྱ་བ་ཡོད་དེ། དེ་ན་མགོན་པོ་བྱམས་པས་འཇིག་རྟེན་དང་ཆོས་ཀྱི་རྒྱལ་སྲིད་གཉིས་ཀ་མཛད་ཅིང༌། ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་ལྡན་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །ཚེའི་ཚད་ནི་མི་རྣམས་ཀྱི་ལོ་བཞི་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བཞི་སྟོང་ཐུབ་བོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་གཅིག་གོ །དེ་ནས་སྟེང་དུ་འཕགས་པ་ན་འཕྲུལ་དགའ་བ་ཞེས་བྱ་བའི་ལྷ་ཡོད་དེ། རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་དགའ་བར་སྤྱོད་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །ཚེའི་ཚད་ནི་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བརྒྱད་སྟོང་ཐུབ་བོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་གཅིག་དང་བཞི་ཆའོ། །དེའི་སྟེང་དུ་འཕགས་པ་ནི་གཞན་འཕྲུལ་དབང་བྱེད་པ་ཞེས་བྱ་བའི་ལྷ་ཡོད་དེ། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལའང་སྤྱོད་པའི་ཕྱིར་གཞན་འཕྲུལ་དབང་བྱེད་པ་ཞེས་བྱ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་གཙོ་བོ་ནི་འདོད་པའི་དབང་ཕྱུག་བདུད་སྡིག་ཅན་ཡིན་ནོ། །ཚེའི་ཚད་ནི་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་བོ། །ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དང་གཉིས་ཡོད་དོ། །དེ་དག་ལ་ནི་འདོད་པའི་ཁམས་ཀྱི་ལྷ་དྲུག་ཅེས་བྱ་སྟེ། དེ་ལྟར་ན་མནར་མེད་པ་ནས་བཟུང་སྟེ། གཞན་འཕྲུལ་དབང་བྱེད་མན་ཆད་ལ་འདོད་པའི་ཁམས་ཞེས་བྱ་སྟེ། འདོད་པའི་ཡོན་ཏན་འཁྲིག་པ་དང༌། ཁམ་གྱི་ཟས་ལ་འདོད་ཆགས་དང་བཅས་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ནི་བསམ་གཏན་བཞིས་བསྡུས་ཏེ། བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པའོ། །བསམ་གཏན་དང་པོ་ལའང་གསུམ་ཡོད་དེ། ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་པ་ཆེན་པོའོ། །དེ་དག་གི་ཚེའི་ཚད་ནི་ཚངས་རིས་པ་བསྐལ་པ་ཆེན་པོ་བཞི་ཆའོ། །ཚངས་པ་མདུན་ན་འདོན་པ་ནི་བསྐལ་པ་ཕྱེད་དོ། །ཚངས་པ་ཆེན་པོས་ནི་བསྐལ་པ་བཞི་གསུམ་མོ། །ལུས་ཚད་ནི་དཔག་ཚད་ཕྱེད་དང༌། དཔག་ཚད་གཅིག་དང༌། དཔག་ཚད་ཕྱེད་དང་གཉིས་རིམ་པ་བཞིན་དུ་ཡོད་དོ། །དེ་དག་གི་གོང་ན་བསམ་གཏན་གཉིས་པའི་ལྷ་རྣམས་ཡོད་ལ། དེ་ལའང་གསུམ་སྟེ། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་གསུམ་མོ། །དེ་དག་གི་ཚེའི་ཚད་ནི་འོད་ཆུང་བ་བསྐལ་པ་ཆེན་པོ་གཉིས་སོ། །ཚད་མེད་འོད་པ་བཞིའོ། །འོད་གསལ་བ་བསྐལ་བ་བརྒྱད་དོ། །ལུས་ཀྱི་ཚད་ནི། འོད་ཆུང་བ་ལ་དཔག་ཚད་གཉིས་དང༌། ཚད་མེད་འོད་པ་ལ་དཔག་ཚད་བཞི་དང༌། འོད་གསལ་བ་ལ་དཔག་ཚད་བརྒྱད་དོ། །དེ་དག་གི་གོང་ན་བསམ་གཏན་གསུམ་པའི་ལྷ་རྣམས་ཡོད་ལ། དེ་ལའང་གསུམ་སྟེ། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་པའོ། །དེ་དག་གི་ཚེའི་ཚད་ནི་དགེ་ཆུང་བས་བསྐལ་པ་བཅུ་དྲུག་དང༌། ཚད་མེད་དགེ་བས་བསྐལ་པ་སུམ་ཅུ་རྩ་གཉིས་དང༌། དགེ་རྒྱས་པ་བསྐལ་པ་དྲུག་ཅུ་རྩ་བཞིའོ། །ལུས་ཀྱི་ཚད་ནི། དགེ་ཆུང་བ་དཔག་ཚད་བཅུ་དྲུག་དང༌། ཚད་མེད་དགེ་བ་ལ་དཔག་ཚད་སུམ་ཅུ་རྩ་གཉིས་དང༌། དགེ་རྒྱས་པ་ལ་དཔག་ཚད་དྲུག་ཅུ་རྩ་བཞི་ཡོད་དོ། །དེ་དག་གི་གོང་ན་བསམ་གཏན་བཞི་པའི་ལྷ་རྣམས་ཡོད་ལ། དེ་ལ་རྣམ་པ་བརྒྱད་དེ། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་ཞེས་བྱ་བ་སོ་སོའི་སྐྱེ་བོའི་གནས་གཞན་གསུམ་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། གྱ་ནོམ་སྣང་དང༌། ཤིན་ཏུ་མཐོང་བ་དང༌། འོག་མིན་པ་ཞེས་བྱ་བ་འཕགས་པའི་གནས་གཞན་ལྔ་སྟེ། དེ་དག་ལ་ནི་གཙང་མ་རིས་ཀྱི་ལྷ་ལྔ་ཞེས་ཟེར་རོ། །དེ་དག་གི་ཚེའི་ཚད་ནི་སྤྲིན་མེད་པ་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔའོ། །བསོད་ནམས་སྐྱེས་པ་བསྐལ་པ་ཕྱེད་དང་སུམ་བརྒྱའོ། །འབྲས་བུ་ཆེ་བ་བསྐལ་པ་ལྔ་བརྒྱའོ། །མི་ཆེ་བ་བསྐལ་པ་སྟོང་ངོ༌། །མི་གདུང་བ་བསྐལ་པ་ཉིས་སྟོང་ངོ༌། །གྱ་ནོམ་སྣང་བ་བསྐལ་པ་བཞི་སྟོང་ངོ༌། །ཤིན་ཏུ་མཐོང་བ་བསྐལ་པ་བརྒྱད་སྟོང་ངོ༌། །འོག་མིན་པ་བསྐལ་པ་ཁྲི་དྲུག་སྟོང་ངོ༌། །ལུས་ཀྱི་ཚད་ལ་སྤྲིན་མེད་པ་ལ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་དང༌། བསོད་ནམས་སྐྱེས་པ་ལ་དཔག་ཚད་ཕྱེད་དང་སུམ་བརྒྱ་དང༌། འབྲས་བུ་ཆེ་བ་ལ་དཔག་ཚད་ལྔ་བརྒྱ་དང༌། མི་ཆེ་བ་ལ་དཔག་ཚད་སྟོང་དང༌། མི་གདུང་བ་ལ་དཔག་ཚད་ཉིས་སྟོང་དང༌། ཤིན་ཏུ་མཐོང་བ་ལ་དཔག་ཚད་བཞི་སྟོང་དང༌། གྱ་ནོམ་སྣང་བ་ལ་དཔག་ཚད་བརྒྱད་སྟོང་དང༌། འོག་མིན་པ་ལ་དཔག་ཚད་ཁྲི་དྲུག་སྟོང་ཡོད་དོ། །དེ་ལྟར་ན་ཚངས་རིས་ནས་འོག་མིན་གྱི་བར་ནི་གཟུགས་ཀྱི་ཁམས་ཞེས་བྱ་སྟེ། འདོད་པ་ལ་འདོད་ཆགས་དང་བྲལ་ལ། གཟུགས་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །གཟུགས་མེད་པ་ནི་ལུས་ཅན་མ་ཡིན་པའི་ཕྱིར་གནས་གཞན་དང༌། ལུས་ཀྱི་ཚད་ནི་མེད་ཀྱི་སེམས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་གིས་རྣམ་པ་བཞིར་འགྱུར་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་པའོ། །དེ་དག་གི་ཚེའི་ཚད་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་པ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་ནི་བསྐལ་པ་སྟོང་ཕྲག་བཞི་བཅུ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་བསྐལ་པ་སྟོང་ཕྲག་དྲུག་ཅུ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྐལ་པ་སྟོང་ཕྲག་བརྒྱད་ཅུའོ། །དེ་ལྟར་ན་བཞི་པོ་དེ་དག་ལ་ནི་གཟུགས་མེད་པའི་ཁམས་ཞེས་བྱ་སྟེ། གཟུགས་ལ་འདོད་ཆགས་དང་བྲལ་ཞིང་གཟུགས་མེད་པ་ལ་འདོད་ཆགས་དང་བཅས་པའི་ཕྱིར་རོ། །གལ་ཏེ་དེ་དག་གི་ཚེའི་ཚད་ལོ་དང་བསྐལ་པས་འཇོག་ན། དེ་ཉིད་ཀྱི་ཚད་གང་ཞེ་ན། དུས་ཀྱི་ཐུང་མཐའ་ནི་སྐད་ཅིག་མ་ཡིན་ལ། དེ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་ཅེས་བྱའོ། །དེའི་སྐད་ཅིག་དྲུག་ཅུ་ལ་ཐང་ཅིག་གོ །ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་མོ། །ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ །དེ་སུམ་ཅུ་ལ་ཟླ་བ་གཅིག་གོ །དེ་བཅུ་གཉིས་ལ་ལོ་གཅིག་གོ །བསྐལ་པ་ནི་དྲུག་སྟེ། བར་གྱི་བསྐལ་པ་དང༌། ཆགས་པའི་བསྐལ་པ་དང༌། གནས་པའི་བསྐལ་པ་དང༌། འཇིག་པའི་བསྐལ་པ་དང༌། སྟོངས་པའི་བསྐལ་པ་དང༌། བསྐལ་པ་ཆེན་པོའོ། །དེ་ལ་བར་གྱི་བསྐལ་པ་ཞེས་བྱ་བ་ནི། ཛམྦུ་གླིང་པའི་མི་རྣམས་ཀྱི་ཚེའི་ཚད་དཔག་ཏུ་མེད་པ་ནས་མར་འགྲིབས་ཏེ། ཚེའི་ཚད་བརྒྱད་ཁྲི་པའི་བར་ནི་ཆགས་པའི་བསྐལ་པས་བསྡུས་ལ། བརྒྱད་ཁྲི་པར་གྱུར་པ་ནས་བཟུང་སྟེ། ཚེ་ལོ་བཅུ་པའི་བར་ནི་བར་གྱི་བསྐལ་པ་དང་པོ་ཞེས་བྱའོ། །དེ་ནས་བརྒྱད་ཁྲི་པར་འདས་ཤིང་ཡང་བཅུ་པར་བབས་པ་གཉིས་བསྡོམས་པ་ལ་ནི་བར་གྱི་ཁུག་པ་གཅིག་ཅེས་ཟེར་ཏེ། དེ་འདྲ་བ་བཅོ་བརྒྱད་ལ་བར་གྱི་བསྐལ་པ་བཅོ་བརྒྱད་ཅེས་བྱའོ། །དེ་ནས་ཚེ་ལོ་བཅུ་པ་ནས་བརྒྱད་ཁྲི་པའི་བར་ནི་བར་གྱི་བསྐལ་པ་ཐ་མ་སྟེ། དེ་ལྟར་ན་བར་གྱི་བསྐལ་པ་དང་པོ་དང༌། ཁུག་པ་བཅོ་བརྒྱད་དང་བར་གྱི་བསྐལ་པ་ཐ་མ་སྟེ། བར་གྱི་བསྐལ་པ་ནི་ཉི་ཤུ་ཡོད་དོ། །ཆགས་པའི་བསྐལ་པ་ནི་དང་པོར་རླུང་གི་དཀྱིལ་འཁོར་རྩོམ་པ་ནས། མཐར་མནར་མེད་པའི་སེམས་ཅན་གཅིག་ཐོག་མར་སྐྱེས་པའི་བར་ཡིན་ཏེ། དེ་ལ་སྣོད་ཆགས་པ་ལ་བར་གྱི་བསྐལ་པ་གཅིག་སྲིད་ཐོགས་ལ་དེའི་ཚུལ་སྔར་བསྟན་ཟིན་ཏོ། །བཅུད་ཀྱི་སེམས་ཅན་ནི་སྟོང་གསུམ་མེས་ཞིག་པའི་རྗེས་ལ་ཆགས་པ་ཡིན་ལ། འོད་གསལ་བའི་ལྷ་ལས་བབ་སྟེ། འོད་གསལ་བའི་ལྷ་ཚེ་ཟད་པ་ཤི་སྟེ། ཚངས་པའི་གཞལ་ཡས་ཁང་སྟོང་པར་སྐྱེའོ། །དེ་གཅིག་པུར་གྱུར་པས་སྐྱོ་སྟེ། ཀྱེ་མ་བདག་དང་སྐལ་པ་མཉམ་པ་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་སྙམ་དུ་སེམས་པར་གྱུར་ཏོ། །དེ་ལྟར་སེམས་པའི་སྟོབས་ལས་བྱུང་བ་མ་ཡིན་ཡང་དེའི་རྗེས་ལ་ཡང་འོད་གསལ་ནས་ལྷ་ཚེ་ཟད་པ་དག་ཤི་སྟེ། དེར་སྐྱེས་པས་ཚངས་པ་དང་པོར་སྐྱེས་པ་དེའི་བསམ་པ་ལ། འདི་དག་ནི་བདག་གི་འདོད་པ་ལས་བྱུང་ངོ་སྙམ་དུ་སེམས་སོ། །དེས་ན་དེ་ལ་འཇིག་རྟེན་གྱི་སྤྱི་མེས་ཚངས་པ་ཞེས་ཟེར་རོ། །དེ་ནས་རིམ་པ་བཞིན་དུ་ཚངས་པ་མདུན་ན་འདོན་དང༌། ཚངས་རིས་དང༌། གཞན་འཕྲུལ་དབང་བྱེད་ནས་རྒྱལ་ཆེན་རིས་བཞིའི་བར་དུ་རིམ་པ་བཞིན་སྐྱེའོ། །དེ་ནས་བྱང་གི་སྒྲ་མི་སྙན་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། ཤར་གྱི་ལུས་འཕགས་པོ་དང༌། ལྷོའི་ཛམྦུ་གླིང་དུ་རིམ་པ་བཞིན་སྐྱེའོ། །དེའི་ཚེ་ཛམྦུ་གླིང་པའི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ཡོད་པའི་ཚེ་ཟས་སུ་བསམ་གཏན་གྱི་དགའ་བ་ཟ་བ་བརྫུས་ཏེ་སྐྱེས་པ། ལུས་ལ་འོད་ཡོད་པ། རྫུ་འཕྲུལ་གྱི་ནམ་མཁའ་ལ་འགྲོ་བ། གཟུགས་ཀྱི་ཁམས་ཀྱི་ལྷ་དང་འདྲ་བར་ཡོད་དོ། །དེའི་ཚེ་སེམས་ཅན་རོ་ལ་ཆགས་པའི་རང་བཞིན་ཅན་འགའ་ཞིག་གིས་བདུད་རྩི་སའི་བཅུད་ཅེས་བྱ་བ། ཁ་དོག་དཀར་པོ། རོ་སྦྲང་རྩི་དང་འདྲ་བ་དག་ཡོད་པ་ཟོས་ཏེ། གཞན་ལའང་སྨྲས་པས། སེམས་ཅན་གཞན་དག་གིས་ཀྱང་ཟོས་སོ། །དེའི་ཚེ་ཁམ་གྱི་ཟས་ཟོས་པས་ལུས་ཀྱི་འོད་ཐམས་ཅད་མེད་པར་གྱུར་པ་ན། སེམས་ཅན་སྤྱིའི་ལས་ལས་གྲུབ་པ། ཉི་མ་དང༌། ཟླ་བ་གླིང་བཞིར་སྣང་བའི་བྱ་བ་བྱེད་པ་བྱུང་ངོ༌། །དེའི་རྗེས་ལ་སའི་བཅུད་ནུབ་ནས་སའི་ཞག་ཅེས་བྱ་བ་ཆགས་པ་ཁ་དོག་དམར་སེར། རོ་སྦྲང་རྩི་དང་འདྲ་བ་བྱུང་བ་མི་རྣམས་ཀྱིས་ཟོས་སོ། །དེ་ཡང་ནུབ་པ་དང་མྱུ་གུའི་ཚལ་ཞེས་བྱ་བ་བྱུང་བ་ཟོས་སོ། །དེའང་ཟད་པ་དང༌། མ་རྨོས་པའི་འབྲས་སཱ་ལུ་དག་བྱུང་སྟེ། དེ་མི་རྣམས་ཀྱིས་ཟོས་སོ། །དེ་ནི་ཁམ་གྱི་ཟས་རྩུབ་པ་ཡིན་པས་མི་གཙང་བ་འབྱུང་བའི་དབང་པོ་དག་ཀྱང་དོད་དོ། །ཡང་སེམས་ཅན་དེ་དག་མ་རྨོས་པའི་འབྲས་དེ་དག་ནམ་འདོད་པ་ན་བླངས་ཏེ་ཟ་བ་ན། སེམས་ཅན་ལེ་ལོ་ཅན་འགའ་ཞིག་གིས་ནང་པར་གྱི་སྐལ་པ་དེ་རིང་བླངས་ཏེ་བསགས་པ་དང༌། གཞན་དག་གིས་ཀྱང་དེ་བཞིན་དུ་བྱས་པས་མ་རྨོས་པའི་འབྲས་ཀྱང་ཟད་དོ། །དེ་ནས་སོ་ནམ་གྱི་བྱ་བ་ལ་ཞུགས་པ་ན། གཅིག་གིས་བཏབ་པའི་ཞིང་གཞན་གྱིས་བསྡུས་པས་དེ་དག་མ་མཐུན་པར་རྩོད་དོ། །དེའི་ཚེ་མི་རང་བཞིན་བཟང་པོ་ཅན་ཞིག་ཞིང་དཔོན་དུ་བསྐོས་པ་ན། དེ་སྐྱེ་བོ་མང་པོ་རྣམས་ཀྱིས་བཀུར་བས་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བར་གྱུར་ཏོ། །དེའི་རྒྱུད་རྒྱལ་པོའི་བརྒྱུད་པ་མང་དུ་བྱུང་སྟེ། རྒྱལ་པོ་མང་པོས་བཀུར་བ་དངོས་ཀྱི་བུ་ནི་འོད་མཛེས་སོ། །དེའི་བུ་ནི་དགེ་བའོ། །དེའི་བུ་ནི་དགེ་མཆོག་གོ །དེའི་བུ་ནི་གསོ་སྦྱོང་འཕགས་ཏེ། དེ་དག་ལ་ནི་བསྐལ་པ་དང་པོའི་རྒྱལ་པོ་ལྔ་ཞེས་བྱའོ། །རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་བུ་ནི་ང་ལས་ནུའོ། །དེའི་བུ་ནི་མཛེས་པའོ། །དེའི་བུ་ནི་ཉེར་མཛེས་སོ། །དེའི་བུ་ནི་མཛེས་ཅན་ནོ། །དེའི་བུ་ནི་མཛེས་ལྡན་ཞེས་བྱ་བ་བྱུང་སྟེ། དེ་དག་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་ཞེས་བྱའོ། །མཛེས་ལྡན་གྱི་བུ་ནི་བཏང་བའོ། །དེའི་བུ་ནི་བཏང་བཟུང་ངོ༌། །དེའི་བུ་ནི་ཤ་ཀུ་ནིའོ། དེའི་བུ་ནི་ཀུ་ཤིའོ། །དེའི་བུ་ནི་ཀུ་ཤི་ཆེན་པོའོ། །དེའི་བུ་ནི་ལེགས་མཐོང་ངོ༌། །དེའི་བུ་ནི་ལེགས་མཐོང་ཆེན་པོའོ། །དེའི་བུ་ནི་གནོད་སེལ་ལོ། །དེའི་བུ་ནི་གསེར་མདོག་གོ །དེའི་བུ་ནི་སྐལ་ལྡན་ནོ། །དེའི་བུ་ནི་ངན་སྤང་ངོ༌། །དེའི་བུ་ནི་ལྷུན་པོའོ། །དེའི་བུ་ནི་ངེས་འགྲོའོ། །དེའི་བུ་ནི་རབ་ཏུ་སྒྲ་གྲགས་སོ། །དེའི་བུ་ནི་རབ་ཏུ་སྒྲ་གྲགས་ཆེན་པོའོ། །དེའི་བུ་ནི་བདེ་བྱེད་དོ། །དེའི་བུ་ནི་ཕྱོགས་བདག་གོ །དེའི་བུ་ནི་རྡུལ་བཟང་ངོ༌། །དེའི་བུ་ནི་རྒྱས་བྱེད་དོ། །དེའི་བུ་རྒྱུད་ལ་ལྷ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་བརྒྱུད་དེ་བྱུང་ངོ༌། །ལྷ་ཆེན་པོ་ཐ་མའི་བུ་ནི་མུ་ཁྱུད་དོ། །དེའི་བུ་ནི་རྒྱལ་བའོ། །དེའི་བུ་ནི་ལྷུན་པོའོ། །དེའི་བུ་ནི་འཇིགས་བྱེད་ཤིང་རྟའོ། །དེའི་བུ་ནི་ཤིང་རྟ་བརྒྱ་པའོ། །དེའི་བུ་ནི་ཤིང་རྟ་བཅུ་པའོ། །དེའི་བུའི་རྒྱུད་ལ་ཡུལ་ལྔ་འཛིན་གྱི་རྒྱལ་པོ་ལྔ་སྟོང་བྱུང་ངོ༌། །དེའི་བུ་ཕྱི་མའི་རྒྱུད་ལ་ཀ་ལིངྒའི་རྒྱལ་པོ་ལྔ་སྟོང་བྱུང་ངོ༌། །དེའི་བུ་ཕྱི་མའི་རྒྱུད་ལ་ཨསྨ་ཀའི་རྒྱལ་པོ་བདུན་སྟོང་བྱུང་ངོ༌། །དེའི་བུ་ཕྱི་མའི་རྒྱུད་ལ་སྒྲ་མི་སྙན་གྱི་རྒྱལ་པོ་བརྒྱད་སྟོང་འབྱུང་ངོ༌། །དེའི་བུ་ཕྱི་མའི་རྒྱུད་ལ་ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་བྱུང་ངོ༌། །དེའི་བུ་ཕྱི་མའི་རྒྱུད་ལ་གླུ་དབྱངས་ཞེས་བྱ་བའི་རྒྱལ་པོ་ཁྲི་བྱུང་ངོ༌། །དེའི་བུ་ཕྱི་མའི་རྒྱུད་ལ་མ་ག་དྷཱའི་རྒྱལ་པོ་ཁྲི་བྱུང་ངོ༌། །དེའི་བུ་ཕྱི་མའི་རྒྱུད་ལ་ཏ་མི་ལིཔྟའི་རྒྱལ་པོ་ཁྲི་ལྔ་སྟོང་བྱུང་ངོ༌། །དེའི་བུ་ཕྱི་མ་གོའུ་ཏམ་ཞེས་བྱ་བའི་བུ་བུ་རམ་ཤིང་སྐྱེས་ཞེས་བྱ་བ་བྱུང་ངོ༌། །དེའི་བུའི་རྒྱུད་ལ་བུ་རམ་ཤིང་སྐྱེས་ཀྱི་རྒྱལ་པོ་སྟོང་དང་བརྒྱ་བྱུང་ངོ༌། །དེའི་ཕྱི་མའི་བུ་ནི་བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་བཞི་ནི་སྐར་མདའ་གདོང་དང༌། ལག་ན་དང༌། གླང་པོ་ཆེ་འདུལ་དང༌། རྐང་གདུབ་ཅན་ཞེས་བྱའོ། །དེ་དག་ལ་ནི་ཤཱཀྱའི་རིགས་ཞེས་བྱ་བར་གྲགས་སོ། །རྐང་གདུབ་ཅན་གྱི་བུ་ནི་རྐང་གདུབ་ཅན་གྱི་ཞབས་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ནི་གནས་འཇོག་གོ །དེའི་བུ་ནི་བ་ལང་གནས་སོ། །དེའི་བུ་ནི་རྒྱལ་པོ་སེང་གེ་འགྲམ་ཞེས་བྱ་བ་ཡིན་ནོ། །དེ་ལ་ནི་བུ་བཞི་ཡོད་དེ། ཟས་གཙང་དང༌། ཟས་དཀར་དང༌། བྲེ་བོ་ཟས་དང༌། བདུད་རྩི་ཟས་སོ། །རྒྱལ་པོ་ཟས་གཙང་གི་བུ་ནི་བཅོམ་ལྡན་འདས་དང༌། ཚེ་དང་ལྡན་པ་གཅུང་དགའ་བོ་ཡིན་ནོ། །ཟས་དཀར་གྱི་བུ་ནི་ཚེ་དང་ལྡན་པ་རྒྱལ་བ་དང༌། བཟང་ལྡན་ཡིན་ནོ། །བྲེ་བོ་ཟས་ཀྱི་བུ་ནི་ཚེ་དང་ལྡན་པ་མིང་ཆེན་དང༌། མ་འགགས་པ་ཡིན་ནོ། །བདུད་རྩི་ཟས་ཀྱི་བུ་ནི། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ལྷས་བྱིན་ཡིན་ནོ། །བཅོམ་ལྡན་འདས་ཀྱི་སྲས་ནི་གཞོན་ནུ་སྒྲ་གཅན་འཛིན་ཡིན་ནོ། །ཤཱཀྱའི་རྒྱལ་པོའི་རིགས་ནི་དེས་རྫོགས་ལ། རྒྱལ་པོ་གཞན་གྱི་རིགས་ལས་བྱུང་བ་ཆོས་དང་ལྡན་པ་དག་གིས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་སོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ཡུལ་དབུས་སུ་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བ་བྱུང་ནས། ཛམྦུའི་གླིང་ཕལ་ཆེ་བ་ལ་མངའ་མཛད་དེ། བཀའ་བསྡུ་བ་བར་པའི་ཡོན་བདག་མཛད་ནས་བདེ་བར་གཤེགས་པའི་བསྟན་པའང་འཕེལ་བར་མཛད་དོ། །དེ་ནས་ལོ་ཉིས་བརྒྱ་ལོན་པ་ན་ཛམྦུ་གླིང་གི་ནུབ་བྱང་གི་ཕྱོགས་སུ། རྒྱལ་པོ་ཀ་ནི་ཀ་ཞེས་བྱ་བ་བྱུང་ནས་བཀའ་བསྡུ་བ་གསུམ་པའི་ཡོན་བདག་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །གཞན་ཡང་རྒྱ་གར་དང༌། ཁ་ཆེ་དང༌། ལིའི་ཡུལ་དང༌། ཁུ་སེན་དང༌། བལ་ཡུལ་དང༌། རྒྱ་ནག་དང༌། འཇང་གི་ཡུལ་དང༌། མི་ཉག་གི་ཡུལ་ལ་སོགས་པ་རྣམས་སུ་ཆོས་དང་ལྡན་པའི་རྒྱལ་པོ་རྣམས་ཀྱིས་རང་རང་གི་ཡུལ་དུ་ཆོས་དར་བར་བྱས་སོ། །སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་ལྷག་པ་ན་བོད་ཀྱི་ཡུལ་དུ་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ཞེས་བྱ་བ་བྱུང་ལ། དེ་ནས་རྒྱལ་རབས་ཉི་ཤུ་རྩ་དྲུག་འདས་པའི་འོག་ཏུ་རྒྱལ་པོ་ལྷ་ཐོ་ཐོ་རི་སྙན་བཙན་ཞེས་བྱ་བ་བྱུང་ཞིང༌། དེའི་ཚེ་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས་ཏེ། བུ་མོ་དྲི་མ་མེད་བྱིན་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ནས་གདོང་དམར་ཅན་གྱི་ཡུལ་དུ་ང་ཡི་བསྟན་པ་འབྱུང་ངོ་ཞེས་ལུང་བསྟན་པ་བཞིན་ནོ། །དེ་ནས་རྒྱལ་རབས་ལྔ་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བ་བྱུང་ལ། དེའི་ཚེ་པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་ཞེས་བྱ་བས་ཆོས་བསྒྱུར་ཞིང༌། ལྷ་ས་ལ་སོགས་པའི་གཙུག་ལག་ཁང་བཞེངས། དམ་པའི་ཆོས་ཀྱི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བ་བྱུང་ལ། དེས་སློབ་དཔོན་ཞི་བ་འཚོ་དང༌། པདྨ་འབྱུང་གནས་དང༌། ཀ་མ་ལ་ཤཱི་ལ་སོགས་པའི་པཎྜི་ཏ་དང༌། གྲུབ་པའི་སྐྱེས་བུ་སྤྱན་དྲངས། བཻ་རོ་ཙ་ན་རཀྵི་ཏ་དང༌། འཁོན་ཀླུའི་དབང་པོ་སྲུང་བ་ལ་སོགས་པ་སད་མི་མི་བདུན་ཞེས་བྱ་བ་ལོ་ཙཱ་བ་དང༌། གཞན་ཡང་པཎྜི་ཏ་དང༌། ལོ་ཙཱ་བ་མང་པོས་ཆོས་ཤིན་ཏུ་མང་བ་བསྒྱུར་ཞིང༌། སྡོམ་པ་གསུམ་ཀའི་སྲོལ་འཕེལ་བར་མཛད་དོ། །དེ་ནས་རྒྱལ་རབས་གསུམ་འདས་པ་ན་རྒྱལ་པོ་རལ་པ་ཅན་ཞེས་བྱ་བ་བྱུང་ལ། དེས་རྒྱལ་སྲིད་ཤིན་ཏུ་ཡངས་པ་ལ་མངའ་མཛད་ཅིང༌། ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་ལ་སོགས་པའི་པཎྜི་ཏ་དང༌། སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པའི། ལོ་ཙཱ་བ་རྣམས་ཀྱིས་སྔར་འགྱུར་བའི་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང༌། མ་འགྱུར་བ་རྣམས་གཞི་ནས་བསྒྱུར་ཏེ། བསྟན་པ་ཤིན་ཏུ་རྒྱས་པར་མཛད་དོ། །དེ་ནས་བོད་ཁམས་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་མ་བྱུང་ཡང༌། རྒྱལ་ཕྲན་དང༌། རྒྱལ་རྒྱུད་ནི་ད་དུང་ཡོད་དོ། །པཎྜི་ཏ་དང༌། ལོ་ཙཱ་བ་དང༌། དགེ་བའི་བཤེས་གཉེན་མང་དུ་བྱུང་བས་བདེ་བར་གཤེགས་པའི་བསྟན་པ་ནི་ད་ལྟའང་ཅི་རིགས་པར་གནས་སོ། །སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ལྷག་འདས་པ་ན། བྱང་ཕྱོགས་ཧོར་གྱི་ཡུལ་དུ་སྔོན་བསོད་ནམས་བསགས་པའི་འབྲས་བུ་སྨིན་པ་ཇིང་གིར་རྒྱལ་པོ་ཞེས་བྱ་བ་བྱུང་ལ། དེས་བྱང་ཕྱོགས་ནས་བརྩམས་ཏེ་སྐད་རིགས་མི་གཅིག་པའི་ཡུལ་ཁམས་དུ་མ་དབང་དུ་བྱས་ནས་སྟོབས་ཀྱིས་འཁོར་ལོས་སྒྱུར་བ་ལྟ་བུར་གྱུར་ཏོ། །དེའི་སྲས་ནི་མོ་གོ་ཏ་ཞེས་བྱ་བ་ག་གན་དུ་ཡོངས་སུ་གྲགས་པ་དེས་རྒྱལ་པོ་མཛད་ཅིང༌། རྒྱལ་སྲིད་ནི་སྔ་མ་བས་ཀྱང་རྒྱས་པར་གྱུར་ཏོ། །དེའི་སྲས་ནི་གོ་ཡུག་གན་ཞེས་བྱ་སྟེ། དེའང་རྒྱལ་སྲིད་ལ་དབང་བསྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཇིང་གིར་རྒྱལ་པོའི་སྲས་ཆུང་བར་གྱུར་པ་ནི་དོ་ལོ་ཞེས་བྱ་བ་ཡིན་ཏེ། དེས་ཀྱང་རྒྱལ་པོའི་གོ་འཕང་རྣམ་པར་ཐོབ་ནས་རྒྱལ་ཐབས་བྱས་པ་ཉིད་དོ། །དེའི་སྲས་ཀྱི་ཐུ་བོ་ནི་མོང་གོ་ཞེས་བྱ་བ་ཡིན་ཏེ། དེས་ཀྱང་རྒྱལ་པོའི་གོ་འཕང་རྣམ་པར་ཐོབ་ནས། རྒྱལ་ཐབས་བྱས་པ་ཉིད་དོ། །དེའི་གཅུང་ནི་གོ་པེ་ལ་ཞེས་གྲགས་པ་སྟེ། རྒྱལ་པོ་ཉིད་དུ་ཡང་མངའ་གསོལ་ནས་སྔ་མ་དེ་དག་པས་ཆེས་ལྷག་པའི་རྒྱལ་སྲིད་དུ་མ་ལ་དབང་བསྒྱུར་ཞིང༌། བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ། རྒྱལ་སྲིད་ཆོས་བཞིན་དུ་རྣམ་པར་བསྐྱངས་ནས། སྟོན་པའི་བསྟན་པའང་གསལ་བར་བྱས་པ་ཉིད་དོ། །དེའི་སྲས་ཀྱི་ཐུ་བོ་ནི་ཇིང་གིམ་ཞེས་བྱ་སྟེ། མཐོ་རིས་ཀྱི་དཔལ་འབྱོར་ཐམས་ཅད་ཀྱིས་འབྱོར་ཞིང་ཆོས་རིན་པོ་ཆེའི་རྒྱན་གྱིས་ཀྱང་མཛེས་པར་སྣང་བའོ། །དེ་ལ་མཾ་ག་ལ་དང༌། ནོ་མོ་གན་ཞེས་བྱ་བ་ལ་སོགས་པ་མཆེད་ཟླ་རྣམས། རང་རང་གི་ཡོན་ཏན་དང་འབྱོར་པས་འབྱོར་ཞིང༌། སོ་སོའི་སྲས་དང་བརྒྱུད་པ་དང་བཅས་པ་ཉིད་དོ། །དེ་ལྟར་ཤཱཀྱའི་རྒྱལ་རྒྱུད་ནས་བརྩམས་ཏེ། དེང་སང་གནས་པའི་རྒྱལ་རྒྱུད་ཀྱི་བར་རྣམས་བརྗོད་པའོ། །དེ་ལྟར་རྒྱལ་པོ་རྣམས་ཀྱི་ཐོག་མ་མང་པོས་བཀུར་བའི་རྒྱལ་པོར་བསྐོས་པ། དེའི་ཚེ་སེམས་ཅན་དེ་དག་ཕན་ཚུན་གཞན་གྱི་ཞིང་ལ། གཞན་གྱིས་བླངས་པས་མ་བྱིན་པར་ལེན་པ་བྱུང་ངོ༌། །དེ་དག་རྒྱལ་པོའི་མི་རྣམས་ཀྱིས་དྲིས་པ་ན་མ་བླངས་སོ་ཞེས་བརྫུན་ཡང་སྨྲས་སོ། །དེ་དག་རྒྱལ་པོའི་མི་རྣམས་ཀྱིས་སྲོག་དང་བྲལ་བར་བྱས་པས། སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་དུ་མ་བྱས་སོ། །དེའི་ཚེ་མི་དགེ་བ་བྱེད་པའི་སེམས་ཅན་ཤི་འཕོས་པ་རྣམས་དུད་འགྲོར་སྐྱེས་སོ། །དེ་ནས་ཡི་དྭགས་རྣམས་སུ་སྐྱེས་སོ། །དེ་ནས་དམྱལ་བ་རྣམས་སུ་རིམ་གྱིས་སྐྱེས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བར་སྔོན་མེད་པ་གསར་དུ་སྐྱེས་པ་ན། འཇིག་རྟེན་འདི་ཆགས་པ་རྫོགས་པ་ཡིན་ནོ། །དེ་ལྟར་མི་དེ་དག་གིས་མི་དགེ་བ་སྤྱད་པས་རིམ་གྱིས་ཚེ་ཐུང་བ་དང༌། ལོངས་སྤྱོད་ཆུང་དུ་སོང་ནས། ཛམྦུ་གླིང་པ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་པར་གྱུར་པ་དང༌། མནར་མེད་པའི་དམྱལ་བ་གསར་དུ་སྐྱེས་པ་དུས་མཚུངས་སོ། །དེ་ལྟར་སེམས་ཅན་གྱི་འཇིག་རྟེན་ཆགས་པ་ལ་བར་གྱི་བསྐལ་པ་བཅུ་དགུ་དང༌། སྣོད་ཆགས་པ་ལ་བར་གྱི་བསྐལ་པ་གཅིག་སྟེ། འཆགས་པ་ལ་བར་བསྐལ་ཉི་ཤུ་ཡོད་དོ། །ཛམྦུ་གླིང་པའི་ཚེ་ལོ་བརྒྱད་ཁྲི་པ་ནས་གནས་པའི་མགོ་བརྩམས་ནས། འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །དེ་དག་གི་ཚེ་ལོ་བཅུ་པ་ལ་ནི་མཚོན་གྱི་བསྐལ་པ་ཞག་བདུན་དང༌། ནད་ཀྱི་བསྐལ་པ་ཞག་བདུན་དང༌། ཟླ་བ་བདུན་དང༌། མུ་གེའི་བསྐལ་པ་ཞག་བདུན་དང༌། ཟླ་བ་བདུན་དང༌། ལོ་བདུན་འབྱུང་བས་མི་ཕལ་ཆེར་ཟད་དེ། ལྷག་མ་ལུས་པ་རྣམས་གཅིག་གིས་གཅིག་མཐོང་བར་གྱུར་པ་ན། ཆེས་དཀོན་པའི་དབང་གིས་ཕན་ཚུན་མཛའ་བ་དང༌། མཐུན་པར་གྱུར་ཏེ། སྲོག་གཅོད་པ་སྤང་བ་ལ་སོགས་པའི་དགེ་བ་སྤྱད་པས་རིམ་གྱིས་ཚེ་དང༌། ལོངས་སྤྱོད་འཕེལ་ཏེ། ཚེ་ལོ་བརྒྱད་ཁྲི་པར་འགྱུར་རོ། །དེ་དག་གི་ཡར་འཕེལ་བ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་བྱུང་སྟེ། སེམས་ཅན་རྣམས་ཆོས་ཁྲིམས་ཀྱིས་སྐྱོང་བར་མཛད་དོ། །མར་འགྲིབ་པ་ལ་ནི་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་ནས། སེམས་ཅན་རྣམས་ཀྱི་འདྲེན་པ་མཛད་དོ། །འཕེལ་བ་དང༌། འགྲིབ་པ་གཉིས་ཀ་ལ་རང་སངས་རྒྱས་རྣམས་བྱོན་ཏེ། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་མཛད་དོ། །བར་བསྐལ་ཉི་ཤུ་གནས་པའི་རྗེས་སུ་འཇིག་པའི་མགོ་བརྩམས་ལ། དེ་ཡང་དང་པོ་བཅུད་ཀྱི་འཇིག་རྟེན་འཇིག་སྟེ། འདི་ལྟར་མནར་མེད་པར་གསར་དུ་སྐྱེ་བ་ཆད་ཅིང༌། དེར་སྐྱེས་ཟིན་པ་རྣམས་ཀྱང་ཤི་ནས་ལས་ཟད་ན་འགྲོ་བ་གཞན་དག་དུ་སྐྱེ་ལ། མ་ཟད་པ་རྣམས་དམྱལ་བ་གོང་མ་རྣམས་སམ། འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ལྟར་དམྱལ་བ་མནར་མེད་པ་སྟོངས་ཏེ། དེ་ནས་རིམ་གྱིས་དམྱལ་བ་གོང་མ་རྣམས་ཀྱང་སྟོངས་ནས། ཡི་དྭགས་རྣམས་སུ་སྐྱེའོ། །དེ་ལྟར་ཚུལ་དེ་ཉིད་ཀྱིས་ཡི་དྭགས་དང༌། དུད་འགྲོ་རྣམས་ཀྱང་སྟོངས་པར་འགྱུར་རོ། །མི་རྣམས་ཀྱི་སྒྲ་མི་སྙན་པ་མ་གཏོགས་པ་རྣམས་དང༌། འདོད་པའི་ལྷ་རྣམས་ལའང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་སྐྱེས་ཏེ་བསམ་གཏན་དང་པོར་སྐྱེ་བར་འགྱུར་རོ། །སྒྲ་མི་སྙན་རྣམས་འདོད་པའི་ལྷ་རྣམས་སུ་སྐྱེ་སྟེ། དེར་བསམ་གཏན་དང་པོའི་སེམས་ཐོབ་ནས། བསམ་གཏན་དང་པོར་སྐྱེ་བར་འགྱུར་རོ། །བསམ་གཏན་དང་པོ་པ་རྣམས་ཀྱང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་རྒྱུད་ལ་སྐྱེས་ནས། ཤི་འཕོས་ནས་བསམ་གཏན་གཉིས་པར་སྐྱེ་སྟེ། དེ་ལྟར་ན་མནར་མེད་པ་ནས་ཚངས་པའི་འཇིག་རྟེན་གྱི་བར་སྟོངས་པར་འགྱུར་ཏེ། དེ་ལ་བར་གྱི་བསྐལ་པ་བཅུ་དགུ་ཐོགས་སོ། །དེ་ནས་གླིང་བཞིར་ཉི་མ་བདུན་འཆར་བར་འགྱུར་ཏེ། ཆར་མི་བབ་ཅིང་ཉི་མ་དང་པོས་ནི་ཆུ་ལས་གྱུར་པའི་རྩི་ཤིང་ནགས་ཚལ་རྣམས་སྐེམ་པར་བྱེད་དོ། །གཉིས་པས་ནི་ལྟེང་ཀ་དང་ཆུ་བྲན་རྣམས་སྐེམ་པར་བྱེད་དོ། །གསུམ་པས་ནི་ཆུ་བོ་ཆེན་པོ་གངྒཱ་ལ་སོགས་པ་བཞི་ཡང་སྐེམ་པར་བྱེད་དོ། །བཞི་པས་ནི་མཚོ་མ་དྲོས་པའང་སྐེམ་པར་བྱེད་དོ། །ལྔ་པས་ནི་ཕྱིའི་རྒྱ་མཚོ་ཡང་པུས་མོ་ནུབ་ཙམ་དུ་བྱེད་དོ། །དྲུག་པས་ནི་ཕྱིའི་རྒྱ་མཚོའི་ལྷག་མའང་སྐེམ་པར་བྱེད་དོ། །བདུན་པས་ནི་སྣོད་འདི་མེ་ལྕེ་གཅིག་ཏུ་འབར་བར་བྱེད་དེ། མནར་མེད་པའི་གནས་ནས་ཚངས་པའི་འཇིག་རྟེན་གྱི་བར་རྣམས་མེས་འཇིག་གོ །དེ་ལ་བར་གྱི་བསྐལ་པ་གཅིག་ཐོགས་ཏེ། དེ་ལྟར་ན་འཇིག་རྟེན་འཇིག་པ་ལ་བར་གྱི་བསྐལ་པ་ཉི་ཤུ་ཐོགས་སོ། །དེ་ནས་ནི་སྟོངས་པའི་བསྐལ་པ་སྟེ། དེའང་བར་གྱི་བསྐལ་པ་ཉི་ཤུའི་ཡུན་དུ་སྟོངས་པ་ཡིན་ནོ། །དེ་ལྟར་ན་ཆགས་པ་དང༌། གནས་པ་དང༌། འཇིག་པ་དང༌། སྟོངས་པའི་བསྐལ་པ་རྣམས་ལ་བར་གྱི་བསྐལ་པ་བརྒྱད་ཅུ་ཡོད་དེ། དེ་དག་ཐམས་ཅད་ལ་ནི་བསྐལ་པ་ཆེན་པ་ཞེས་བྱའོ། །དེས་ནི་ཚངས་རིས་པ་ལ་སོགས་པའི་ཚེ་ཚད་གཞལ་ལོ། །སྣོད་འཇིག་པ་དེའང་མེས་འཇིག་པ་དང༌། ཆུས་འཇིག་པ་དང༌། རླུང་གིས་འཇིག་པ་གསུམ་སྟེ། མེས་འཇིག་པ་ནི་གོང་དུ་བཤད་མ་ཐག་པ་ལྟར་འཇིག་ཅིང༌། ཡང་ཆགས་པ་ལན་བདུན་རིམ་པས་བྱུང་བའི་མཐར། ཆགས་པའི་འཇིག་རྟེན་དེ་ཆུས་འཇིག་སྟེ། དེས་ནི་བསམ་གཏན་གཉིས་པ་མན་ཆད་འཇིག་པར་བྱེད་དོ། །འོད་གསལ་གྱི་གནས་སུ་སྤྲིན་གྱི་ཕུང་པོ་ཆེན་པོ་འདུས་པ་ལས། ཆར་གྱི་རྒྱུན་བབས་ནས་སྣོད་འདི་ལན་ཚྭ་ཆུའི་ནང་དུ་ཞུ་བ་ལྟར་མེད་པར་བྱས་ཏེ། ཆུ་དེའང་རང་ཉིད་སྐེམ་པར་འགྱུར་རོ། །དེ་ལྟར་ཆུས་ལན་ཅིག་ཞིག་པའི་རྗེས་ལ་ཡང་སྔ་མ་བཞིན་དུ་མེས་འཇིག་པ་ལན་བདུན་འབྱུང་ངོ༌། །དེ་ནས་ཡང་ཆུས་འཇིག་སྟེ། དེ་ལྟར་མེས་འཇིག་པ་ལན་བདུན་བདུན་གྱི་རྗེས་ལ། ཆུས་འཇིག་པ་ལན་རེ་འབྱུང་ཞིང་ཆུས་ལན་བདུན་ཞིག་པའི་རྗེས་ལ་ཡང་མེས་འཇིག་པ་ལན་བདུན་འབྱུང་ངོ༌། །དེའི་རྗེས་ལའང་ཆགས་པའི་འཇིག་རྟེན་དེ་ནི་རླུང་གིས་འཇིག་སྟེ། དེས་བསམ་གཏན་གསུམ་པ་མན་ཆད་འཇིག་པར་བྱེད་དོ། །འདི་ལྟར་འཇིག་པར་བྱེད་པའི་རླུང་ཆེན་པོས་རིའི་རྒྱལ་པོ་རི་རབ་ཀྱང་གཏོར་ཡང་དུ་བྱེད་ན། གཞན་རྣམས་ལྟ་ཅི་སྨོས་པའི་རླུང་གིས་འཇིག་ཅིང་འཐོར་བར་བྱེད་དོ། །བསམ་གཏན་བཞི་པ་ལ་ནི་ཕྱི་རོལ་གྱི་འཇིག་པའི་རྒྱུ་མེད་ཀྱང༌། སེམས་ཅན་དེ་དག་སྐྱེ་བ་ན་གཞལ་ཡས་ཁང་པ་དང་བཅས་ཏེ་སྐྱེ་ལ། ཤི་བ་ན་གཞལ་ཡས་ཁང་དང་བཅས་པའང་འཇིག་པར་འགྱུར་རོ། །དེ་དག་གིས་ནི་སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་སེམས་ཅན་དང༌། དེ་དག་ཆགས་འཇིག་དང་བཅས་པ་བཤད་ཟིན་ཏོ། །ད་ནི་དེ་དག་རྒྱུ་དང་འབྲས་བུར་འབྲེལ་བའི་རྟེན་འབྲེལ་བཤད་པར་བྱ་སྟེ། དེའང་གང་ཞིག་གང་ལ་བརྟེན་ནས་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་ཕྱི་དང་ནང་གི་རྟེན་འབྲེལ་གཉིས་ཡོད་དེ། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྣོད་ཀྱི་འཇིག་རྟེན་ཇི་ལྟར་གྲུབ་པའི་ཚུལ་སྔར་བཤད་པ་ལྟ་བུ་དང༌། ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་པ་ལྟ་བུའོ། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། མ་རིག་པ་ཡོད་ན་འདུ་བྱེད་ཡོད་པ་ལ་སོགས་པ་ལུགས་ལས་འབྱུང་བ་དང༌། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ལ་སོགས་པ་ལུགས་ལས་བཟློག་པ་གཉིས་སོ། །ལུགས་ལས་འབྱུང་བ་ལའང་གནས་སྐབས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྒྱུན་ཆགས་པ་དང༌། འབྲེལ་བ་དང༌། སྐད་ཅིག་མ་དང༌། ཚེ་གསུམ་གྱིས་བསྡུས་པ་དང༌། རྒྱུ་དང་འབྲས་བུའི་ཚུལ་གཉིས་ཀྱིས་བསྡུས་པ་དང༌། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལ་གནས་སྐབས་པ་ནི་སྐྱེ་བ་སྔ་མའི་ཉོན་མོངས་པ་སྤྱོད་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་མ་རིག་པ་ཞེས་བྱ་སྟེ། མ་རིག་པ་གཙོ་ཆེ་བའི་ཕྱིར་དེ་སྐད་དུ་བརྗོད་དོ། །འོག་མ་རྣམས་ལའང་གཙོ་བོའི་མིང་གིས་འདུ་བྱེད་ལ་སོགས་པར་བརྟགས་ཏེ་ཐམས་ཅད་དུ་ཕུང་པོ་ལྔ་ལྔ་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །འདུ་བྱེད་ནི་སྐྱེ་བ་སྔ་མའི་ལས་དགེ་བ་དང༌། མི་དགེ་བ་བྱེད་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྣམ་པར་ཤེས་པ་ནི་དེ་དག་གིས་འཕངས་པའི་རྣམ་པར་ཤེས་པ་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །མིང་དང་གཟུགས་ནི་མངལ་དུ་སྐྱེས་ནས་མིག་ལ་སོགས་པ་མ་དོད་ཀྱི་བར་གྱི་ཕུང་པོ་ལྔ་སྟེ། མིང་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་བཞི་དང༌། གཟུགས་ནི་མངལ་གྱི་གནས་སྐབས་ཀྱི་ནུར་ནུར་པོ་དང༌། མེར་མེར་པོ་དང༌། གོར་གོར་པོ་དང༌། མཁྲང་འགྱུར་དང༌། རྐང་ལག་འགྱུས་པ་སྟེ་ལྔའོ། །སྐྱེ་མཆེད་དྲུག་ནི་མངལ་དུ་མིག་ལ་སོགས་པ་དོད་པ་ནས་བཟུང་སྟེ། གསུམ་འདུས་ནས་ཡུལ་ཡོངས་སུ་དཔྱོད་མི་ཤེས་པའི་བར་གྱི་ཕུང་པོ་ལྔའོ། །རེག་པ་ནི་དབང་པོ་དང༌། ཡུལ་དང༌། རྣམ་པར་ཤེས་པ་གསུམ་འདུས་ནས་ཡུལ་ཡོངས་སུ་དཔྱོད་ནས་བདེ་བ་དང༌། སྡུག་བསྔལ་གྱི་རྒྱུ་མི་ཤེས་པའི་བར་གྱི་ཕུང་པོ་ལྔའོ། །ཚོར་བ་ནི་བདེ་བ་དང༌། སྡུག་བསྔལ་གྱི་རྒྱུ་ཤེས་པའི་བྱིས་པའི་དུས་ནས་བཟུང་སྟེ། འཁྲིག་པ་ལ་སྤྱོད་མི་ནུས་པའི་བར་གྱི་ཕུང་པོ་ལྔའོ། །སྲེད་པ་ནི་འཁྲིག་པ་ལ་ལོངས་སྤྱོད་པར་ནུས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་སྟེ། ལང་ཚོ་རྒྱས་པའི་གནས་སྐབས་སོ། །ལེན་པ་ནི་བདེ་བའི་རྒྱུ་ནོར་དང༌། འབྲུ་ལ་སོགས་པ་ལ་སྲེད་པ་འཕེལ་ཏེ། དེ་དག་ཐོབ་པར་བྱ་བའི་ཕྱིར་ཞིང་ལས་དང༌། ཚོང་ཁེ་ལ་སོགས་པ་ལ་རྒྱུག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྲིད་པ་ནི་དེ་ལྟར་ལེན་ཅིང་ལས་བྱེད་པ་ན་སྲིད་པ་ཕྱི་མར་འཕེན་པའི་ལས་སོགས་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྐྱེ་བ་ནི་འདི་ནས་ཤི་འཕོས་ནས་ཕྱི་མར་ཉིང་མཚམས་སྦྱོར་བའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྒ་ཤི་ནི་སྐྱེ་བ་ཕྱི་མའི་མིང་དང་གཟུགས་ནས་ཚོར་བའི་བར་གཞིའི་གནས་སྐབས་ཀྱི་ཕུང་པོ་ལྔ་ཡིན་ཏེ། གནས་སྐབས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བྱེ་བྲག་ཏུ་སྨྲ་བས་འདོད་ལ་དེ་ཉིད་རྒྱུན་ཆགས་པ་དང་འབྲེལ་པའང་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པས་གནས་སྐབས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་མི་འདོད་ཀྱི། རྒྱུན་ཆགས་པ་ནི་འདི་ལྟར་འདོད་དེ། མ་རིག་པ་ནི་རིག་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་ལས་བྱུང་བ་སྟེ། འདུ་བྱེད་ཀུན་ནས་སློང་བའི་རྒྱུའོ། །འདུ་བྱེད་ནི་དེས་ཀུན་ནས་བསླངས་པའི་ལས་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ། །རྣམ་པར་ཤེས་པ་ནི་ལས་དེ་དག་གིས་རྣམ་པར་ཤེས་པ་སྐྱེ་བའི་གནས་སུ་འཕངས་པའོ། །མིང་དང་གཟུགས་ནི་མངལ་དུ་འཕངས་པའི་ཕུང་པོ་ལྔའོ། །སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པ་དོད་པའོ། །རེག་པ་ནི་ཡུལ་དང༌། དབང་པོ་དང༌། རྣམ་པར་ཤེས་པ་གསུམ་འདུས་པ་ལས་ཡུལ་ཡོངས་སུ་དཔྱོད་པའི་སེམས་ལས་བྱུང་བའོ། །ཚོར་བ་ནི་དེ་ལས་སྐྱེས་པའི་བདེ་བ་དང༌། སྡུག་བསྔལ་བ་དང༌། བཏང་སྙོམས་སོ། །སྲིད་པ་ནི་བདེ་བའི་ཡུལ་ལ་ཆགས་པའོ། །ལེན་པ་ནི་ཡུལ་དེ་དོན་དུ་གཉེར་བའོ། །སྲིད་པ་ནི་དེ་དག་གི་ཀུན་ནས་བསླངས་ནས་སྐྱེ་བ་ཕྱི་མ་འགྲུབ་པའི་ལས་སོགས་པའོ། །སྐྱེ་བ་ནི་ལས་དེས་སྐྱེ་བ་ཕྱི་མར་ཉིང་མཚམས་སྦྱོར་བའོ། །རྒ་ཤི་ནི་ཚེ་ཕྱི་མར་སྐྱེས་ཤིང་ཚེ་མཐར་ཕྱིན་ནས་ཡང་འཆི་བར་འགྱུར་བ་ཡིན་ལ། འབྲེལ་བའི་རྟེན་འབྲེལ་ཡང་དེ་ཉིད་ཡིན་པར་འདོད་དོ། །སྐད་ཅིག་མའི་རྟེན་འབྲེལ་ནི་སྐད་ཅིག་ལའང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཚང་བ་སྟེ། འགའ་ཞིག་སྲོག་གཅོད་པ་ན་དེར་ཀུན་ནས་སློང་བའི་མ་རིག་པ་ཡང་ཡོད་ལ། འདུ་བྱེད་ནི་སྲོག་གཅོད་པ་ཉིད་ཡིན་པ་དང༌། དེའི་ཚེ་ཡུལ་རིག་པ་རྣམ་ཤེས་དང༌། ཕུང་པོ་ལྔ་ཡོད་པས་མིང་དང་གཟུགས་དང༌། མིག་ལ་སོགས་པ་སྐྱེ་མཆེད་དྲུག་དང༌། གསུམ་འདུས་ནས་ཡུལ་གཅོད་པ་རེག་པ་དང༌། བདེ་བ་ལ་སོགས་པ་མྱོང་བའི་ཚོར་བ་དང༌། ཤ་ལ་སོགས་པ་ལ་སྲེད་པ་དང༌། དེ་ཤས་ཆེར་འཕེལ་བའི་ལེན་པ་དང༌། སྲོག་གཅོད་པ་དེ་ཉིད་ལས་མཐུ་ལྡན་གྱི་སྲིད་པ་དང༌། སྔར་མེད་སྐྱེ་བ་དང༌། འགྱུར་བ་རྒ་ཤི་ཡིན་པ་བཞིན་ནོ། །ཚེ་གསུམ་གྱིས་བསྡུས་པ་ལ་མ་རིག་པ་དང༌། འདུ་བྱེད་ནི་སྐྱེ་བ་སྔ་མས་བསྡུས་ཏེ། རྒྱུའི་ཡན་ལག་གོ །རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་ནི་ཚེ་འདིས་བསྡུས་ཏེ་འབྲས་བུའི་ཡན་ལག་གོ །སྲེད་པ་དང༌། ལེན་པ་དང༌། སྲིད་པ་གསུམ་ཡང་ཚེ་འདིས་བསྡུས་ཏེ་ཕྱི་མ་སྐྱེད་པའི་རྒྱུའི་ཡན་ལག་གོ །སྐྱེ་བ་དང༌། རྒ་ཤི་ནི་ཚེ་ཕྱི་མས་བསྡུས་ཏེ། འབྲས་བུའི་ཡན་ལག་གོ །དེ་ལྟར་ན་ཚེ་སྔ་མ་ལ་གཉིས་དང༌། འདི་ལ་བརྒྱད་དང༌། ཕྱི་མ་ལ་གཉིས་ཏེ། བཅུ་གཉིས་ཡིན་ནོ། །རྒྱུ་དང་འབྲས་བུའི་ཚུལ་ནི་གཉིས་ཏེ། སྔོན་གྱི་མཐའ་པ་དང༌། ཕྱི་མའི་མཐའ་པའོ། །དེ་ལ་སྔོན་གྱི་མཐའ་པ་ནི་མ་རིག་པ་ཉོན་མོངས་པ་དང༌། འདུ་བྱེད་ལས་ཏེ། དེ་གཉིས་ནི་རྒྱུ་ཡིན་ནོ། །དེ་གཉིས་ལས་སྐྱེ་བ་འདིའི་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང་ལྔ་སྐྱེ་སྟེ། འབྲས་བུའི་ཡན་ལག་ཡིན་པས་དེ་ནི་རྒྱུ་དང་འབྲས་བུ་ཚར་གཅིག་ཡིན་ནོ། །ཚེ་འདིའི་སྲིད་པ་དང༌། ལེན་པ་ཉོན་མོངས་པ་དང༌། སྲིད་པ་ལས་ཡིན་ཏེ། དེ་གསུམ་ནི་ཕྱི་མའི་རྒྱུ་ཡིན་ནོ། །དེ་དག་ལས་སྐྱེ་བ་ཕྱི་མའི་སྐྱེ་བ་དང༌། རྒ་ཤི་སྐྱེ་སྟེ། འབྲས་བུའི་ཡན་ལག་ཡིན་པས་དེ་ནི་རྒྱུ་འབྲས་ཚར་གཅིག་སྟེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱང་རྒྱུ་དང་འབྲས་བུ་ཚར་གཉིས་ཀྱིས་བསྡུས་སོ། །ཉོན་མོངས་པ་གསུམ་གྱིས་བསྡུས་པ་ནི་མ་རིག་པ་དང༌། སྲེད་པ་དང༌། ལེན་པ་ནི་ཉོན་མོངས་པའི་ཀུན་འབྱུང་ཡིན་ནོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ཀུན་འབྱུང་ཡིན་ནོ། །རྣམ་པར་ཤེས་པ་ལ་སོགས་པ་བདུན་ནི་སྐྱེ་བའི་ཀུན་འབྱུང་ཡིན་ནོ། །དེའང་ལས་དང་ཉོན་མོངས་པ་ནི་ཀུན་འབྱུང་གི་བདེན་པ་དང༌། སྐྱེ་བའི་ཀུན་འབྱུང་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །དེ་དག་གིས་ནི་ལུགས་ལས་འབྱུང་བ་བཤད་པའོ། །ལུགས་ལས་བཟློག་པ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་ལ་སོགས་པ་སྟེ། མ་རིག་པ་འགག་པ་ནི་བདག་མེད་པ་ཤེས་པའི་ཡེ་ཤེས་ཀྱིས་ཡིན་ལ། དེའང་ལམ་གྱི་བདེན་པ་ཡིན་ནོ། །མ་རིག་པ་འགགས་པས་སྲིད་པར་སྐྱེ་བའི་རྒྱུའི་ལས་འདུ་བྱེད་འགག་ལ། དེ་འགགས་ན་ལས་ཀྱིས་འཕངས་པའི་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་རྣམས་འགག་ཅིང༌། དེ་དག་འགགས་ན་ཕྱི་མར་སྐྱེ་བའི་ལས་ཀུན་ནས་སློང་བའི་སྲིད་པ་དང༌། ལེན་པ་འགག་གོ །དེ་དག་འགགས་ན་ཕྱི་མའི་ཕུང་པོ་འགྲུབ་པའི་ལས་མཐུ་ལྡན་གྱི་སྲིད་པ་འགག་གོ །དེ་འགགས་ན་སྐྱེ་བ་དང༌། རྒ་ཤི་དང༌། སྡུག་བསྔལ་གྱི་ཕུང་པོ་མ་ལུས་པ་འགག་སྟེ། དེའང་འགོག་པའི་བདེན་པ་ཡིན་ནོ། །དེ་ལྟར་ན་བདེན་པ་བཞི་ཡིན་ནོ། །སྣོད་དང་བཅུད་དང་རྟེན་འབྲེལ་དང༌། བདེན་པ་བཞི་པོ་དེ་དག་ཀྱང་གཞི་ལྔས་བསྡུས་ཏེ། གཟུགས་དང༌། སེམས་དང༌། སེམས་ལས་བྱུང་བ་དང༌། མི་ལྡན་པའི་འདུ་བྱེད་དང༌། འདུས་མ་བྱས་སོ། །དེ་ལ་གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། དེའང་དབང་པོ་ལྔ་དང༌། ཡུལ་ལྔ་དང༌། རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་གོ །དེ་ལ་མིག་ནི་ཟར་མའི་མེ་ཏོག་ལྟ་བུ་གཟུགས་ཅན་དྭངས་པ་དབང་རྟེན་གྱི་ནང་ན་ཡོད་དོ། །རྣ་བ་ནི་གྲོ་གའི་འཛེར་བུ་ལྟ་བུ་རྣ་བའི་ནང་ན་ཡོད་དོ། །སྣ་ནི་ཟངས་ཀྱི་མོ་ཁབ་ལྟ་བུ་སྣའི་ནང་ན་ཡོད་དོ། །ལྕེ་ནི་ཟླ་བ་ཕྱེད་དུ་བཀས་པ་ལྟ་བུ་ལྕེའི་དབང་རྟེན་གྱི་ནང་དུ་ཡོད་དོ། །ལུས་ནི་ལུས་བཞིན་དུ་སྤྱི་བོ་ནས་རྐང་པའི་བར་ལ་ཁྱབ་པར་གནས་སོ། །དེ་དག་ནི་དབང་པོ་ལྔའི་སྤྱོད་ཡུལ་དུ་མ་གྲུབ་སྟེ། དོན་ལྔའི་ནང་དུ་འདུས་པར་ཐལ་བས་སོ། །དེས་ན་ཡིད་ཆེས་པའི་ལུང་ལས་ཤེས་པར་བྱ་བ་ཡིན་ནོ། །གཟུགས་ནི་མིག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་སྟེ། ཁ་དོག་དང༌། དབྱིབས་སོ། །དེ་ལའང་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། རིང་པོ་དང༌། ཐུང་ངུ་དང༌། གྲུ་བཞི་དང༌། ལྷམ་པ་དང༌། མཐོ་བ་དང༌། དམའ་བ་དང༌། ཕྱ་ལེ་བ་དང༌། ཕྱ་ལེ་བ་མ་ཡིན་པ་དང༌། ཉི་མ་དང༌། གྲིབ་མ་དང༌། སྣང་བ་དང༌། མུན་པ་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། ཉི་ཤུའོ། །སྒྲ་ནི་རྣ་བའི་ཡུལ་ཏེ། རྒྱུད་ཀྱིས་ཟིན་པ་ངག་གི་སྒྲ་དང༌། མ་ཟིན་པ་རྔའི་སྒྲ་ལྟ་བུའོ། །དེ་རེ་རེ་ལའང་ལུང་དུ་སྟོན་པ་དང༌། མི་སྟོན་པ་གཉིས་གཉིས་ཏེ་བཞི་ཡིན་ལ། དེ་རེ་རེ་ལའང་སྙན་པ་དང༌། མི་སྙན་པ་གཉིས་སུ་ཕྱེ་བས་བརྒྱད་དུ་འགྱུར་རོ། །དྲི་ནི་སྣའི་ཡུལ་ཏེ། དྲི་ཞིམ་པ་དང༌། མི་ཞིམ་པ་གཉིས། དེ་རེ་རེ་ལའང་ཤས་ཆེ་བ་མི་མཉམ་པ་དང༌། ཤས་ཆུང་བ་མཉམ་པ་གཉིས་གཉིས་ཏེ་བཞིའོ། །རོ་ནི་ལྕེའི་ཡུལ་ཏེ། མངར་བ་དང༌། སྐྱུར་བ་དང༌། ཁ་བ་དང༌། ཚ་བ་དང༌། བསྐ་བ་དང༌། ལན་ཚྭ་སྟེ་དྲུག་གོ །རེག་བྱ་ནི་ལུས་ཀྱི་དབང་པོའི་ཡུལ་ཏེ། རྒྱུའི་རེག་བྱ་འབྱུང་བ་བཞི་དང༌། འབྲས་བུའི་རེག་བྱ་འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པའོ། །རིག་བྱེད་མ་ཡིན་པ་ནི། སྡོམ་པ་དང༌། སྡོམ་པ་མ་ཡིན་པ་དང༌། བར་མའི་གཟུགས་སོ། །དེ་ལྟར་ན་དེ་དག་གཟུགས་ཀྱི་གཞི་དང༌། གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ཡིན་ནོ། །སེམས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དྲུག་གོ །དེ་དག་ནི་སེམས་ཀྱི་གཞི་དང༌། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བ་ཡིན་ནོ། །སེམས་ལས་བྱུང་བ་ནི་བཞི་བཅུ་ཞེ་དྲུག་སྟེ། ཉམས་སུ་མྱོང་བའི་ཚོར་བ་དང༌། མཚན་མར་འཛིན་པའི་འདུ་ཤེས་དང༌། དམིགས་པ་ལ་སེམས་གཡོ་བར་བྱེད་པའི་སེམས་པ་དང༌། དམིགས་པ་ལ་གཏོད་པའི་ཡིད་ལ་བྱེད་པ་དང༌། ངེས་པའི་དངོས་པོ་ལ་ངེས་པའི་མོས་པ་དང༌། དོན་དུ་གཉེར་བའི་འདུན་པ་དང༌། གསུམ་འདུས་ནས་ཡུལ་དཔྱོད་པའི་རེག་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང༌། འདྲིས་པའི་ཡུལ་མ་བརྗེད་པའི་དྲན་པ་དང༌། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཞེས་བྱ་བ་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་སེམས་ཀྱི་ས་མང་པོ་པ་བཅུ་དང༌། སེམས་དང་བའི་དད་པ་དང༌། དགེ་བ་ལ་གོམས་པའི་བག་ཡོད་པ་དང༌། སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་དང༌། རྩོལ་བ་མེད་པའི་བཏང་སྙོམས་དང༌། ཡོན་ཏན་ཅན་ལ་གུས་པའི་ངོ་ཚ་ཤེས་པ་དང༌། སྡིག་པ་ལ་འཇིགས་པའི་ཁྲེལ་ཡོད་པ་དང༌། ཟག་བཅས་ལ་མ་ཞེན་པའི་འདོད་ཆགས་མེད་པ་དང༌། སེམས་ཅན་ལ་སེམས་མི་འཁྲུག་པའི་ཞེ་སྡང་མེད་པ་དང༌། སེམས་ཅན་ལ་སྙིང་བརྩེ་བའི་རྣམ་པར་མི་འཚེ་བ་དང༌། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཞེས་བྱ་བ་དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་དགེ་བའི་ས་པ་བཅུ་དང༌། དམིགས་པ་མི་ཤེས་པའི་རྨོངས་པ་དང༌། མི་དགེ་བ་ལ་གོམས་པའི་བག་མེད་པ་དང༌། དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང༌། སེམས་མ་དང་བའི་མ་དད་པ་དང༌། དམིགས་པ་མི་གསལ་བའི་རྨུགས་པ་དང༌། དམིགས་པ་ལས་གཞན་དུ་འཕྲོ་བའི་རྒོད་པ་ཞེས་བྱ་བ་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཉོན་མོངས་པའི་ས་པ་དྲུག་དང༌། ཡོན་ཏན་ཅན་ལ་མ་གུས་པའི་ངོ་ཚ་མེད་པ་དང༌། སྡིག་པ་ལ་མི་འཇིགས་པའི་ཁྲེལ་མེད་པ་ཞེས་བྱ་བ་མི་དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་མི་དགེ་བའི་ས་པ་གཉིས་དང༌། གནོད་པ་བྱས་པ་ལ་ཁྲོ་བ་དང༌། དེ་ཉིད་རྒྱུན་དུ་བྱེད་པའི་ཁོན་དུ་འཛིན་པ་དང༌། ཉེས་པ་ཁས་མི་ལེན་པའི་གཡོ་དང༌། ཡོན་ཏན་ཡོད་པ་ལྟར་འཆོས་པའི་སྒྱུ་དང༌། གཞན་གྱི་ཡོན་ཏན་ལ་མི་བཟོད་པའི་ཕྲག་དོག་དང༌། སྡིག་པ་ལ་ཞེན་པའི་སྟོབས་ཀྱིས་གཞན་གྱིས་གནོད་པ་བྱས་པ་ལ་མི་བཟོད་པའི་འཚིག་པ་དང༌། ཉེས་པ་གསང་བའི་འཆབ་པ་དང༌། ཡོ་བྱད་ལ་དམ་དུ་འཛིན་པའི་སེར་སྣ་དང༌། རིགས་དང་གཟུགས་ལ་སོགས་པ་ལ་ཆེར་ཆགས་པའི་རྒྱགས་པ་དང༌། སེམས་ཅན་ལ་ཐོ་འཚམ་པའི་རྣམ་པར་འཚེ་བ་ཞེས་བྱ་བ་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའི་འཁོར་དུ་འབྱུང་བའི་ཉོན་མོངས་པ་ཆུང་ངུའི་ས་པ་བཅུ་དང༌། སེམས་རྩིང་བར་བྱེད་པའི་རྟོག་པ་དང༌། སེམས་ཞིབ་པར་བྱེད་པའི་དཔྱོད་པ་དང༌། སྔར་བྱས་པ་ལ་ཡིད་གཅགས་པའི་འགྱོད་པ་དང༌། སེམས་རང་དབང་མེད་པར་བྱེད་པའི་གཉིད་དང༌། སེམས་འཁྲུག་པའི་ཁོང་ཁྲོ་བ་དང༌། ཟག་བཅས་ལ་སྲེད་པའི་འདོད་ཆགས་དང༌། སེམས་ཁེངས་པའི་ང་རྒྱལ་དང༌། དམིགས་པ་ལ་རྩེ་གཉིས་པའི་ཐེ་ཚོམ་ཞེས་བྱ་བ་སྔར་གྱིས་མང་པོ་པ་ལ་སོགས་པ་དེ་དག་ཏུ་ངེས་པ་མེད་པས་མ་ངེས་པ་བརྒྱད་དོ། །མངོན་པ་ཀུན་ལས་བཏུས་དང༌། ཕུང་པོ་ལྔ་པ་ལས་བཤད་པའི་བཅུ་གཅིག་དགེ་བའི་ནང་ནས་བདེན་པ་བཞི་ཤེས་པའི་གཏི་མུག་མེད་པ་དང༌། ཉི་ཤུ་ཉེ་བའི་ཉོན་མོངས་པའི་ནང་ནས་མི་གཙང་བ་ལ་གཙང་བར་ཤེས་པ་ལ་སོགས་པའི་ཤེས་བཞིན་མ་ཡིན་པ་དང༌། རྩ་བའི་ཉོན་མོངས་པའི་ནང་ནས་དོན་དང་མི་མཐུན་པར་རྣམ་པར་འབྱེད་པའི་ལྟ་བ་རྣམས་ནི་ཤེས་རབ་ཀྱི་ཆ་ལ་བཏགས་པ་དང༌། ཡང་ཉེ་བའི་ཉོན་མོངས་པའི་ནང་ནས་དམིགས་པ་མ་དྲན་པའི་བརྗེད་ངས་ནི། དྲན་པ་ཉོན་མོངས་པ་ཡིན་པས་དྲན་པ་ལ་བཏགས་པ་དང༌། དམིགས་པ་ལ་གཞན་དུ་འཕྲོས་པའི་རྣམ་པར་གཡེང་བ་ནི་ཏིང་ངེ་འཛིན་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ཏིང་ངེ་འཛིན་ལ་བཏགས་པ་ཡིན་པས་མངོན་པ་མཛོད་དུ་ནི་མ་བཤད་དོ། །དེ་དག་ནི་སེམས་ལས་བྱུང་བའི་གཞི་སྟེ། ཕུང་པོ་ནི་ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་གཉིས་ལོགས་སུ་ཕྱེ་ནས། གཞན་ཐམས་ཅད་ནི་འདུ་བྱེད་ཀྱི་ཕུང་པོའི་ནང་དུ་འདུས་སོ། །མི་ལྡན་པའི་འདུ་བྱེད་ནི། སེམས་ཅན་གྱི་རྒྱུད་ཀྱི་ཆོས་སྡོམ་པ་ལ་སོགས་པ་དང་ལྡན་པར་བྱེད་པའི་རྫས་གཞན་དུ་གྱུར་པའི་ཐོབ་པ་དང༌། ཆོས་དེ་དག་དང་མི་ལྡན་པར་བྱེད་པའི་རྫས་གཞན་དུ་གྱུར་པའི་མ་ཐོབ་པ་དང༌། སེམས་ཅན་རིས་འདྲ་བར་བྱེད་པའི་ཆོས་སུ་གྱུར་པའི་སྐལ་བ་མཉམ་པ་དང༌། ལྷ་ཚེ་རིང་པོའི་རྒྱུད་ལ་སེམས་དང་སེམས་ལས་བྱུང་བ་འགོག་པའི་རྫས་སུ་གྱུར་པའི་འདུ་ཤེས་མེད་པ་དང༌། དེའི་རྒྱུར་གྱུར་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་བཀག་ནས་བསྒོམས་པས། སེམས་དང་སེམས་བྱུང་འགོག་པའི་འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འོག་ནས་འཆད་པའི་འཕགས་པའི་རྒྱུད་ལ་འདུ་ཤེས་དང༌། ཚོར་བ་འགོག་པའི་རྫས་སུ་གྱུར་པའི་འགོག་པའི་སྙོམས་འཇུག་དང༌། འགྲོ་བ་རྣམས་སྐྱེས་ནས་མ་ཤིའི་བར་དུ་གནས་པའི་སྲོག་གི་དབང་པོ་དང༌། སྔར་མེད་གསར་དུ་འབྱུང་བར་བྱེད་པའི་སྐྱེ་བ་དང༌། དེ་གནས་པར་བྱེད་པའི་གནས་པ་དང༌། འགྱུར་བར་བྱེད་པའི་དགའ་བ་དང༌། འཇིག་པར་བྱེད་པའི་མི་རྟག་པ་ཞེས་བྱ་བ་འདུས་བྱས་ཀྱི་མཚན་ཉིད་བཞི་དང༌། དོན་གྱི་ངོ་བོ་སྟོན་པའི་མིང་གི་ཚོགས་དང༌། ཁྱད་པར་སྟོན་པའི་ཚིག་གི་ཚོགས་དང༌། དེ་གཉིས་ཀྱི་རྟེན་དུ་གྱུར་པའི་ཡི་གེའི་ཚོགས་ཞེས་བྱ་བ་དངོས་སུ་བཤད་པ་བཅུ་བཞི་དང༌། ཁོང་དུ་བསྡུ་བར་བྱ་བ་དགེ་འདུན་ཕྱོགས་གཉིས་སུ་འབྱེད་པའི་དགེ་འདུན་གྱི་དབྱེན་དང༌། རང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་རང་རང་གི་སྨིན་པར་བྱེད་པ་བུ་ལོན་གྱི་དཔང་པོ་དང་འདྲ་བའི་ཆུད་མི་ཟ་བའི་རྫས་ལ་སོགས་པ་དག་ཀྱང་ཡིན་ཏེ། དེ་དག་ནི་མི་ལྡན་པའི་འདུ་བྱེད་ཀྱི་གཞི་ཞེས་བྱའོ། །དེ་ལྟར་བཤད་པ་དེ་དག་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཏེ། གཟུགས། སེམས། སེམས་ལས་བྱུང་བ་གསུམ་ལས་རྫས་གཞན་དུ་འདོད་ལ། མདོ་སྡེ་པས་གསུམ་པོ་དེའི་གནས་སྐབས་ལ་བཏགས་པར་འདོད་དོ། །དེ་ལྟར་ན་ཚོར་བ་དང༌། འདུ་ཤེས་མ་གཏོགས་པའི་སེམས་ལས་བྱུང་བ་བཞི་བཅུ་ཞེ་བཞི་དང༌། མི་ལྡན་པའི་འདུ་བྱེད་དེ་དག་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །འདུས་མ་བྱས་ཀྱི་གཞི་ནི་འོག་ནས་འཆད་པར་འགྱུར་རོ། །དེ་དག་ལས་གཟུགས་ཀྱི་གཞི་ནི་ཁམས་བཅུ་དང༌། སྐྱེ་མཆེད་བཅུར་བཤད་དེ། རིག་བྱེད་མ་ཡིན་པ་མ་གཏོགས་པའི་མིག་ནས་རེག་བྱའི་བར་བཅུའོ། །སེམས་ཀྱི་གཞི་ནི་ཁམས་བདུན་དུ་བཤད་དེ། རྣམ་པར་ཤེས་པའི་ཚོགས་དྲུག་དང༌། ཡིད་ཀྱི་ཁམས་སོ། །སྐྱེ་མཆེད་འཆད་པའི་ཚེ་ནི་བདུན་པོ་དེ་དག་ཀྱང་ཡིད་ཀྱི་སྐྱེ་མཆེད་གཅིག་ཏུ་བསྡུས་སོ། །སེམས་ལས་བྱུང་བའི་གཞི་དང༌། མི་ལྡན་པའི་འདུ་བྱེད་ཀྱི་གཞི་དང༌། འདུས་མ་བྱས་ཀྱི་གཞི་དང༌། རིག་བྱེད་མ་ཡིན་པའི་གཟུགས་རྣམས་ནི་ཆོས་ཀྱི་ཁམས་ཞེས་བྱ་བ་དང༌། ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བར་བཤད་དེ། དེ་ལྟར་ན་ཤེས་བྱ་ཐམས་ཅད་ནི་གཞི་ལྔ་དང༌། ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་ཅེས་བྱ་བ་ཡིན་ནོ། །བཅུད་ཀྱི་འཇིག་རྟེན་བཤད་པའི་སྐབས་ཏེ། གཉིས་པའོ།། །།ད་ནི་ལམ་བཤད་པར་བྱ་སྟེ། འདི་ལྟར་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་ལྡན་པའི་རིགས་ལ་གནས་པའི་གང་ཟག་དག་གིས། ལུས་འདུ་འཛིས་དབེན་ཞིང༌། སེམས་རྣམ་པར་རྟོག་པ་ལས་བསྲིངས་ནས། དགེ་བསྙེན་ལ་སོགས་པའི་ཚུལ་ཁྲིམས་ལ་གནས་ཏེ་ཐོས་པ་ལ་བརྩོན་པར་བྱའོ། །དེ་ལྟར་མང་དུ་ཐོས་པ་དང་ལྡན་པ་དེས་ཐོས་པའི་དོན་བསམ་པར་བྱའོ། །བསམས་ནས་དོན་དེ་དག་བསྒོམ་པར་བྱ་སྟེ། དེའང་ཐོག་མར་ཞི་གནས་བསྒྲུབ་པའི་ཕྱིར། འདོད་ཆགས་ཤས་ཆེ་ན་མི་སྡུག་པ་དང༌། ཞེ་སྡང་ལ་བྱམས་པ་དང༌། གཏི་མུག་ལ་རྟེན་འབྲེལ་གྱི་རབ་ཏུ་དབྱེ་བ་དང༌། ང་རྒྱལ་ལ་ཁམས་ཀྱི་དབྱེ་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །རྣམ་པར་རྟོག་པ་ཤས་ཆེ་ན་དབུགས་ཕྱི་ནང་དུ་རྒྱུ་བ་བསྒོམ་པར་བྱའོ། །ཞི་གནས་གྲུབ་པར་གྱུར་པས་ལྷག་མཐོང་བསྒྲུབ་པའི་ཕྱིར། ཕྱི་ནང་གི་ལུས་ཇི་ལྟ་བར་ཤེས་པའི་ལུས་དྲན་པ་ཉེ་བར་གཞག་པ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། བཏང་སྙོམས་ཇི་ལྟ་བར་ཤེས་པའི་ཚོར་བ་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་ཇི་ལྟ་བར་ཤེས་པའི་སེམས་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། འདུས་མ་བྱས་ཇི་ལྟ་བར་ཤེས་པའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ་སྟེ། དེ་ནི་ཚོགས་ཀྱི་ལམ་ཡིན་ནོ། །དེ་ནས་ཚོགས་རྫོགས་པ་དང༌། སྦྱོར་བའི་ལམ་དྲོད་ཀྱི་གནས་སྐབས་སུ་སྡིག་པ་སྐྱེས་པ་རྣམས་སྤང་བའི་ཕྱིར་བརྩོན་པ་དང༌། མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་བརྩོན་པ་དང༌། དགེ་བ་སྐྱེས་པ་རྣམས་སྤེལ་བའི་ཕྱིར་བརྩོན་པ་དང༌། མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་བརྩོན་པ་ཞེས་བྱ་བའི་ཡང་དག་པར་སྤོང་བ་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་སྦྱོར་བའི་ལམ་རྩེ་མོའི་གནས་སྐབས་སུ་དགེ་བའི་ཆོས་ལ་འདུན་པ་དང་ལྡན་པའི་ཏིང་ངེ་འཛིན་དང༌། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། དགེ་བ་ཡིད་ལ་བྱེད་པའི་སེམས་པ་དང༌། དགེ་བ་ལ་རྣམ་པར་དཔྱོད་པ་དང་ལྡན་པའི་ཏིང་ངེ་འཛིན་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་སྦྱོར་བའི་ལམ་བཟོད་པའི་གནས་སྐབས་སུ་འདོད་པ་དང༌། ཡིད་ཆེས་པ་དང༌། དྭང་བའི་དད་པ་དང༌། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། དགེ་བའི་དམིགས་པ་མ་བརྗེད་པའི་དྲན་པ་དང༌། དགེ་བའི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། བླང་དོར་གྱི་གནས་ཤེས་པའི་ཤེས་རབ་ཀྱི་དབང་པོ་ལྔ་བསྒོམ་པར་བྱའོ། །དེའི་རྗེས་ལ་སྦྱོར་བའི་ལམ་འཇིག་རྟེན་ཆོས་མཆོག་གི་སྐབས་སུ་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དེ་དག་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་མི་མཐུན་ཕྱོགས་འཇོམས་པའི་ནུས་པ་དང་ལྡན་པའི་སྟོབས་ལྔ་བསྒོམ་པར་བྱའོ། །དེ་དག་ནི་སྦྱོར་བའི་ལམ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་མཐོང་བའི་ལམ་གྱི་སྐབས་སུ་བདེན་པ་བཞི་མངོན་སུམ་དུ་ཤེས་པའི་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་ངག་ཀུན་ནས་སློང་བའི་རྟོག་པ་དང༌། བདེན་པར་སྨྲ་བའི་ངག་དང༌། མི་དགེ་བ་སྤངས་པའི་ལུས་ཀྱི་ལས་ཀྱི་མཐའ་དང༌། ལོག་པར་འཚོ་བ་སྤངས་པའི་ཡང་དག་པའི་འཚོ་བ་དང༌། དགེ་བ་ལ་སྤྲོ་བའི་རྩོལ་བ་དང༌། དམིགས་པ་མ་བརྗེད་པའི་དྲན་པ་དང༌། རྩེ་གཅིག་པའི་ཏིང་ངེ་འཛིན་ཞེས་བྱ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པར་བྱེད་དེ། དེ་ནི་མཐོང་བའི་ལམ་ཞེས་བྱའོ། །མཐོང་བས་སྤང་བར་བྱ་བ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་ཀུན་བརྟགས་ཀྱི་རིགས་ཐོབ་པ་དང༌། མཚན་ཉིད་དང་བཅས་པ་སྟེ། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པའི་ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ལོག་པར་ལྟ་བ་དང༌། ཐེ་ཚོམ་སྟེ་བཅུ་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང༌། འགོག་པ་མཐོང་བས་སྤང་བར་བྱ་བ་གཉིས་ལ་ལྟ་བ་དང་པོ་གསུམ་པོ་མ་གཏོགས་པ་བདུན་བདུན་ཏེ་བཅུ་བཞི་དང༌། ལམ་མཐོང་བས་སྤང་བར་བྱ་བ་ལ་ལྟ་བ་དང་པོ་ག་ཉིས་མ་གཏོགས་པར་བརྒྱད་དེ། སུམ་ཅུ་རྩ་གཉིས་ཡོད་དོ། །གཟུགས་ཀྱི་ཁམས་ན་ཁོང་ཁྲོ་བཞི་མ་གཏོགས་པ་ཉི་ཤུ་རྩ་བརྒྱད་དང༌། གཟུགས་མེད་པའི་ཁམས་ནའང་དེ་བཞིན་དུ་ཉི་ཤུ་རྩ་བརྒྱད་དེ། དེ་ལྟར་ན་ཁམས་གསུམ་ན་མཐོང་བས་སྤང་བར་བྱ་བ་བརྒྱད་ཅུ་རྩ་བཞི་ཡོད་དོ། །དེའི་རྗེས་ལ་བསྒོམ་པའི་ལམ་གྱི་གནས་སྐབས་སུ་དགེ་བའི་དམིགས་པ་མ་བརྗེད་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བླང་དོར་གྱི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། ཟག་པ་མེད་པའི་དགའ་བ་དང༌། ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་དང༌། ལྷུན་གྱིས་གྲུབ་པའི་བཏང་སྙོམས་དང༌། དམིགས་པ་ལ་སེམས་འཇོག་པའི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་བྱེད་དེ། དེ་ནི་བསྒོམ་པའི་ལམ་ཞེས་བྱའོ། །བསྒོམས་པས་སྤང་བར་བྱ་བ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་ལྷན་ཅིག་སྐྱེས་པའི་རིགས་ཐོབ་པ་དང༌། མཚན་ཉིད་དང་བཅས་པ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་ཟག་པ་དང་བཅས་པའི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཐམས་ཅད་ཀྱང་ཡིན་ནོ། །ཉོན་མོངས་པ་ཅན་ལ་འདོད་པ་ན་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་བཞི་ལ་རེ་རེ་ཡང་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་དགུར་ཕྱེ་བས་སུམ་ཅུ་རྩ་དྲུག་དང༌། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་ན་ཁོང་ཁྲོ་བ་མ་གཏོགས་པ་གསུམ་ལ་དགུ་དགུར་ཕྱེ་བས་ཉི་ཤུ་རྩ་བདུན་དང༌། དེ་བཞིན་དུ་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་གསུམ་ནའང་ཉི་ཤུ་རྩ་བདུན་བདུན་ཏེ། གཟུགས་ཀྱི་ཁམས་ན་བརྒྱ་དང་བརྒྱད་དང༌། དེ་བཞིན་དུ་གཟུགས་མེད་པ་བཞི་ནའང་ཁོང་ཁྲོ་མ་གཏོགས་པ་གསུམ་ལ་དགུ་དགུར་ཕྱེ་བས་བརྒྱ་དང་བརྒྱད་དེ། དེ་ལྟར་ན་ཁམས་གསུམ་ན་བསྒོམས་པས་སྤང་བར་བྱ་བ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་ཡོད་དོ། །དེའི་རྫེས་ལ་མི་སློབ་པའི་ཆོས་བཅུ་ཐོབ་པར་འགྱུར་ཏེ། ཡང་དག་པའི་ལྟ་བ་དང༌། རྟོགས་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཟག་པ་ཟད་པའི་ཐར་པ་ལ་མོས་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང༌། ཟད་པ་དང༌། མི་སྐྱེ་བ་ཤེས་པའི་ཡང་དག་པའི་ཤེས་པ་ཞེས་བྱ་བ་སྟེ། དེ་ནི་མི་སློབ་པའི་ལམ་མོ། །ལམ་བཤད་པའི་སྐབས་ཏེ་གསུམ་པའོ།། །།ད་ནི་འབྲས་བུ་བཤད་པར་བྱ་སྟེ། སྔར་བཤད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དེ་དག་རང་ཉིད་འཁོར་བ་ལས་ཐར་པར་འདོད་པའི་སེམས་བསྐྱེད་པ་གོམས་པར་བྱས་པས་དབང་པོ་རྣོན་པོ་བརྩོན་པ་དང་ལྡན་པས་མྱུར་ན་སྐྱེ་བ་གསུམ་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། སྐྱེ་བ་དང་པོ་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བ་ཞེས་བྱ་བ་ཚོགས་ཀྱི་ལམ་སྐྱེད་པར་བྱེད་དོ། །གཉིས་པ་ལ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་ཞེས་བྱ་བ་སྦྱོར་བའི་ལམ་སྐྱེད་པར་བྱེད་དོ། །གསུམ་པ་ལ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་སྐྱེད་པར་བྱེད་དེ། དབང་པོ་རྟུལ་པོ་དང༌། ལེ་ལོ་དང་ལྡན་པ་ལ་ནི་དེ་ལྟར་ངེས་པ་མེད་དོ། །དེ་ལ་དགེ་སྦྱོང་གི་ཚུལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སོགས་པ་བཞིའོ། །དེའི་འབྲས་བུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ལ་སོགས་པ་བཞིའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ནི་སྦྱོར་བའི་ལམ་མན་ཆད་དུ་སྣོད་དང་བཅུད་ཀྱིས་བསྡུས་པ་འདི་དག་སྡུག་བསྔལ་གྱི་རང་བཞིན་ཡིན་ནོ་ཞེས་ཤེས་པ་དང༌། དེའི་རྗེས་ལ་དེའི་རྒྱུ་ནི་ལས་དང་ཉོན་མོངས་པ་ཀུན་འབྱུང་ལས་འབྱུང་བ་ཡིན་ནོ་ཞེས་ཤེས་པ་དང༌། དེའི་རྗེས་ལ་དེ་འགགས་པའི་འགོག་པ་ནི་ཐར་པ་ཡིན་ནོ་ཞེས་ཤེས་པ་དང༌། དེའི་རྗེས་ལ་དེའི་རྒྱུ་ནི་ལམ་ཡིན་ནོ་ཞེས་གོམས་པར་བྱས་པ་དེའི་རིམ་པ་ལྟར་མཐོང་བའི་ལམ་སྐྱེས་པའི་ཚེ། དང་པོ་ཁོ་ནར་སྡུག་བསྔལ་གྱི་བདེན་པའི་ཆོས་ཉིད་མཐོང་བར་འགྱུར་ཏེ། འགྱུར་བའི་མི་རྟག་པ་དང༌། སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བ་དང༌། རྟག་པ་དང་གཅིག་པུའི་བདག་ཕུང་པོ་དང་གཅིག་ཏུ་མེད་པས་སྟོང་པ་དང༌། རྟག་པ་དང་གཅིག་པུའི་བདག་ཐ་དད་ལྡན་པར་མེད་པའི་རྣམ་པ་བཞི་པོ་རྣམས་མངོན་དུ་མཐོང་བའི་ཡེ་ཤེས་བཞི་དང༌། དེའི་རྗེས་ལ་ཀུན་འབྱུང་གི་སྡུག་བསྔལ་གྱི་རྒྱུ་བྱེད་པའི་རྒྱུ་དང༌། སྡུག་བསྔལ་མ་ལུས་པ་འབྱུང་བའི་ཀུན་འབྱུང་བ་དང༌། སྡུག་བསྔལ་ངེས་པར་འབྱུང་བའི་རབ་ཏུ་སྐྱེ་བ་དང༌། སྡུག་བསྔལ་དང་རྗེས་སུ་མཐུན་པའི་རྐྱེན་གྱི་རྣམ་པ་བཞི་མཐོང་བའི་ཡེ་ཤེས་བཞི་དང༌། དེའི་རྗེས་ལ་རྒྱུ་འགགས་པས་འགོག་པ་དང༌། འབྲས་བུ་སྡུག་བསྔལ་གྱི་མེ་གསུམ་ཞི་བའི་ཞི་བ་དང༌། ཟག་བཅས་ལས་ཁྱད་པར་དུ་འཕགས་པའི་གྱ་ནོམ་པ་དང༌། འཁོར་བ་ལས་ཐར་པའི་ངེས་པར་འབྱུང་བ་ཞེས་བྱ་བའི་རྣམ་པ་བཞི་པོ་མཐོང་བའི་ཡེ་ཤེས་བཞི་དང༌། དེའི་རྗེས་ལ་ལམ་གྱི་བདེན་པ་མཐར་ཕྱིན་པའི་ལམ་དང༌། ཕྱིན་ཅི་མ་ལོག་པར་འཇུག་པས་རིག་པ་དང༌། མི་རྟོག་པའི་ཡེ་ཤེས་འགྲུབ་པའི་རྣམ་པ་ཞེས་བྱ་བ་གསུམ་མཐོང་བའི་ཡེ་ཤེས་གསུམ་སྟེ། བཅོ་ལྔ་ནི་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ནོ། །བཅུ་དྲུག་པ་ལམ་གྱི་བདེན་པའི་འཁོར་བ་ལས་ཐར་པར་བྱེད་པའི་ངེས་པར་འབྱིན་པའི་རྣམ་པ་གཅིག་མངོན་སུམ་དུ་མཐོང་བའི་ཡེ་ཤེས། བཅུ་དྲུག་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཡིན་ནོ། །དེའི་རྗེས་ལ་མངོན་སུམ་དུ་མཐོང་ཟིན་པའི་བདེན་པའི་རྣམ་པ་བཅུ་དྲུག་པོ་དེ་དག་གོམས་པར་བྱས་པས་འདོད་པའི་ཁམས་ན་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་ཡོད་པའི་རྣམ་པ་ལྔ་པ་མན་ཆད་སྤངས་པ་ནི་ལན་ཅིག་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་ཡིན་ལ། དྲུག་པའང་སྤངས་ན་ལན་ཅིག་ཕྱིར་འོང་བ་ཡིན་ཏེ། ཕྱིར་འོང་བ་ནི་འདོད་པའི་ཁམས་སུ་སྐྱེ་བ་ཡིན་ལ། ཉོན་མོངས་པ་ཆུང་ངུ་གསུམ་གྱིས་ནི་འདོད་པར་ལན་ཅིག་ལས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེའི་རྗེས་ལའང་མཐོང་ཟིན་པའི་རྣམ་པ་དེ་དག་བསྒོམས་པས་འདོད་པའི་ཉོན་མོངས་པ་བརྒྱད་མན་ཆད་སྤངས་ན་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་དང༌། དགུ་པའང་སྤངས་ན་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་ཡིན་ཏེ། འདོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དེ་ནི་འདོད་པར་ལན་ཅིག་ཀྱང་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེའི་རྗེས་ལ་ཁམས་གོང་མའི་བདེན་པའི་རྣམ་པ་མཐོང་ཟིན་པ་རྣམས་བསྒོམས་པས་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་ནི་ཉོན་མོངས་པ་དགུ་དགུ་ཡོད་པའི་བསམ་གཏན་དང་པོའི་ཉོན་མོངས་པ་གཅིག་སྤངས་པ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བརྒྱད་པ་སྤངས་པའི་བར་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །ཁམས་གསུམ་གྱི་ཉོན་མོངས་པ་མ་ལུས་པ་སྤངས་པ་ནི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཡིན་ནོ། །མདོ་ལས་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་བརྒྱད་བཤད་པ་ནི། ཉན་ཐོས་ཀྱི་ཚོགས་ཀྱི་ལམ་ནི་དཀར་པོ་རྣམ་པར་མཐོང་བའི་ས་སྟེ། གཅིག་ཏུ་དཀར་བ་ནི་ཐར་པ་ཡིན་ལ། དེ་ལ་དམིགས་པའི་དགེ་བ་ཡིན་པས་སོ། །རིགས་ཀྱི་ས་ནི་སྦྱོར་བའི་ལམ་སྟེ། དེ་ནས་སངས་རྒྱས་སུ་མི་འགྱུར་བར་ཉན་ཐོས་དང༌། རང་རྒྱལ་བར་རིགས་ངེས་པའི་ཕྱིར་རོ། །བརྒྱད་པའི་ས་ནི། འབྲས་བུ་དང་པོ་ལ་ཞུགས་པ་སྟེ། དགྲ་བཅོམ་པ་ནས་བགྲངས་པའི་བརྒྱད་པ་ན་ཡོད་པའི་ཕྱིར་རོ། །མཐོང་བའི་ས་ནི་འབྲས་བུ་དང་པོ་ལ་གནས་པ་སྟེ། བདེན་པ་བཞིའི་རྣམ་པ་རྣམས་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །བསྲབས་པའི་ས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་སྟེ། འདོད་པའི་ཉོན་མོངས་པ་ཕལ་ཆེར་སྤངས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་སྟེ། འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པ་སྟེ། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་སྤངས་པ་དང༌། འགོག་པ་མངོན་དུ་བྱས་པ་དང༌། ལམ་རྒྱུད་ལ་བསྟེན་པར་བྱས་ཟིན་པའི་ཕྱིར་རོ། །ཉན་ཐོས་ཀྱི་ས་ནི་ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་གསུམ་ཡིན་ནོ། །རང་སངས་རྒྱས་ཀྱི་ས་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དེ་དག་རང་ཉིད་གཅིག་པུ་སངས་རྒྱས་པར་འདོད་པའི་སེམས་བསྐྱེད་པས། བསྐལ་པ་ཆེན་པོ་བརྒྱ་ཐམ་པར་གོམས་པར་བྱས་ནས་སྐྱེ་བ་ཐ་མའི་ཚེ། སངས་རྒྱས་མེད་པའི་འཇིག་རྟེན་དུ་སྐྱེས་ནས། སློབ་དཔོན་གཞན་ལ་ལྟོས་པ་མེད་པར་རང་བྱང་ཆུབ་ཐོབ་པར་འགྱུར་ཏེ། དེ་ལ་ནི་བསེ་རུ་ལྟ་བུ་ཞེས་བྱ་བ་གཅིག་པུར་བཞུགས་པ་ཡོན་ཏན་དང༌། ཕྲིན་ལས་ཁྱད་པར་འཕགས་པ་དང༌། ཚོགས་ན་སྤྱོད་པ་ཞེས་བྱ་བ་མང་པོ་ལྷན་ཅིག་ཏུ་བཞུགས་པའི་འཕགས་པ་རིགས་གཉིས་ཡོད་དོ། །རྫོགས་པའི་སངས་རྒྱས་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དེ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་མཉེས་པར་བྱེད་པ་དང༌། གཞན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་ལྡན་པས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བསྒོམས་པས་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ཞེས་བྱ་བ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་ནས་བཟུང་སྟེ། བསྐལ་པ་གྲངས་མེད་པ་གཅིག་ཏུ་སངས་རྒྱས་བདུན་ཁྲི་ལྔ་སྟོང་བསྙེན་བཀུར་བའི་ཐ་མ་ནི། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་ཡིན་ནོ། །དེ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་པ་གཉིས་པ་ལ་སངས་རྒྱས་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་བའི་ཐ་མ་ནི། སངས་རྒྱས་མར་མེ་མཛད་ཡིན་ནོ། །དེ་ནས་བཟུང་ནས་བསྐལ་པ་གྲངས་མེད་པ་གསུམ་པ་ལ་སངས་རྒྱས་བདུན་ཁྲི་བདུན་སྟོང་བསྙེན་བཀུར་བའི་ཐ་མ་ནི། སངས་རྒྱས་རྣམ་པར་གཟིགས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བདོག་པའི་དངོས་པོ་ཐམས་ཅད་གཏོང་བ་རྒྱལ་བུ་ཐམས་ཅད་སྒྲོལ་གྱི་ཚེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ལ། ཆགས་པ་དང་བཅས་བཞིན་དུ་ཡན་ལག་བཅད་ཀྱང་མི་འཁྲུགས་པར་དྲང་སྲོང་བཟོད་པར་སྨྲ་བར་འགྱུར་བའི་ཚེ་ནི་བཟོད་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཤིང་བྲམ་ཟེའི་ཁྱེའུར་གྱུར་པ་ན། སངས་རྒྱས་སྐར་རྒྱལ་མེའི་ཁམས་ལ་སྙོམས་པར་ཞུགས་པ་ལ་རྐང་པ་གཅིག་གིས་འགྲེང་སྟེ། ཞག་བདུན་དུ་སྐོར་བ་བྱེད་ཅིང༌། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་མེད། ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པར་ཀུན་ཏུ་བསྐོར་ཀྱང་ཡུལ་གཅིག་ག་ལ་ཡོད། ཅེས་བསྟོད་པ་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ།། །།རྡོ་རྗེ་གདན་དུ་སྲོད་ཀྱི་ཚེ་བདུད་བཏུལ་ནས་ཐོ་རངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་ནི་བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་ནོ། །དེ་ལྟར་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་བཏུལ་བ་ཡན་ཆོད་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་བསགས་ཤིང༌། སངས་རྒྱས་བསྙེན་བཀུར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཀྱང་སོ་སོའི་སྐྱེ་བོ་རང་རྒྱུད་པ་ཡིན་ལ། རྡོ་རྗེའི་གདན་དུ་སྟན་གཅིག་གི་སྟེང་དུ་མཐོང་བ་དང༌། བསྒོམ་པའི་ལམ་བསྐྱེད་དེ། སངས་རྒྱས་པར་འདོད་དོ། །དེ་ལྟར་ཉན་ཐོས་པའི་ལུགས་ལྟར་ན་ལམ་གྱི་ཚེ་ཆོས་ཀྱི་བདག་མེད་པ་རྟོགས་པ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང༌། འཁོར་གསུམ་དུ་མི་རྟོག་པའི་སྦྱིན་པ་ལ་སོགས་པ་དང༌། ས་བཅུའི་རྣམ་པར་གཞག་པ་མི་འདོད་ལ། འབྲས་བུའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཡེ་ཤེས་བཞི་མི་འདོད་ཀྱི། འོན་ཀྱང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་དྲུག་གིས་བསྡུས་ཏེ། སྐུ་དང༌། ཡེ་ཤེས་དང༌། སྤངས་པ་དང༌། གཞན་ལ་ཕན་པ་དང༌། ཐུགས་རྗེ་ཆེན་པོ་དང༌། ཡོན་ཏན་ཕུན་སུམ་ཚོགས་པའོ། །སྐུ་ནི་གཟུགས་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་སྟེ་གཟུགས་ཀྱི་སྐུ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་བརྒྱན་པའི་རང་བཞིན་གྱི་སྐུ་དང༌། དྲི་ཟའི་རྒྱལ་པོ་རབ་དགའ་དང༌། རྒྱལ་པོ་པི་ལིནྟ་གདུལ་བའི་དོན་དུ་དྲི་ཟ་དང༌། འཁོར་ལོས་སྒྱུར་བར་བསྟན་པ་ལྟ་བུ་སྤྲུལ་པའི་སྐུ་སྟེ། དེའང་སངས་རྒྱས་རྣམས་ལ་རིགས་དང༌། སྐུའི་བོང་ཚད་དང༌། སྐུ་ཚེ་དང༌། ཞིང་དང༌། འཁོར་ལ་སོགས་པ་མི་འདྲ་བ་སྣ་ཚོགས་པ་ཡོད་དོ། །ཆོས་ཀྱི་སྐུ་ནི་མི་སློབ་པའི་ཆོས་བཅུ་སྟེ། དེ་ལ་ནི་སངས་རྒྱས་ཐམས་ཅད་ཀྱང་ཁྱད་པར་མེད་དོ། །ཡེ་ཤེས་ཀྱང་ཇི་སྙེད་པ་མཁྱེན་པ་དང༌། ཇི་ལྟ་བ་མཁྱེན་པ་གཉིས་ཏེ། དང་པོ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་རྒྱུ་དང༌། འབྲས་བུ་དང༌། ངོ་བོའི་རྣམ་པ་ཐམས་ཅད་མཁྱེན་པའོ། །གཉིས་པ་ནི་བདེན་པ་བཞིའི་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཇི་ལྟ་བར་མཁྱེན་པའོ། །སྤངས་པ་ལའང་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པའོ། །དང་པོ་ནི་འདོད་ཆགས་ལ་སོགས་པ་རྩ་བ་དང༌། ཉེ་བའི་ཉོན་མོངས་པའི་ཐོབ་པ་གཉེན་པོས་རྣམ་པར་བཅོམ་པའོ། །གཉིས་པ་ནི་ཡུལ་དང༌། དུས་དང༌། རང་བཞིན་གྱིས་བསྐལ་པའི་དོན་མི་ཤེས་པའི་ཐོབ་པ་གཉེན་པོས་བཅོམ་པའོ། །གཞན་ལ་ཕན་པའང་རྣམ་པ་གཉིས་ཏེ། གདུལ་བྱ་མཐའ་དག་མཐོ་རིས་ལ་འགོད་པ་དང༌། ཐར་པ་ལ་འགོད་པའོ། །དང་པོ་ནི་སྡིག་པ་སྤངས་ནས། དགེ་བ་ལ་སྦྱོར་བ་ཡིན་ལ། གཉིས་པ་ནི་མི་མཐུན་ཕྱོགས་སྤངས་ནས་ལམ་ལ་སྦྱོར་བའོ། །ཐུགས་རྗེ་ཆེན་པོ་དང༌། ཡོན་ཏན་ནི་དེ་མ་ཐག་ཏུ་འཆད་པ་ལྟར་ཡིན་ནོ། །དེ་ནི་སྟོན་པ་སངས་རྒྱས་བཤད་པའོ། །དེ་ལྟ་བུའི་འཕགས་པ་དེ་དག་ལའང་ཐུན་མོང་དུ་ཡོན་ཏན་སྡེ་ཚན་བཅུ་གཅིག་ཡོད་དེ། ཉོན་མོངས་པ་མེད་པ་དང༌། སྨོན་གནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། ཚད་མེད་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང༌། ཏིང་ངེ་འཛིན་གསུམ་མོ། །དེ་ལ་ཉོན་མོངས་པ་མེད་པ་ནི་བསམ་གཏན་བཞི་པའི་སེམས་ལ་བརྟེན་ཏེ་བདག་ལ་དམིགས་ནས་གཞན་དག་ལའང་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་སྙམ་པའི་ཏིང་ངེ་འཛིན་ཏོ། །སྨོན་གནས་ཤེས་པ་ནི་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་བདག་གིས་འདི་དག་ཤེས་པར་བྱའོ་སྙམ་དུ་བསམས་ནས་ཤེས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཆོས་རྣམས་ཀྱི་མིང་ཇི་ལྟ་བར་རིག་པའི་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་ཇི་ལྟ་བར་རིག་པའི་དོན་སོ་སོ་ཡང་དག་པར་རིག་པ་དང༌། ངག་གི་དོན་རིག་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། དེ་དག་གི་རིག་པ་ཇི་ལྟ་བར་ཤེས་པའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞིའོ། །མངོན་པར་ཤེས་པ་དྲུག་ནི། རི་དང༌། རྩིག་པ་ལ་སོགས་པ་ལ་ཐོགས་པ་མེད་པར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང༌། ཐག་རིང་བ་དང་ཉེ་བ་ན་གནས་པའི་སྒྲ་ཐམས་ཅད་ཐོས་པ་དང༌། འགྲོ་བ་སོ་སོའི་སྐད་ཐ་དད་ཤེས་པའི་ལྷའི་རྣ་བ་དང༌། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་ཤེས་པའི་ཕ་རོལ་གྱི་སེམས་ཤེས་པ་དང༌། རང་དང་གཞན་གྱི་སྐྱེ་བ་ཐམས་ཅད་དྲན་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། རང་གཞན་གྱི་སྐྱེ་བ་དང༌། བར་དོ་དང༌། འཆི་བའི་སྲིད་པ་ཐམས་ཅད་ཤེས་པའི་འཆི་འཕོ་དང་སྐྱེ་བ་ཤེས་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་ཤེས་པའི་ཟག་པ་ཟད་པ་ཤེས་པ་དྲུག་སྟེ། དང་པོ་ལྔ་ནི་ཟག་པ་དང་བཅས་པ་དང༌། བསམ་གཏན་བཞི་པོ་དག་ལ་བརྟེན་པ་ཡིན་ལ། ཟག་པ་ཟད་པ་ནི་ཟག་པ་མེད་པ་དང༌། ས་དགུ་པ་ཡིན་པར་ཤེས་པར་བྱའོ། །བསམ་གཏན་བཞི་ནི་རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། ཏིང་ངེ་འཛིན་གྱི་ཡན་ལག་ལྔ་དང་ལྡན་པའི་བསམ་གཏན་དང་པོ་དང༌། ནང་རབ་ཏུ་དང་བ་དང༌། དགའ་བ་དང༌། བདེ་བ་དང༌། ཏིང་ངེ་འཛིན་གྱི་ཡན་ལག་བཞི་དང་ལྡན་པའི་བསམ་གཏན་གཉིས་པ་དང༌། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། ཏིང་ངེ་འཛིན་ཞེས་བྱ་བའི་ཡན་ལག་ལྔ་དང་ལྡན་པའི་བསམ་གཏན་གསུམ་པ་དང༌། ཚོར་བ་བཏང་སྙོམས་དང༌། ལྷུན་གྱིས་གྲུབ་པའི་བཏང་སྙོམས་དང༌། དྲན་པ་དང༌། ཏིང་ངེ་འཛིན་ཡོངས་སུ་དག་པའི་ཡན་ལག་བཞི་དང་ལྡན་པའི་བསམ་གཏན་བཞི་པའོ། །གཟུགས་མེད་པ་བཞི་ནི་སྦྱོར་བའི་དུས་ན་ནམ་མཁའ་མཐའ་ཡས་སོ་ཞེས་ཡིད་ལ་བྱེད་ཅིང་དངོས་གཞིའི་ཚེ་གཟུགས་མ་གཏོགས་པའི་ཕུང་པོ་བཞི་ལ་དམིགས་པའི་སྙོམས་པར་འཇུག་པ་རྩེ་གཅིག་པ་དང༌། དམིགས་པ་དང༌། རྣམ་པ་དེ་བཞིན་དུ་སྦྱོར་བའི་དུས་ན་རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཡིད་ལ་བྱེད་པ་དང༌། དངོས་གཞིའི་དུས་ན་ཅི་ཡང་མེད་དོ་ཞེས་ཡིད་ལ་བྱེད་པ་དང༌། འདུ་ཤེས་རགས་པ་ནི་མེད་ཅིང་ཕྲ་བ་མེད་པ་མ་ཡིན་པ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་པ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པ་བཞིའོ། །འགོག་པའི་སྙོམས་པར་འཇུག་པ་བསྣན་པ་དེ་དག་ལ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་ཀྱང་བྱའོ། །ཚད་མེད་པ་བཞི་ནི། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཚད་མེད་པ་བཞི་སྟེ། དང་པོ་གཉིས་ནི་ཞེ་སྡང་མེད་པའི་རང་བཞིན་དང༌། གསུམ་པ་ནི་ཡིད་བདེ་བའི་རང་བཞིན་དང༌། བཞི་པ་ནི་མ་ཆགས་པའི་རང་བཞིན་ཡིན་ནོ། །སྤྱོད་ཡུལ་ནི། འདོད་པའི་ཁམས་ཀྱི་སེམས་ཅན་ལ་དམིགས་པ་ཡིན་ལ། དེ་དག་གིས་རིམ་པ་བཞིན་དུ་སེམས་ཅན་ལ་གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། མི་དགའ་བ་དང༌། ཆགས་སྡང་གི་གཉེན་པོ་བྱེད་དོ། །རྣམ་པར་ཐར་པ་བརྒྱད་ནི། བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་ནས་ནང་གཟུགས་ཀྱི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་རྣམ་པར་བསྔོས་པ་ལ་སོགས་པ་མི་སྡུག་པར་ལྟ་བ་ནི། གཟུགས་ཅན་གཟུགས་ལ་ལྟ་བའོ། །ནང་གཟུགས་མེད་པར་འདུ་ཤེས་པས་དེ་ལྟར་ལྟ་བ་ནི་ནང་གཟུགས་མེད་པས་གཟུགས་ལ་ལྟ་བའོ། །བསམ་གཏན་བཞི་པ་ལ་བརྟེན་ནས། གཟུགས་ཐམས་ཅད་ལ་སྡུག་པར་ལྟ་བ་ནི་སྡུག་པའི་རྣམ་པར་ཐར་པ་རྫོགས་པར་བྱ་སྟེ་གནས་པའོ། །དེ་ལྟར་གསུམ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དགེ་བ་བཞི་དང༌། སྲིད་པའི་རྩེ་མོའི་སེམས་ལ་བརྟེན་ནས། འཕགས་པ་དག་འདུ་ཤེས་དང༌། ཚོར་བ་རགས་པས་སྐྱོ་ནས་ཞི་བར་གནས་པའི་འདུ་ཤེས་ཀྱིས་སེམས་དང༌། སེམས་ལས་བྱུང་བ་འགོག་པ་འགོག་པའི་སྙོམས་པར་འཇུག་པ་སྟེ་བརྒྱད་དོ། །ཟད་པར་བཅུ་ནི། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་སྟེ། ཟད་པར་གྱི་དོན་ནི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལ་བརྟེན་ནས་གང་འདོད་པའི་ཕྱོགས་སུ་དེ་དག་བསྒོམས་པའི་སྟོབས་ཀྱིས་ས་ལ་སོགས་པས་ཁྱབ་པར་བྱེད་པའོ། །དེའང་དང་པོ་བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་ལ། ཐ་མ་གཉིས་ནི་གཟུགས་མེད་པ། དང་པོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གཉིས་ཀྱི་རང་བཞིན་ཡིན་ནོ། །བྱེད་པའི་ལས་ནི་གསེར་གྱི་ས་གཞི་ལ་བཻཌཱུརྻའི་མིག་མངས་རིས་སུ་བྲིས་པ་ལ་སོགས་པ་སྣ་ཚོགས་པ་སྟོན་པར་བྱེད་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ནི། བསམ་གཏན་ལ་བརྟེན་ནས་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཁ་དོག་བཟང་པོ་དང༌། ངན་པ་རྣམས་ལ་ལྟ་ཞིང༌། དེ་དག་ཞི་གནས་ཀྱིས་ཟིལ་གྱིས་མནན་ནས་ཤེས་ཤིང༌། ལྷག་མཐོང་གིས་ཟིལ་གྱིས་མནན་ནས། མཐོང་བ་དང་པོ་དང༌། དེ་བཞིན་དུ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་དང༌། ཆུང་ངུ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་གཉིས་པ་དང༌། ཡང་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཁ་དོག་བཟང་པོ་དང༌། ངན་པ་དག་ཟིལ་གྱིས་མནན་ཅིང༌། མཐོང་བ་གསུམ་པ་དང༌། ཆུང་ངུ་དང༌། ཆེན་པོ་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་བཞི་པ་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་ཞེས་བྱ་བ་བཞི་སྟེ་བརྒྱད་དོ། །ཟིལ་གྱིས་གནོན་པའི་དོན་ནི་རང་བཞིན་གྱི་གཟུགས་དེ་དག་མི་སྣང་བར་བྱས་ནས། སྤྲུལ་པའི་གཟུགས་ཀྱི་དམིགས་པ་དག་ཇི་ལྟར་མོས་པ་བཞིན་དུ་དབང་བསྒྱུར་བའོ། །བྱེད་ལས་ནི་ཟད་པར་དང་འདྲའོ། །ཏིང་ངེ་འཛིན་གསུམ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། དང་པོ་ནི་སྡུག་བསྔལ་གྱི་བདེན་པའི་སྟོང་པ་དང་བདག་མེད་པའི་རྣམ་པར་རྟོགས་པའི་ཡེ་ཤེས་ཏེ། གང་ཟག་གི་བདག་གིས་སྟོང་པར་རྟོགས་པས་སོ། །གཉིས་པ་ནི་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པའི་རྣམ་པར་རྟོགས་པའི་ཡེ་ཤེས་ཏེ། འཁོར་བའི་མཚན་མ་ཉེ་བར་ཞི་བར་རྟོགས་པས་སོ། །གསུམ་པ་ནི་སྡུག་བསྔལ་གྱི་བདེན་པའི་མི་རྟག་པ་དང༌། སྡུག་བསྔལ་པ་གཉིས་དང་ཀུན་འབྱུང་གི་བདེན་པའི་རྣམ་པ་རྣམས་རྟོགས་པའི་ཡེ་ཤེས་ཏེ། བཞི་དེ་ལྟར་ཤེས་ན་འཁོར་བ་ལ་སྨོན་པ་མེད་པར་རྟོགས་པས་སོ། །དེ་ལྟ་བུའི་ཡོན་ཏན་དག་ནི། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དང༌། རང་སངས་རྒྱས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ཐུན་མོང་བའི་ཡོན་ཏན་ཡིན་ནོ། །དགྲ་བཅོམ་པ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ལ་ནི་ཏིང་ངེ་འཛིན་གསུམ་དང༌། ཚད་མེད་པ་རྣམས་མ་གཏོགས་པ་མེད་དོ། །སངས་རྒྱས་ལ་ནི་གཞན་དང་ཐུན་མོང་མ་ཡིན་པའི་ཆོས་བཅོ་བརྒྱད་ཡོད་དེ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོའོ། །དེ་ལ་སྟོབས་བཅུ་ནི། དགེ་བ་ལས་མཐོ་རིས་འབྱུང་བ་གནས་དང༌། ངན་སོང་འབྱུང་བ་གནས་མ་ཡིན་པ་ལ་སོགས་པ་གནས་དང་གནས་མ་ཡིན་པ་མཁྱེན་པ་དང༌། རང་རང་གི་ལས་ལས་འབྲས་བུ་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་སྣ་ཚོགས་མཁྱེན་པ་དང༌། སྤང་བྱ་ཉོན་མོངས་པ་དང༌། བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཞེས་བྱ་བ་ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་མཁྱེན་པ་དང༌། ཉན་ཐོས་ལ་སོགས་པ་མོས་པ་སྣ་ཚོགས་མཁྱེན་པ་དང༌། ཉན་ཐོས་ཀྱི་རིགས་ལ་སོགས་པ་ཁམས་སྣ་ཚོགས་མཁྱེན་པ་དང༌། དད་པ་ལ་སོགས་པ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང༌། ངན་འགྲོ་དང༌། བདེ་འགྲོ་དང༌། ཐར་པ་ལ་སོགས་པ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང༌། འཆི་འཕོ་དང༌། སྐྱེ་བ་མཁྱེན་པ་དང༌། ཟག་པ་ཟད་པ་མཁྱེན་པའོ། །མི་འཇིགས་པ་བཞི་ནི། ང་ནི་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་ལ་རྒོལ་བ་པོ་མེད་པས། མི་འཇིགས་པ་ཐོབ་པ་དང༌། ང་ཡི་ཟག་པ་རྣམས་ཟད་དོ། །ཞེས་ཞལ་གྱིས་བཞེས་པ་དང༌། འདོད་ཆགས་ལ་སོགས་པ་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་དང༌། ལམ་ངེས་པར་འབྱུང་བ་ཉིད་དུ་བསྟན་པ་ལ་དོན་དང་མཐུན་པའི་རྒོལ་བ་མེད་པས་མི་འཇིགས་པ་ཐོབ་པ་སྟེ། དེ་དག་ཀྱང་རང་གི་དོན་རྟོགས་པ་དང༌། སྤངས་པ་དང༌། གཞན་གྱི་དོན་སྤང་བྱ་དང༌། གཉེན་པོ་སྟོན་པར་བྱེད་པ་ལ་མི་འཇིགས་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི། བདེ་བར་གཤེགས་པ་ཆོས་སྟོན་པ་ན་གུས་པས་ཉན་པར་འདོད་པ་རྣམས་ལ་རྗེས་སུ་ཆགས་པར་མི་འགྱུར་བ་དང༌། གུས་པས་ཉན་པར་མི་འདོད་པ་རྣམས་ལ་ཁོང་ཁྲོ་བར་མི་འགྱུར་བ་དང༌། རེས་འགའ་ཉན་པར་འདོད་པ་དང༌། རེས་འགའ་ཉན་པར་མི་འདོད་པ་རྣམས་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་གཉིས་སུ་མི་འགྱུར་བར་མཁྱེན་བཞིན་དུ་བཏང་སྙོམས་སུ་བཞུགས་པ་གསུམ་ཡིན་ནོ། །ཐུགས་རྗེ་ཆེན་པོ་ནི་འཇིག་རྟེན་ཐམས་ཅད་ལ་ཉིན་མོ་ལན་གསུམ་དང༌། མཚན་མོ་ལན་གསུམ་དུ་སུ་ནི་རྒུད། སུ་ནི་དར། སུ་ནི་གདུལ་བར་བྱ་བའི་དུས་ལ་བབ་སྙམ་དུ་གཟིགས་ནས། དེ་དག་གི་དོན་མཛད་པར་བཞེད་པའོ། །གཞན་མ་འདྲེས་པ་ཆོས་བཅོ་བརྒྱད་དང༌། བསྲུང་བ་མེད་པ་གསུམ་ལ་སོགས་པ་ཐེག་པ་ཆེན་པོ་ལས་འབྱུང་བ་དག་ནི། ཉན་ཐོས་སྡེ་པ་དག་ལ་མ་གྲགས་པ་ཉིད་དོ། །འབྲས་བུ་བཤད་པའི་སྐབས་ཏེ་བཞི་པའོ།། །།ད་ནི་འདུས་མ་བྱས་བཤད་པར་བྱ་སྟེ། འདི་ལྟར་འདུས་མ་བྱས་ནི་ནམ་མཁའ་དང༌། སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གསུམ་མོ། །དེ་ལ་ནམ་མཁའ་ནི་ཐོགས་བཅས་ཀྱིས་བསྒྲིབ་པར་བྱ་བ་དང༌། སྒྲིབ་པར་བྱེད་པ་དག་དང་བྲལ་བ། མངོན་པར་སྐབས་འབྱེད་པའོ། །རྒྱན་ནམ་མཁའ་ཞེས་བྱ་བ་འཇིག་རྟེན་པས་ནམ་མཁར་ཤེས་པའི་སྔོན་པོར་སྣང་བའི་ཁ་དོག་དང༌། སྒོ་དང་སྐར་ཁུང་ལ་སོགས་པའི་བུ་ག་ནམ་མཁའ་ནི་ཉིན་མོ་སྣང་བ་དང་མཚན་མོ་མུན་པ་ཡིན་པའི་ཕྱིར། གཟུགས་ཡིན་པས་འདུས་མ་བྱས་མ་ཡིན་ལ། གཟུགས་ཅན་རྣམས་ཀྱི་གོ་འབྱེད་པ་ཐོགས་པ་དང་བྲལ་བ་ནི་ཕྱོགས་ཐམས་ཅད་ན་ཁྱབ་པ་སྟེ། དེ་ནི་འདུས་མ་བྱས་པ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ནི་གཉེན་པོའི་སྟོབས་ཀྱིས་སྤང་བྱ་ཟག་བཅས་དང་བྲལ་བ་སྟེ། དེའང་མཐོང་སྤང་སྤངས་པའི་འགོག་པ་དང༌། བསྒོམ་སྤང་སྤངས་པའི་འགོག་པ་གཉིས་ཏེ། དེ་ལ་ནི་འགོག་པའི་བདེན་པ་ཞེས་བྱའོ། །སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ནི། རྐྱེན་མ་ཚང་བའི་སྟོབས་ཀྱི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་དག་རང་ལོག་པའོ། །འདུས་མ་བྱས་གསུམ་པོ་འདི་དག་ཀྱང་བྱེ་བྲག་ཏུ་སྨྲ་བས་རྫས་སུ་གྲུབ་པར་འདོད་ལ། མདོ་སྡེ་པས་མེད་པར་དགག་པ་ཙམ་དུ་འདོད་དོ། །གལ་ཏེ་དེ་བཞིན་ཉིད་ཅེས་བྱ་བ་འདུས་མ་བྱས་གཞན་དག་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་བདག་མེད་པ་ཡིན་ཞིང་ཉན་ཐོས་སྡེ་པ་དག་གིས་ཆོས་ཀྱི་བདག་མེད་པ་མི་འདོད་ལ། གང་ཟག་གི་བདག་མེད་པ་ནི་མི་རྟག་པ་ལ་སོགས་པ་ཆོས་བཅུ་དྲུག་གི་བདག་ཉིད་ཡིན་པའི་ཕྱིར། བདེན་པ་དང་པོ་གསུམ་གྱི་རྣམ་པ་འདུས་བྱས་དང༌། འགོག་པའི་བདེན་པའི་རྣམ་པ་སོ་སོར་བརྟགས་པའི་འགོག་པ་ལས་གཞན་མ་ཡིན་ནོ། །འདུས་མ་བྱས་བཤད་པ་སྟེ། སྐབས་ལྔ་པའོ།། །།དེ་ལྟར་ན་སྣོད་དང༌། བཅུད་དང༌། ལམ་དང༌། འབྲས་བུ་དང༌། འདུས་མ་བྱས་ཞེས་བྱ་བའི་ཆོས་ལྔས་ཤེས་བྱ་ཐམས་ཅད་བསྡུས་ཏེ། སྣོད་དང་བཅུད་ནི་སྡུག་བསྔལ་གྱི་བདེན་པ་དང༌། དེ་དག་འགྲུབ་པའི་རྒྱུ་ནི་ཀུན་འབྱུང་གི་བདེན་པ་དང༌། ལམ་དང༌། འབྲས་བུ་ནི་ལམ་གྱི་བདེན་པ་དང༌། འདུས་མ་བྱས་ཀྱི་སོ་སོར་བརྟགས་པའི་འགོག་པ་ནི་འགོག་པའི་བདེན་པ་ཡིན་ནོ། །ནམ་མཁའ་དང་བརྟགས་མིན་གྱི་འགོག་པ་ནི་བདེན་པ་བཞིར་མ་འདུས་པའི་ཆོས་ཡིན་ནོ། །དེ་དག་ལས་སྡུག་བསྔལ་དང༌། ཀུན་འབྱུང་གི་བདེན་པ་དག་ནི་ཟག་པ་དང་བཅས་པ་དང༌། ལམ་གྱི་བདེན་པ་དང༌། འདུས་མ་བྱས་ནི་ཟག་པ་མེད་པ་ཡིན་ནོ། །དེ་དག་གིས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱིས་བསྡུས་པའི་ཤེས་བྱ་མ་ལུས་པ་བསྟན་པར་རིགས་པར་བྱའོ།། །།རིགས་གཟུགས་འབྱོར་ལྡན་ཤེས་རབ་ཕུན་ཚོགས་རྒྱལ་སྲས་ཇིམ་གྱིམ་ཞེས་བྱ་བས། །ཡང་དང་ཡང་དུ་བསྐུལ་བའི་ཞལ་ངོར་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས། །དྲན་པ་ཉེར་གཞག་ཉི་མའི་སྙིང་པོ་གདགས་པའི་བསྟན་བཅོས་ཞེས་བྱ་དང༌། །ཆོས་མངོན་མཛོད་ཀྱི་རྗེས་སུ་འབྲངས་ནས་རབ་ཏུ་བྱེད་པ་འདི་སྦྱར་རོ། །ཤེས་བྱའི་དཀྱིལ་འཁོར་སེམས་ཅན་ཁམས་བཞིན་ཕ་མཐའ་ཡས་ཀྱང་རྒྱུད་ལྔ་རུ། །ཉེ་བར་བསྡུས་བཞིན་སྣོད་བཅུད་ལམ་དང་འབྲས་བུ་དང་ནི་འདུས་མ་བྱས། །གནས་ལྔར་བསྡུས་ནས་གསལ་བར་བསྟན་པས་གསལ་བར་རྟོགས་བྱེད་གཞུང་འདི་ནི། །ཤེས་བྱ་རབ་ཏུ་གསལ་བ་ཉིད་ཡིན་མཐོང་ནས་གཞན་ལ་བསྟན་པར་གྱིས། །འདི་ཡི་ཚིག་དང་དོན་གྱི་ཆ་ལ་འཁྲུལ་པར་གྱུར་དང་དེ་བཞིན་དུ། །ལེ་ལོའི་དབང་གིས་ཡུན་རིང་འགྱངས་པའི་ནོངས་པ་གང་དེ་མཁས་རྣམས་དང༌། །བསྐུལ་བ་པོ་ལ་བཟོད་པར་གསོལ་ལོ་དེ་ལས་དགེ་བ་གང་བསྐྲུན་པས། །བདག་དང་མཁའ་མཉམ་སེམས་ཅན་ཀུན་གྱིས་བླ་མེད་བྱང་ཆུབ་ཐོབ་པར་ཤོག། །།དེ་ལྟར་ཤེས་བྱ་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས་འདི་ནི། རྒྱལ་བུ་བྱང་ཆུབ་སེམས་དཔའ་ཇིམ་གྱིམ་གྱིས་བསྐུལ་བའི་དོན་དུ། བླ་མ་ཆོས་ཀྱི་རྗེ་དཔལ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། དགེ་སློང་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། ས་ཕོ་སྟག་གི་ལོ་སྟོན་ཟླ་འབྲིང་པོའི་ཉི་ཤུ་གསུམ་སྐར་མ་རྒྱལ་ལ་བབ་པའི་ཉིན་པར་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཡོངས་སུ་རྫོགས་པར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply