༼པ༽
༄༅། །བླ་མ་སྤྱིའི་བསྟོད་པ་མུ་ཏིག་ཕྲེང་བ་བཞུགས།།
༄༅། །ན་མོ་གུ་རུ་བྷ་དྲཱ་ཡ། གང་གི་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཞིང༌། །རྣམ་གྲོལ་བདེ་བའི་ལམ་ཡང་སྟོན་མཛད་ཅིང༌། །དུས་གསུམ་རྒྱལ་བའི་གཙུག་གི་རྒྱན་གྱུར་པའི། །སྐྱོབ་པ་མཚུངས་མེད་བླ་མའི་ཚོགས་ལ་འདུད། །དོན་མིན་རྣམ་སྤང་དོན་ལ་ཐུགས་གཞོལ་བས། །དོན་བཞིན་རྟོགས་པའི་སྟོབས་ཀྱིས་དོན་གྲུབ་ཅིང༌། །བརྩེ་བས་གཅིག་ཏུ་གཞན་དོན་དོན་གཉེར་བའི། །དོན་ཀུན་སྒྲུབ་མཛད་བླ་མའི་ཚོགས་ལ་འདུད། །གང་ཞིག་སྤངས་ན་དུས་གསུམ་རྒྱལ་བས་ཀྱང༌། །བརྒལ་དཀའི་སྲིད་མཚོ་ལས་སྒྲོལ་མི་ནུས་ཤིང༌། །དེ་ཉིད་གུས་བསྟེན་ངེས་པར་སྒྲོལ་གྱུར་པའི། །དེད་དཔོན་མཚུངས་མེད་བླ་མའི་ཚོགས་ལ་འདུད། །གང་ལ་ཅུང་ཟད་བརྙས་པར་གྱུར་ན་ཡང༌། །མི་བཟད་སྡུག་བསྔལ་ཚོགས་ཀྱི་སར་ལྷུང་ཞིང༌། །དེ་ཉིད་མཉེས་པས་སྲིད་དང་ཞི་བ་ཡི། །བདེ་བའི་མཆོག་སྟེར་བླ་མའི་ཚོགས་ལ་འདུད། །གང་གིས་ཕྱོགས་བཅུའི་རྒྱལ་བ་མཆོད་པ་བས། །དེ་ཡི་སྤུ་གཅིག་མཆོད་ན་དོན་ཆེ་ཞེས། །འདྲེན་པ་རྣམས་ཀྱིས་མཆོག་ཏུ་རབ་བསྔགས་པའི། །ཞིང་མཆོག་མཚུངས་མེད་བླ་མའི་ཚོགས་ལ་འདུད། །ཞི་བའི་གསུང་མཆོག་འོད་ཟེར་སྟོང་ལྡན་གྱིས། །སྲིད་པའི་རྒྱ་མཚོའི་བྱིངས་རྣམས་སྐེམས་མཛད་ཅིང༌། །ཐར་པའི་ལོ་ཏོག་རབ་ཏུ་སྨིན་མཛད་པའི། །འདྲེན་པའི་ཉི་འོད་བླ་མའི་ཚོགས་ལ་འདུད། །མ་ཆགས་མཁར་གནས་ཐུགས་རྗེའི་སྤྲིན་ཚོགས་ལས། །དྲི་མེད་བདུད་རྩི་ཞི་བའི་ཆར་རྒྱུན་གྱིས། །སྲིད་པའི་སྡུག་བསྔལ་མེ་ཚོགས་ཞི་མཛད་པའི། །ཆོས་ཀྱི་སྤྲིན་ཆེན་བླ་མའི་ཚོགས་ལ་འདུད། །གཏི་མུག་ཐིབས་པོས་སྲིད་ལམ་འཁྱམས་པ་ལ། །དེ་ཉིད་གསལ་བའི་གསུང་གི་འོད་འགྱེད་ཅིང༌། །ཞི་བདེ་ཀུན་འབྱུང་རིན་ཐང་མེད་པ་ཡི། །ཡིད་བཞིན་ནོར་མཆོག་བླ་མའི་ཚོགས་ལ་འདུད། །ཇི་ལྟར་དབུལ་པོའི་ཁྱིམ་ནས་གཏེར་བཞིན་དུ། །ལུས་ཅན་ཀུན་ལ་ཟག་མེད་སྙིང་པོའི་གཏེར། །གནས་ཉིད་ཇི་བཞིན་བརྩེ་བས་སྟོན་མཛད་པའི། །འགྲོ་བའི་གཉེན་མཆོག་བླ་མའི་ཚོགས་ལ་འདུད། །གང་གི་བྱིན་རླབས་འོད་ཟེར་སྟོང་ཕྲག་གིས། །དད་ལྡན་སྒྲིབ་པའི་མུན་ཆེན་རབ་བསལ་ཏེ། །རྣམ་གྲོལ་འཆི་མེད་ས་ལ་མྱུར་འཇུག་པའི། །འདྲེན་པ་མཚུངས་མེད་བླ་མའི་ཚོགས་ལ་འདུད། །བླ་མའི་ཡོན་ཏན་བརྗོད་པའི་དགེ་བ་འདིས། །བྱང་ཆུབ་བར་གྱི་ཚེ་རབས་ཐམས་ཅད་དུ། །བླ་མའི་གསུང་མཆོག་འོད་ཀྱིས་སྣང་བྱས་ཏེ། །མ་ནོར་ལམ་ལ་རྟག་ཏུ་བརྩོན་པར་ཤོག །བླ་མའི་བསྟོད་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་ཤློ་ཀ་བཅུ་གཅིག་པ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply