ཆོས་རྗེ་པའི་བསྟོད་པ་འོག་མ།

༼པ༽

༄༅། །ཡང་ཆོས་རྗེ་པའི་བསྟོད་པ་འོག་མ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་སྔོན་དུ་བྱང་ཆུབ་བརྙེས་གྱུར་ཀྱང༌། །ཐབས་མཁས་ཐུགས་རྗེས་སྐལ་དམན་གཞན་གྱི་ངོར། །སྐྱེ་བོའི་ཚུལ་གྱིས་གདུལ་བྱའི་ཚུལ་མཛད་པ། །རྣམ་འཕྲུལ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །ཕྱི་ནང་རྟེན་འབྲེལ་ཟབ་ཅིང་རྒྱ་ཆེ་བ། །ཇི་བཞིན་མཁྱེན་ནས་མཁྱེན་པ་ཇི་བཞིན་དུ། །བརྩེ་བས་སྐལ་ལྡན་རྣམས་ལ་སྟོན་མཛད་པ། །སྟོན་པ་མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཡང་དག་ལམ་གྱི་བླ་མེད་བྱང་ཆུབ་ཏུ། །གདུལ་བྱའི་ཚོགས་རྣམས་སྐལ་བཞིན་འདྲེན་མཛད་ཅིང༌། །འཇིགས་པ་ཀུན་ལས་ཀུན་ནས་སྐྱོབ་མཛད་པ། །འདྲེན་པ་བླ་མེད་ཁྱོད་ལ་ཕྱག་འཚལ་ལོ། །བླ་མ་ཁྱོད་ནི་ཀུན་མཁྱེན་ཉིད་ལགས་ཀྱང༌། །རྨོངས་པ་བདག་གིས་དེ་ལྟར་མ་འཚལ་བས། །ལུས་ངག་ཡིད་ཀྱིས་མ་གུས་གང་བགྱིས་པའི། །ཉེས་པ་དེ་དག་རབ་ཏུ་འགྱོད་པས་བཤགས། །ཐུགས་རྗེ་ཆེར་ལྡན་རྨད་བྱུང་མཐུ་མངའ་བ། །མགོན་པོ་ཁྱོད་ཀྱིས་བདག་གི་སྡིག་པ་ཀུན། །དག་པར་མཛད་ཅིང་བླ་ན་མེད་པ་ཡི། །གོ་འཕང་མཆོག་ཀྱང་མྱུར་དུ་སྩལ་དུ་གསོལ། །བདག་གི་ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །འཇིགས་པའི་སྣང་བ་དེ་དག་མི་འབྱུང་ཞིང༌། །མགོན་པོ་འཁོར་དང་བཅས་པ་མཐོང་གྱུར་ནས། །ཞབས་ཀྱི་པདྨོར་རྟག་ཏུ་བརྟེན་པར་གསོལ། །སྐལ་དམན་བདག་ལ་ཐུགས་རྗེའི་དབང་ཕྱུག་ཁྱེད། །ཚེ་འདིར་དངོས་སུ་མཐོང་བའི་སྐལ་མེད་ནའང༌། །རྨི་ལམ་ཉིད་དུ་ཁྱོད་ཞལ་བསྟེན་ནས་སུ། །ཐེ་ཚོམ་དྲྭ་བ་ཀུན་ནས་གཅད་དུ་གསོལ། །གང་ཞིག་ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པ་དང༌། །དམ་ཆོས་བྱ་བ་སྒྲུབ་པར་བྱེད་པ་ཡི། །མཐུན་པའི་རྐྱེན་གྱུར་དེ་དག་ཕུན་ཚོགས་ཤིང༌། །མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །འགྲོ་བའི་བླ་མ་ཆོས་རྗེ་རིན་ཆེན་ལ། །ཅུང་ཟད་བསྟོད་ཅིང་གསོལ་བའི་རབ་བྱེད་འདི། །བླ་མའི་བྲན་གྱུར་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོ་ཞེས་བྱས་དད་པའི་ཡིད་ཀྱིས་སྦྱར།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*