༄༅། །བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ཞལ་ནས། གང་ཞིག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བསྙུང་བར་གནས་པ་ཚར་གཅིག་བྱས་ན་བསྐལ་པ་བཞི་ཁྲིའི་སྡིག་པ་དག་ཅིང་ལྷ་དང་མིའི་མཆོག་ཐབ་པར་འགྱུར་རོ། །འདི་ལུས་བསྙུང་བར་གནས་པས་ལུས་ཀྱི་སྡིག་པ་དག་པར་འགྱུར་རོ། །ངག་བསྙུང་བར་གནས་པས་ངག་གི་སྒྲིབ་པ་དག་པར་འགྱུར་རོ། །ཡིད་བསྙུང་བར་གནས་པས་ཡིད་ཀྱི་སྒྲིབ་པ་དག་པར་འགྱུར་རོ། །ལུས་བསྙུང་བར་གནས་པས་ཟས་མ་ཟས་པས་ཡི་དྭགས་སུ་སྐྱེ་བར་མི་འགྱུར་རོ། །ངག་སྨྲ་བཅད་བྱས་པས་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་མི་འགྱུར་རོ། །ལུས་བསྙུང་བར་གནས་པས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན་པར་འགྱུར་རོ། །ངག་བསྙུང་བར་གནས་པས་སངས་རྒྱས་ཀྱི་གསུངས་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་འགྱུར་རོ། །ཡིད་བསྙུང་བར་གནས་པས་མངོན་པར་ཤེས་པ་ལྔ་དང་ཡེ་ཤེས་ལྔ་ཐོབ་པར་འགྱུར་རོ། ། དེ་ལྟ་བུའི་བསྙུང་གནས་ཚར་གཅིག་བྱས་པས་ཀྱང་བསྐལ་པ་བཞི་ཁྲིའི་སྡིག་སྒྲིབ་དག་པར་གསུངས་ཏེ་ཞལ་བཅུ་གཅིག་པའི་གཟུངས་ལས། གང་ལ་ལ་ཞག་གིས་ཚེས་བརྒྱད་དམ། བཅུའམ། བཅོ་ལྔ་ལ་བསྙུང་བར་བསམ་ཏེ། སྡོམ་པ་ཡང་དག་པར་བླངས་ནས་ཆོས་བཞིན་དུ་ཡོངས་སུ་དག་པར་བགྱིས་ཏེ། སེམས་རྩེ་གཅིག་ཏུ་འཕགས་པ་སྤྱན་རས་གཟིགས་བདག་རྗེས་སུ་དྲན་པར་བྱས་ནས་གཟུངས་སྔགས་འདི་བཟླས་བརྗོད་བགྱིས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བ་ལགས་སོ། །བཅོམ་ལྡན་འདས་བདག་གི་མིང་འཛིན་པ་ནི་དོན་མཆིས་ཏེ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་བས་ལྷག་ལགས་སོ། །བདག་མིང་འཛིན་པའི་སེམས་ཅན་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར། བྲོ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། སྒྲིབ་པ་ཐམས་ཅད་དང་། ལུས་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ལགས་སོ། །གང་ལ་ལ་ཞིག་ཆོ་ག་བཞིན་དུ་སྦྱོར་བ་བགྱིད་ན་དེ་དག་གི་སུག་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ལགས་སོ།།ཞེས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་དང་ལག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ་ལས། སུ་ཞིག་གཟུངས་སྔགས་འདི་འཛིན་པ་དེས། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་བསླབ་པའི་གཞི་བརྒྱད་གཟུང་སྟེ། གོས་གཙང་མ་བགོས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུའམ། སངས་རྒྱས་ཀྱི་གཟུགས་ཀྱི་སྤྱན་སྔར་ཙན་དན་དཀར་པོའི་དཀྱིལ་འཁོར་བགྱིས་ལ། དེར་མེ་ཏོག་སྣ་ཚོགས་གཏོར་བར་བགྱི། བདུག་པས་ཀྱང་བདུགས་པར་བགྱི། མར་མེ་ཡང་བུད་པར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པར་བགྱིའོ། །དེའི་ཚེ་གཟུགས་སྔགས་འདི་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཀྱིལ་འཁོར་དེར་འདུག་སྟེ། མཚམས་མེད་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་མི་དགེ་བ་ཇི་སྙེད་མཆིས་པ་ཐམས་ཅད་འབྱངས་བར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱང་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱང་འཐོབ་པོ། །འོད་ཟེར་གྱིས་དབང་བསྐུར་བའི་སྟོབས་ཀྱང་འཐོབ་བོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཕན་ཡོན་ལྷག་པར་ཆེ་ཞིང་། འཕགས་པ་ཐུགས་རྗེ་ཆེན་པོ་འདི་ཉིད་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་ཡིན་པས། ཉམ་ཐག་པའི་འགྲོ་བ་རྣམས་ཐུགས་རྗེའི་ཤུགས་ཀྱིས་འགྲུབ་ཐག་ཉེ་བ་དང་། དམ་ཆོས་པད་མ་དཀར་པོ་ལས། སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་ལ་མཆོད་ཅིང་བསྙེན་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་ཙམ་འཛིན་པ་དང་། དེ་ལ་ཕྱག་ལན་གཅིག་ཙམ་བྱས་པ་ཕན་ཡོན་མཉམ་གསུངས་པ་ལྟར་ལགས་ཤིང་། ཞིབ་པར་འཕགས་བོད་ཀྱི་མདོ་རྒྱུད་གསུང་རབ་དགོངས་འགྲེལ་དང་བཅས་པ་དག་ལས་ཤེས་པར་བྱའོ། །
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply