༼པ༽
༄༅། །བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པའི་འགྲེལ་པ་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ནས། །དེ་ཡིས་བླ་མ་མཆོག་ལ་གསོལ་འདེབས་པའི། །རབ་བྱེད་གསུངས་པའི་ཚིག་དོན་ཕྱེས་ཤིག་ཅེས། །བྱང་ཆུབ་བཟང་པོས་བསྐུལ་ནས་འཕགས་པས་བྲི། །དབང་བསྐུར་བ་ཡང་དག་པ་ཐོབ་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་དེ་ནི་སངས་རྒྱས་ཀྱི་མཛད་པ་མངོན་སུམ་དུ་མཛད་པའི་ཕྱིར་སངས་རྒྱས་ཀུན་གྱི་ངོ་བོ་ཡིན་པས། དེ་ལ་གསོལ་བ་བཏབ་ན་སངས་རྒྱས་མ་ལུས་པ་ལ་གསོལ་བ་བཏབ་པར་འགྱུར་བས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དངོས་སུ་འཇུག་པའི་ཕྱིར་གསང་སྔགས་ཀྱི་ལམ་གྱི་རྩ་བ་བླ་མ་ལ་མོས་པས་གསོལ་བ་འདེབས་པ་ཉིད་ཡིན་པར་དགོངས་ནས། གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་འདི་མཛད་ལ་ཚིག་གི་དོན་ཙམ་ལས་དང་པོ་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། འབྲུ་འགྲེལ་བའི་ཚུལ་གྱིས་བརྗོད་པར་བྱའོ། །དེ་ལ་བླ་མ་དམ་པ་གང་གིས་བྱིན་གྱིས་བརླབས་པའི་དྲིན་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་སྐད་ཅིག་མ་གཅིག་ཉིད་ལ་སློབ་མའི་རྒྱུད་ལ་འཆར་བར་མཛད་པ་གང་ཡིན་པའི་བླ་མ་དམ་པ་དེ་དགོས་འདོད་འབྱུང་བས་རིན་ཆེན་ལྟ་བུའི་སྐུ་ཡིན་ལ། སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་ཅན་དེའི་ཞབས་ཀྱི་པདྨ་ལ་གུས་པས་འདུད་ཅེས་པ་ནི། སློབ་དཔོན་དྷ་རི་ཀ་པས་མཁའ་འགྲོ་མ་ཀུན་དུ་སྤྱོད་པའི་རྒྱུད་ཀྱི་ཐོག་མར་སྦྱར་རོ་ཞེས་གྲགས་སོ། །དེ་འདིའི་ཐོག་མར་སྦྱར་བའོ། །དངོས་ཀྱི་དོན་ལ་དབང་བསྐུར་བའི་བླ་མ་མཚན་ཉིད་དང་ལྡན་པ་ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར། གང་ལ་ཅིས་འདུལ་བ་དེ་ལ་དེ་སྟོན་པས་རྒྱལ་བ་སྟེ། སངས་རྒྱས་དང་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དང་རབ་ཏུ་བྱུང་བ་དང་དགེ་བསྙེན་དང་ཁྱིམ་པ་སོགས་ཀྱི་སྒྲས་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བ་ལ་སོགས་པ་འགྲོ་བ་ཀུན་གྱི་གཟུགས་སུ་སྤྲུལ་བར་མཛད་ནས་གདུལ་བྱ་ཐམས་ཅད་སྐལ་བ་དང་མཐུན་པར་སྨིན་པར་མཛད་དོ། །འོ་ན་སངས་རྒྱས་ཀྱི་དོན་མཛད་པས་ཆོག་མོད། བླ་མ་ལ་ཅིའི་ཕྱིར་རག་ལས་སྙམ་ན། ཉི་མའི་འོད་ཟེར་རབ་ཏུ་ཚ་ཡང་མེ་ཤེལ་ལམ་མེ་ལོང་མེད་པར་མེ་མི་འབྱུང་ལ། དེ་བཞིན་དུ་སངས་རྒྱས་བྱིན་གྱིས་བརླབས་ཀྱང་དངོས་སུ་ལམ་སྟོན་པའི་བླ་མ་མེད་པར་འཇུག་མི་ནུས་ཏེ། སངས་རྒྱས་གཞན་ན་བཞུགས་ཀྱང་འགྱངས་པའི་ཕྱིར་རོ། །དེས་ན་བླ་མ་ཁྱོད་ཉིད་མཉེས་པ་ཡིས་སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་ཏེ་གཅིག་ཏུ་བསྡུས་པ་ཡིན་པའི་ཕྱིར། ཤིང་སྡོང་པོའི་རྩ་བར་ཆུ་བླུགས་པས་ཡལ་ག་ལ་ཁྱབ་པ་བཞིན་ནོ། །དེ་ཉིད་སངས་རྒྱས་ཁོ་ན་གཅིག་ཏུ་བསྡུས་པར་མ་ཟད་དེ། དཀོན་མཆོག་གསུམ་པོ་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པའི་བླ་མ་དམ་པ་ཁྱོད་ལ་བདག་སྐྱབས་སུ་མཆིའོ། །ཞེས་མདོར་སྨོས་ནས་རྒྱས་པར་སྨོས་པ་ནི། བླ་མ་དེའི་ཐུགས་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་དངོས་པོ་གཅིག་ཏུ་བསྡུས་པའི་ངོ་བོ་ཉིད་ཡིན་ལ། གསུང་ཆོས་རྣམས་ཀུན་གྱི་འབྱུང་བའི་གནས་ཡིན་པས་རིན་ཆེན་གྱི་གཏེར་དང་འདྲ་ཞིང༌། སྐུའི་ཆ་ཤས་རྣམས་བྱང་ཆུབ་སེམས་དཔའི་ཚོགས་ཡིན་པའི་ཕྱིར། དགེ་འདུན་ཐམས་ཅད་འདུས་པའི་སྐུར་གྱུར་པའི་དཔལ་ལྡན་བླ་མ་དེ་ལ་གུས་པས་འདུད་དོ། །ཞེས་རྒྱས་པར་སྨོས་ནས། ཤིན་ཏུ་ཡང་རྒྱས་པར་སྨོས་པ་ནི། ཁྱོད་ནི་གདུལ་བར་བྱ་བ་སྨིན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམ་པ་ལྔར་སྟོན་ཏེ། གཟུགས་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོན་གྲུབ་པ། རྣམ་པར་ཤེས་པ་མི་བསྐྱོད་པའོ། །སྤྱན་ལ་སོགས་པ་ཁྱོད་ཀྱི་འབྱུང་བ་བཞི་དག་པ་སྟེ། ས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་སྒྲོལ་མའོ། །སྐུའི་ཆ་ཤས་དག་པ་བྱང་ཆུབ་སེམས་དཔའ་ཡིན་པའང༌། མིག་སའི་སྙིང་པོ། རྣ་བ་རྡོ་རྗེ་འཆང༌། སྣ་ནམ་མཁའི་སྙིང་པོ། ལྕེ་སྤྱན་རས་གཟིགས། ཡིད་འཇམ་དབྱངས། ལུས་སྒྲིབ་པ་རྣམ་པར་སེལ་བ། རྩ་རྒྱུས་བྱམས་པ། ཚིགས་ཀུན་ཏུ་བཟང་པོ་སྟེ། བྱང་ཆུབ་སེམས་དཔའ་རྣམས་མགོན་པོ་ཁྱོད་ཀྱི་དབང་པོ་ལ་སོགས་པ་དག་པའོ། །གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་ནི། ལག་པ་གཡས་པ་གཤིན་རྗེའི་གཤེད། གཡོན་པ་གཞན་གྱིས་མི་ཐུབ་པ། ཁ་རྟ་མགྲིན་རྡོ་རྗེ་བདུད་རྩི་ཐབ་སྦྱོར། དཔུང་པ་གཡས་པ་མི་གཡོ་མགོན། གཡོན་པ་འདོད་པའི་རྒྱལ་པོ། རྗེ་ངར་གཡས་པ་དབྱུག་སྔོན་ཅན། གཡོན་པ་སྟོབས་པོ་ཆེ། སྤྱི་གཙུག་འཁོར་ལོས་སྒྱུར་བ། རྐང་མཐིལ་གནོད་མཛེས་རྒྱལ་པོ་སྟེ་དཔལ་ལྡན་ཁྱོད་ཀྱི་སྐུའི་ཆ་དག་པའོ། །གཟུགས་སོགས་དག་པ་རྡོ་རྗེའི་ལྷ་མོ་རྣམས་ཏེ་ཕྱི་སྐྱེ་མཆེད་དྲུག་དག་པ། གཟུགས་རྡོ་རྗེ། སྒྲ་རྡོ་རྗེ། དྲི་རྡོ་རྗེ། རོ་རྡོ་རྗེ། རེག་རྡོ་རྗེ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མར་སྟོན་པར་མཛད་དོ། །ཉོན་མོངས་པ་རྣམ་པ་ལྔ་ཡེ་ཤེས་ལྔར་གནས་གྱུར་པ་ནི། འདོད་ཆགས་སོ་སོར་རྟོག་པ། ཞེ་སྡང་ཆོས་ཀྱི་དབྱིངས། གཏི་མུག་མེ་ལོང་ལྟ་བུ། ང་རྒྱལ་མཉམ་པ་ཉིད། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྱུར་པ་དང༌། གཞན་གྱི་བསྒྱུར་བའང་བདག་ཉིད་ཆེན་པོ་ཁྱོད་ཀྱིས་མཁྱེན་ཏེ། དེ་ལྟར་ན་ཕྱི་རོལ་དུ་ཐམས་ཅད་སྤྲོ་བའི་ཕྲིན་ལས་ཀྱིས་རྫོགས་པའི་སངས་རྒྱས་དེ་དག་ཏུ་སྤྲུལ་ལ་དེ་དག་ལས་བྱེ་བ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུའང་སྤྲུལ་བར་མཛད་ཅིང༌། ནང་དུ་གཅིག་ཏུ་བསྡུ་བའི་སྦྱོར་བའི་སྒོ་ནས་སངས་རྒྱས་ཀུན་ནས་རོ་གཅིག་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་གྱུར་པའང༌། བླ་མ་དམ་པ་ཉིད་ཡིན་ཏེ། དེའི་ཐུགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ། དེར་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་རོ། །དེ་ལྟར་གནས་གྱུར་དང་སྤྲུལ་པས་སྤྲོ་བའི་སྒོ་ནས། རང་བཞིན་བསྔགས་པ་བརྗོད་ནས་སྤངས་རྟོགས་ཀྱི་སྒོ་ནས་བསྔགས་པ་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་ཀུན་སླར་མི་ལྡོག་པར་སྤངས་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཤིང་མི་ཉམས་པ་མངོན་དུ་མཛད་ལ། ཁྱོད་ཀྱི་ཕྲིན་ལས་ངོ་མཚར་ཞིང་རྨད་དུ་བྱུང་བ་དང་ལྡན་པ་ལ་གང་གིས་གཡོ་དང་སྒྱུ་མེད་པར་ཚུལ་བཞིན་དུ་ཁྱོད་བསྟན་པ་དེ་ལ་དེ་མ་ཐག་ཏུ་བྱིན་གྱིས་རློབ་པར་མཛད་དོ། །བྱིན་གྱིས་བརླབས་པས་ཅིར་འགྱུར་ན་ཤིན་ཏུ་མྱུར་བ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་མཆོག་གི་དངོས་གྲུབ་སྩོལ་བའམ་ཡང་ན་ཐུན་མོང་གི་དངོས་གྲུབ་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་མཛད་པ་ཡིན་ཏེ། དཔལ་ལྡན་འབྲས་ཕུང་གི་བླ་མ་དང་སློབ་མའི་རྣམ་པར་ཐར་པ་བཞིན་ནོ། །ཕྲིན་ལས་དེ་ལྟ་བུ་དང་ལྡན་པ་དེས་ན་རྡོ་རྗེ་སློབ་དཔོན་མཆོག་ཏུ་གྱུར་པ་ཡིན་ལ། ལུས་དང་ངག་དང་ཡིད་ཀྱི་དངོས་པོ་ཀུན་གྱིས་དེ་ལ་མཆོད་ཅིང༌། དུས་དང་རྣམ་པ་ཀུན་ཏུ་བདག་སྐྱབས་སུ་མཆིའོ། །མེ་ཏོག་ལ་སོགས་པ་ཕྱི་དང་བདུད་རྩི་ལ་སོགས་པ་གསང་བ་དང༌། བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། ལུས་དང་ལོངས་སྤྱོད་ཉེ་དུ་དང་འཁོར་གཡོག་ལ་སོགས་པའི་འབྲེལ་པ་ཀུན་དང༌། སྲོག་གི་བར་གྱི་དངོས་པོ་ཐམས་ཅད་ཀྱིས་བླ་མ་ཁྱེད་མཉེས་པར་བགྱིའོ། །ཇི་སྲིད་རྣམ་པར་གྲོལ་བ་ཆེན་པོ་སངས་རྒྱས་ཀྱིས་བདག་གཞན་ཀུན་གྱིས་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་ཕྱི་དང་ནང་དང་ཡིད་ལས་བྱུང་བ་ལ་སོགས་པ་མཆོད་པ་མཆོག་གི་སྤྲིན་གྱི་ཕུང་པོ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་ཆེས་ལྷག་པར་གྱུར་པས་རྡོ་རྗེ་སློབ་དཔོན་ཁྱོད་མཆོད་དོ། །ཁྱོད་ནི་གང་ལས་མཉེས་པར་གྱུར་པའི་ཕྲིན་ལས་དེ་ནི་བསྒྲུབ་པར་བགྱི་ཞིང༌། མི་མཉེས་པར་བགྱི་པའི་སྤྱོད་པ་ཐམས་ཅད་རྣམ་པར་སྤངས་ཏེ། རྣམ་པ་ཀུན་ཏུ་བླ་མ་ཁྱོད་བསྟེན་ནོ། །རྡོ་རྗེ་སློབ་དཔོན་ཁྱོད་ཀྱི་ཕྲིན་ལས་དེ་ནི་བསྒྲུབ་པའི་སླད་དུ་མགོན་པོ་ཁྱོད་གང་ལ་མཉེས་པར་གྱུར་ན། གལ་ཏེ་བདག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཀྱང༌། བྱང་ཆུབ་ཐོབ་པར་འགྱུར་བ་དེ་དོར་ཏེ། སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ་བླ་མ་ཁྱེད་ཀྱི་ཕྲིན་ལས་བདག་གིས་བསྒྲུབ་པར་བགྱིའོ། །ཞེས་བླ་མའི་རང་བཞིན་བསྔགས་པ་དང༌། ཕྲིན་ལས་བསྒྲུབ་པར་དམ་བཅས་ནས་དེ་དག་ལས་བྱུང་བའི་དགེ་བའི་རྩ་བ་བསྔོ་བ་ནི། བསྟོད་པ་དང་མཆོད་པ་ལས་བྱུང་བའི་དགེ་བའི་རྩ་བ་འདིས་བདག་དང་གཞན་མ་ལུས་པ་ཀུན། བླ་མ་དམ་པ་ཁྱོད་མཉེས་པར་བགྱིད་པ་འགྲུབ་པའི་རྒྱུར་ཤོག་ཅེས་བསྔོ་བའོ། །དབང་བསྐུར་ཐོབ་པའི་བླ་མ་ལ་སངས་རྒྱས་སུ་བཤད་པ་ཡིན་གྱིས་དབང་མ་ཐོབ་པའི་བླ་མ་ལ་སངས་རྒྱས་སུ་བཤད་པ་མེད་དོ། །དབང་བསྐུར་བ་ཡང་དག་པར་ཐོབ་པའི་རྡོ་རྗེ་སློབ་དཔོན་ལ་ཚུལ་འདིས་རྟག་ཏུ་གསོལ་བ་འདེབས་ན་མྱུར་དུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་གདབ་པའི་ཚུལ། དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བའོ། །རབ་བྱེད་འདི་ནི་ཆོས་རྗེ་བླ་མས་མཛད། །གསོལ་བ་འདེབས་བྱེད་བྱང་ཆུབ་བཟང་པོ་ཡིན། །སླར་ཡང་དེ་ཡིས་བསྐུལ་ནས་འབྲུ་འགྲེལ་འདི། །སྔགས་འཆང་འཕགས་པ་ཞེས་བྱས་སྦྱར་བ་ཡིན། །དགེ་བ་དེ་ཡིས་སེམས་ཅན་ཐམས་ཅད་ཀྱིས། །ཡང་དག་བླ་མ་དམ་པ་ཉེར་བསྟེན་ནས། །དངོས་པོ་ཀུན་གྱིས་མཉེས་པར་བྱས་ནས་ཀྱང༌། །དེ་ཡི་དྲིན་གྱིས་བྱང་ཆུབ་མཆོག་ཐོབ་ཤོག །བླ་མ་ལ་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་རྣམ་བཤད་བསྡུས་པ་འདི་ནི། བསོད་སྙོམས་དང་སྟན་གཅིག་པ་དང་ཕྱིས་མི་ལེན་པའི་བརྟུལ་ཞུགས་ལ་ལེགས་པར་གནས་པའི་དགེ་སློང་རྡོ་རྗེ་འཛིན་པ་བྱང་ཆུབ་བཟང་པོ་ཞེས་བྱ་བས་བསྐུལ་ནས། ལུང་དང་རིགས་པ་དང་མན་ངག་འཛིན་པ་འཕགས་པ་ཞེས་བྱ་བས། ཤིང་མོ་བྱི་བའི་ལོ་རྒྱལ་གྱི་ཟླ་བའི་ཚེས་བཞིའི་སྔ་དྲོའི་ཆ་ལ་ལྷ་ས་ར་མོ་ཆེའི་གཙུག་ལག་ཁང་དུ་སྦྱར་བའོ། །དབང་མ་ཐོབ་པ་ལ་གསང་བར་བྱའོ། །ཤཱཀྱའི་དགེ་སློང་བྱང་ཆུབ་རྒྱལ་མཚན་གྱི་ཐུགས་དམ་ལགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply