༼པ༽
༄༅། །ཆོས་རྗེ་པའི་བསྟོད་པ་མེ་ཏོག་ཕྲེང་བ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་མཉྫུ་གྷོ་ཥཱ་ཡ། མཁྱེན་པའི་དཀྱིལ་འཁོར་རྒྱ་ཆེར་རབ་རྒྱས་ལེགས་བཤད་གསུང་གི་འོད་ཟེར་ཕྲེང༌། །ཕྲེང་བ་སྤེལ་ལེགས་ཉེ་བར་འཁྲིགས་ལྟར་ཀུན་ནས་རབ་ཏུ་འབར་བ་ཡི། །ལྟ་བ་ངན་པའི་ཚང་ཚིང་གིས་གཟིངས་ཡིད་ཀྱི་མུན་པ་རྣམ་བསལ་ཏེ། །ཡང་དག་སྣང་བ་རྒྱ་ཆེར་སྐྱེད་མཛད་སྐྱེ་དགུའི་སྒྲོན་མ་རྣམ་པར་རྒྱལ། །གང་སླད་མཁྱེན་པའི་འོད་ཟེར་ཕྲེང༌། །བརྩེ་བས་རྩོལ་བྲལ་ལ་འཇུག་ལ། །དེ་སླད་དེ་ལ་མ་སྩལ་བར། །དང་པོར་འགྱུར་བ་སྨོས་ཅི་འཚལ། །དེ་གཅིག་ཉིད་དུའང་མ་ཟད་དེ། །བསམ་མི་ཁྱབ་པའི་གནས་བརྙེས་སླད། །བསམ་ཡས་ཡོན་ཏན་དཔལ་འབྱོར་པས། །ཆ་ཡང་དེ་འདྲའི་ངང་ཚུལ་ལགས། །དབང་པོ་དེ་འདྲས་དབང་བགྱིས་པས། །དབང་པོ་དབང་པོའི་གསུང་ལ་དབང༌། །དབང་འབྱོར་དབང་གིས་དབང་པོ་མཆོག །དབང་མཛད་དབང་གིས་དེ་ཡི་ཚུལ། །བདག་གིས་མཐོང་དང་ཐོས་པ་དང༌། །རྟོགས་པ་གང་ལགས་ཚུལ་བཞིན་དུ། །སྒྲོ་འདོགས་པ་དང་སྐུར་བའི་མཐའ། །རྣམ་པར་སྤངས་ནས་གླེང་བར་འཚལ། །ཁྱོད་ཀྱིས་རྣམ་པར་བཀོད་པ་ཡི། །སྙན་པའི་ཚིག་གི་ཕྲེང་བ་གང༌། །སྤེལ་ལེགས་བརྒྱུད་མར་སྤེལ་བ་ནི། །གང་ཞིག་གིས་ནི་མཐོང་གྱུར་ན། །གློ་གསལ་བློ་ཡི་དབང་པོ་ཡང༌། །ཀུན་ནས་ཡིད་འཕྲོག་འགྱིད་པ་སྟེ། །རྣམ་པར་རྒྱས་པའི་པད་མོའི་ཕྲེང༌། །ཚར་དུ་དངར་བས་ཡིད་བཞིན་མཚོ། །རབ་ཏུ་བརྒྱན་པ་བུང་བ་ཡིས། །གསལ་བར་མཐོང་བ་ལྟ་བུ་ལགས། །དེ་འདྲ་སྒྲོགས་པར་བགྱིད་པའི་ངག །ཤེས་ལྡན་གང་གིས་ཐོས་གྱུར་པའང༌། །གཡེང་བ་གཞན་གྱིས་མི་གཡེང་བར། །རྩེ་གཅིག་འདུན་པར་འགྱུར་བ་ནི། །དྲི་ཟའི་བུ་མོའི་དབྱངས་སྙན་དང༌། །ཁུ་བྱུག་མྱོས་པའི་དབྱངས་ཀྱིས་ཀྱང༌། །དཔེ་ཙམ་ཉིད་དུའང་མི་བཟོད་ན། །སྒྲ་གཞན་ཟིལ་གནོན་སྨོས་ཅི་འཚལ། །དེ་དོན་ཕུན་སུམ་ཚོགས་གྱུར་པ། །རློམ་ཆེན་བློ་ཡིས་དབང་པོ་མཆོག །འགས་ཀྱང་སྔོན་ཆད་མ་དཔྱད་པ། །དཔྱོད་ལྡན་གང་གིས་རྣམ་དཔྱད་ན། །ཡིད་གསལ་བགྱིད་པ་གངས་རིའི་རྩེར། །ཉི་མ་ཤར་བ་ལྟ་བུ་སྟེ། །ཀུན་ནས་དགའ་བ་བསྐྱེད་པ་ནི། །བསམ་གཏན་རོ་མྱང་ལྟ་བུ་ལགས། །རྩོམ་པ་འདི་འདྲ་མྱུར་འཇུག་པ། །གློག་འགྱུ་བས་ཀྱང་ཆེས་མྱུར་ཞིང༌། །རྩོལ་བ་མེད་པར་འབྱུང་བ་ནི། །མཚོ་ལྟར་ངང་གིས་ལྷུན་གྲུབ་ལགས། །དེ་འདྲ་གསུང་གི་ཁྱད་པར་ཏེ། །གསུང་མཆོག་འདི་འདྲ་ལེགས་གསུང་སླད། །ཁྱོད་ཀྱི་མཁྱེན་པ་ནམ་མཁའ་ལྟར། །ཤེས་བྱ་ཀུན་ལ་ཁྱབ་པ་དེ། །པདྨ་ལྟ་བུར་ཉེས་པ་ཡི། །དྲི་མས་གོས་པ་མི་མངའ་ཞིང༌། །ཉི་མ་བས་ཀྱང་ཆེས་གསལ་ལ། །ལྷུན་པོ་ལྟ་བུར་བརྟན་པ་ལགས། གང་ཕྱིར་འབྲས་བུའི་ཁྱད་པར་ནི། །ཤིན་ཏུ་ཕུན་སུམ་ཚོགས་གྱུར་པ། །རྒྱུ་ཡི་ཕུན་ཚོགས་རྗེས་འགྲོ་བ། །ཆོས་ཀུན་དེ་འདྲ་ལགས་ཕྱིར་རོ། །གསུང་དེ་རྣ་བའི་མངོན་སུམ་སྟེ། །དེ་ཡི་ཁྱད་པར་མྱོང་བ་ཡིས། །ཤིན་ཏུ་ངེས་པར་འགྱུར་བ་ལགས། །གཏན་ཚིགས་དེ་འདྲས་ཁྱད་འཕགས་པས། །ཐུགས་ཀྱི་ཡོན་ཏན་བདག་གིས་དཔགས། །རྟོགས་པ་འདི་ནི་དུ་བ་ཡིས། །མེ་བཞིན་རྣམ་པ་ཐམས་ཅད་དུ། །སླུ་བ་མེད་ཕྱིར་འཁྲུལ་མེད་ལགས། །དེ་ལྟའི་གསུང་དབྱངས་དྲི་མེད་དང༌། །རྣམ་དག་ཐུགས་ཀྱིས་ཁྱད་འཕགས་པའི། །སྐུ་ནི་རྨད་དུ་བྱུང་བ་སྟེ། །བཅོས་མའི་ཚོན་རྣམས་སྣ་ཚོགས་ཀྱིས། །ཀུན་ཏུ་བསྒྱུར་བ་མ་ལགས་ཀྱང༌། །ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི། །དཔལ་གྱི་གཟི་བརྗིད་འབར་བ་ཡིས། །བཅོས་མའི་ཁ་དོག་གིས་མཛེས་པ། །ནོར་བུའི་ཚོགས་རྣམས་ཟིལ་མནན་ནས། །ཡིད་བཞིན་ནོར་ལྟར་ལྷམ་པ་ལགས། །དེ་ཡི་མཛད་པ་རྣམ་དག་སྟེ། །མཛད་པའི་རྒྱུ་ནི་རྣམ་དག་ཕྱིར། །ཉི་མའི་དཀྱིལ་འཁོར་རབ་གསལ་སླད། །འོན་ཀྱང་དེ་འདྲ་མ་ལགས་སམ། །ཁྱེད་ནི་གལ་ཏེ་སྐུ་བྱིས་པའི། །ཡུལ་ན་ཇི་ལྟར་སྣང་གྱུར་ཀྱང༌། །དཔྱོད་ལྡན་ཀུན་གྱིས་རྣམ་ཀུན་དུ། །བཀུར་བར་འོས་པ་ཁོ་ན་སྟེ། །མཐུ་ཆེན་གསལ་བའི་འོད་འབྱིན་པའི། །རིན་ཆེན་དབང་གི་རྒྱལ་པོའི་དབྱིབས། །ཇི་ལྟར་སྣང་ཡང་སྐྱེ་དགུ་ཡིས། །བཀུར་བར་འོས་པ་ཇི་བཞིན་ནོ། །དེ་སླད་བསྟོད་པས་བསྟོད་འོས་ཤིང༌། །མཆོད་པ་ཀུན་གྱིས་རྣམ་ཀུན་དུ། །མཆོད་པར་འོས་པ་ཁྱོད་ལ་བདག །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །མཆོད་འོས་མཆོད་དང་བསྔགས་འོས་པ། །བསྔགས་ལས་བསོད་ནམས་འབྱུང་ངོ་ཞེས། །རྒྱལ་བ་ཉིད་ཀྱིས་གསུངས་པའི་ཕྱིར། །བདག་གིས་དེ་ལྟར་བརྗོད་དེ་ལས། །དགེ་བ་གང་ཞིག་དེར་བསྐྲུན་པ། །དེ་ཡིས་འགྲོ་བ་ཐམས་ཅད་ཀྱིས། །བསྟོད་འོས་ཁྱོད་འདྲ་ལེགས་བསྟོད་ཅིང༌། །མཆོད་འོས་ཁྱོད་འདྲ་མཆོད་པར་ཤོག །གང་གིས་རྣམ་ཐར་མེ་ཏོག་རྣམ་དཔྱོད་ཀྱི། །སྙིམ་པས་བླངས་ཏེ་ངག་གི་སྲད་བུ་ཡིས། །ཚར་དུ་དངར་བའི་མེ་ཏོག་ཕྲེང་བ་འདིས། དམ་པ་མཆོད་ཕྱིར་འཕགས་པས་རྣམ་པར་སྤེལ། །བཀྲ་ཤིས་བདེ་ལེགས་དང་ལྡན་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply