༼པ༽
༄༅། །བརྟག་གཉིས་ཀྱི་བསྡུས་དོན་བཞུགས།།
༄༅། །དཔལ་ཀྱེའི་རྡོ་རྗེའི་བསྡུས་པའི་དོན་ཞེས་བྱ་བ། བླ་མ་དང་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་དུ་མའི་གཏེར་གྱུར་པ། །བླ་མ་མཆོག་དང་རྡོ་རྗེ་འཆང་དབང་གི །ཞབས་ཀྱི་པད་མོར་སྤྱི་བོས་ཕྱག་འཚལ་ནས། །ཀྱེ་ཡི་རྡོ་རྗེའི་བསྡུས་དོན་བྲི་བར་བྱ།། །།རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་གི་སྙིང་པོ་གཉིས་སུ་མེད་པ་རྩ་བའི་རྒྱུད་བསྡུས་པ་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་འདིའི་བསྡུས་པའི་དོན་ལ་གཉིས། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་དང༌། གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བའོ། །དེ་ལ་གཉིས། མངོན་པར་རྟོགས་པའི་རིམ་པའི་དབང་དུ་བྱས་ཏེ། བརྟག་པ་དང་པོ་རྩ་རྒྱུད་ཀྱི་ཚུལ་དུ་བཤད་པ་དང༌། དེ་ཉིད་གསལ་བར་བྱེད་པ་རྒྱུད་ཕྱི་མ་བཤད་པའི་རྒྱུད་ཀྱི་ཚུལ་དུ་བཤད་པའོ། །དང་པོ་ལ་གཉིས། དོན་དངོས་དང༌། དེའི་མཚན་སྨོས་པའོ། །དང་པོ་ལ་གཉིས། གང་ལ་དམིགས་ཏེ་བསྒྲུབས་པ་འབྲས་བུའི་རྒྱུད་དང༌། དེ་ཐོབ་པར་བྱེད་པ་ཐབས་ཀྱི་རྒྱུད་དོ། །དང་པོ་ལ་གཉིས། འབྲས་བུ་སྐུ་བཞིའི་དངོས་གྲུབ་ལ་ཞུས་ཤིང་མཉན་པར་གདམས་པ་དང༌། སོ་སོའི་མཚན་གྱི་ངེས་ཚིག་ལ་ཞུས་པ་དང་ལན་ནོ། །དེ་ལ་གཉིས། ཐུན་མོང་གི་ཧེ་རུ་ཀ་གསུམ་གྱི་ངེས་ཚིག་ལ་ཞུས་ལན་དང༌། ཐུན་མོང་མ་ཡིན་པའི་ཧེ་རུ་ཀ་བཞི་པའི་ངེས་ཚིག་ལ་ཞུས་ལན་ནོ། །ཐབས་རྒྱུད་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དེ་ལ་གསུམ། ཐབས་རྒྱུད་དང་པོར་བསྟན་པའི་འཐད་པ། དེས་མི་འཆིང་ཞིང་གྲོལ་བའི་རྒྱུད་བསྟན་པ། ཐབས་ཀྱི་རྒྱུད་ཉིད་རྒྱས་པར་དབྱེ་བའོ། །དེ་ལ་གཉིས། གྲོལ་བར་བྱེད་པ་ལམ་དང༌། སྨིན་པར་བྱེད་པ་དབང་ངོ༌། །དང་པོ་ལ་གཉིས། ཇི་ལྟར་མོས་པར་བྱ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པའི་ལྟ་བ་དང༌། དེ་ལྟར་མོས་པར་བྱས་ནས་གནས་པར་བྱ་བའི་ཐབས་རྒྱུད་དོ། །དང་པོ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་གསུམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད། གང་ལ་བརྟེན་ནས་སྐྱེ་བའི་རྟེན། དེ་མངོན་དུ་བྱེད་པའི་ཐབས་སོ། །གཉིས་པ་ལ་བཞི། ལུས་རྩའི་དཀྱིལ་འཁོར། ཡི་གེ་བྷ་གའི་དཀྱིལ་འཁོར། ཁམས་བདུད་རྩིའི་དཀྱིལ་འཁོར། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་རོ། །དང་པོ་ལ་ཞུས་པ་དང༌། ལན་གཉིས། དེ་ལ་བཞི། བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་རྩ་གཉིས། དེ་རྣམས་ཀྱི་ནང་ན་གཙོ་མོ་གསུམ། རྩ་སུམ་ཅུ་རྩ་གཉིས་ཀྱི་གསལ་བ་མིང་གི་རབ་དབྱེ། དེ་དག་གི་སྤྱིའི་མཚན་ཉིད་དོ། །གཉིས་པ་ལ་གསུམ། རྩ་གཙོ་མོ་གསུམ་གྱི་མིང༌། དོན་དམ་པའི་ལས། ཀུན་རྫོབ་ཀྱི་ལས་སོ། །བཞི་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། ཤེས་རབ་དོན་དམ་པའི་ལས་དང༌། ཐབས་ཀུན་རྫོབ་ཀྱི་ལས་སོ། །ཡི་གེ་བྷ་གའི་དཀྱིལ་འཁོར་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གསུམ། རྩ་གཉིས་ཀྱི་རྣམ་གཞག རྩ་དང་འཁོར་ལོ་གསུམ་གྱི་རྣམ་གཞག འཁོར་ལོ་བཞིའི་རྣམ་པར་གཞག་པའོ། །དེ་ལ་བདུན། ཡི་གེ་དང་ལྷ་མོ་བཞིར་གཞག་པ། རྩ་འདབ་ཀྱི་གྲངས། སྐད་ཅིག་མ། བདེན་པ། དེ་ཁོ་ན་ཉིད། དགའ་བ། སྡེ་པ་བཞིར་གཞག་པའོ། །ལེའུ་དང་པོའོ།། །།དེ་ལྟར་མོས་པ་བྱས་ནས་གནས་པར་བྱ་བའི་ཐབས་རྒྱུད་ལ་གཉིས། གཙོ་བོར་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་དང་མཆོག་གི་དངོས་གྲུབ་བསྒྲུབ་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་ལྔ། གཏོར་མའི་སྔགས། བཟླས་པ། བྱིན་གྱིས་བརླབ་པ། ས་སྦྱང་བ། ལས་ཀྱི་ཚོགས་སོ། །གཉིས་པ་ལ་དྲུག རིགས་ལྔའི་ས་བོན། ཀྱེའི་རྡོ་རྗེའི་སྙིང་པོ་དེ་ཉིད་ལྔས་ཁྱད་པར་དུ་བྱེད་པ། གྲོང་ཁྱེར་དཀྲུག་པའི་སྔགས། ལྷ་མོ་བཅོ་ལྔའི་ས་བོན། ཧེ་རུ་ཀ་གསུམ་གྱི་སྔགས་སོ། །ལས་ཀྱི་ཚོགས་ལ་ལྔ། ལྷ་མོ་བརྒྱད་དང་འབྲེལ་བའི་ལས། ཕྱག་བཅུ་དྲུག་པའི་ལས་ཆར་དབབ་པ། ཕྱག་གཉིས་པའི་ལས་སྤྲིན་དྲལ་བ། ཧེ་རུ་ཀ་བཞི་བདག་མེད་མ་དང་ཐུན་མོང་གི་ལས། ལས་སྒྲུབ་པའི་ལྷ་མོ་བདུན་བསྟན་པའོ། །བཞི་པ་ལ་བརྒྱད། རྡོ་རྗེ་གྲི་གུག ལྷ་དགས་པ། ཚ་བས་གདུང་བ། ཆང་སྐྱུག་པ། མྱོས་མ་དབང་དུ་བྱ་བ། ཉི་ཟླ་གཟུང་བ། རྐུན་པོ་ངོས་གཟུང་བ། དུད་འགྲོ་ལྔ་བསྐྲད་པའོ། །ལེའུ་གཉིས་པའོ།། །།གཙོ་བོར་མཆོག་བསྒྲུབ་པ་ལ་གསུམ། རིམ་པ་གཉིས་ལ་གནས་པར་བྱ་བ། དྲོད་ཐོབ་ནས་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྤྱོད་པ། རྣལ་འབྱོར་མ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་བསྒོམ་པའོ། །དང་པོ་ལ་གཉིས། རྟེན་བསྐྱེད་པའི་རིམ་པ་དང༌། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། ལྷ་བསྐྱེད་པ་དང༌། དབང་བསྐུར་བའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་གཉིས། ཧེ་རུ་ཀ་གསུམ་བསྐྱེད་པ་ཐུན་མོང་གི་ཆོ་ག་དང༌། སོ་སོའི་ཆོ་གའོ། །དང་པོ་ལ་གསུམ། བསྡུས་པ། འབྲིང༌། རྒྱས་པའོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསགས་པ་དང༌། འབྲས་བུ་དཀྲོངས་བསྐྱེད་ཀྱིས་ཡན་ལག་བཞི་རྫོགས་སུ་བསྐྱེད་པའོ། །འབྲིང་ལ་གསུམ། སྲུང་བའི་འཁོར་ལོ། རྟེན་གདན། བརྟེན་པ་རྡོ་རྗེ་ཆོ་གས་བསྐྱེད་པའོ། །རྒྱས་པ་ལ་གཉིས། ཚོགས་ཀྱི་ཞིང་སྤྱན་དྲངས་ནས་མཆོད་པ་དང༌། མངོན་བྱང་ལྔ་ལས་ལྷ་བསྐྱེད་པའོ། །ཧཱུྃ་གི་འོད་ཀྱིས་ཚོགས་ཞིང་དགུག །མཆོད་དང་ཚད་མེད་སྲུང་འཁོར་གདན། །མངོན་བྱང་ལྔ་ལས་ལྷར་བསྐྱེད་པ། །མི་ཐུབ་ཟླ་བའི་འཁྲུགས་ཅན་ཡིན། །སོ་སོའི་ཆོ་ག་ལ་གསུམ། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་བསྐྱེད་པའོ། །དང་པོ་ལ་གཉིས། ལྷའི་རྣམ་པ། རྒྱན་དང་བཅས་པ་དང་འཁོར་གྱི་ལྷ་མོ་དང་གནས་བསྟན་པའོ། །ལེའུ་གསུམ་པའོ།། །།དབང་བསྐུར་བ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་དྲུག དབང་གི་ལྷ་སྤྱན་དྲང་བ། མཆོད་ཅིང་གསོལ་བ་གདབ་པ། དབང་བསྐུར་བ་དངོས། ཡན་ལག་བཞི་རྫོགས་སུ་བསྟན་པ། ཐུན་གྱི་གྲངས། སྤྱོད་ལམ་གྱི་རྣལ་འབྱོར་རོ། །ལེའུ་བཞི་པའོ།། །།བརྟེན་པ་རྫོགས་པའི་རིམ་པ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་གཉིས། དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་དང༌། ཐབས་ལས་བྱུང་བ་གནས་སྐབས་ཀྱི་ཕན་ཡོན་ནོ། །དང་པོ་ལ་ལྔ། ཆོས་ཅན་ལ་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད། གདབ་བྱ་ལ་འདེབས་བྱེད་ཀྱི་དེ་ཁོ་ན་ཉིད། སྦྱང་གཞི་ལ་སྦྱོང་བྱེད་རིགས་དང་རིགས་བདག་ཏུ་འགྱུར་བའི་དེ་ཁོ་ན་ཉིད་མཚོན་བྱེད་ལ་མཚོན་བྱའི་དེ་ཁོ་ན་ཉིད། ཕྱག་རྒྱ་དང་ཡེ་ཤེས་བསྲེ་བའི་དེ་ཁོ་ན་ཉིད་དོ། །གཉིས་པ་ལ་དྲུག ཇི་ལྟར་འདེབས་པའི་ཚུལ། དེ་ལྟར་བཏབ་པའི་ཕན་ཡོན། ཕྱག་རྒྱའི་ངེས་ཚིག འདེབས་བྱེད་རིགས་ཀྱི་བདག་པོ། གདབ་བྱ་དང་འདེབས་བྱེད་ཕན་ཚུན་མཚོན་པ། གདབ་བྱ་དང་འདེབས་བྱེད་རོ་གཅིག་པར་བྱ་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི། གདབ་བྱ། འདེབས་ཚུལ། དམ་ཚིག དམ་ཚིག་དང་འགལ་བའི་ཉེས་དམིགས་སོ། །སྦྱང་གཞི་དང་སྦྱོང་བྱེད་རིགས་དང་རིགས་བདག་ཏུ་འགྱུར་བའི་དེ་ཁོ་ན་ཉིད་ལ་གསུམ། འབྲས་བུ་རིགས་བདག་གི་གྲངས། སྦྱང་གཞི་རིགས་ཀྱི་དབྱེ་བ། རིགས་དང་རིགས་བདག་ཏུ་འགྱུར་བའི་ཚུལ་ལོ། །མཚོན་བྱེད་ལ་མཚོན་བྱའི་དེ་ཁོ་ན་ཉིད་ལ་བཞི། ཉམས་དེས་སྣང་སྟོང་ཟུང་འཇུག མདོ་རྒྱས་གཉིས་ཀྱིས་དེ་བཞིན་གཤེགས་པ་རིགས་དྲུག ལྷའི་མིང་དོན། བཅོམ་ལྡན་འདས་མཚོན་པའོ། །ཐབས་ལས་བྱུང་བ་གནས་སྐབས་ཀྱི་ཕན་ཡོན་ལ་ལྔ། ངག་ཏུ་བརྗོད་པ་སྔགས། རྐང་པའི་རྗེས་དཀྱིལ་འཁོར། ལག་པའི་བྱ་བ་ཕྱག་རྒྱ། སེམས་ཀྱིས་བསམ་པ་ཏིང་ངེ་འཛིན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཟའ་བར་འགྱུར་བའོ། །ལེའུ་ལྔ་པའོ།། །།རིམ་པ་གཉིས་ལ་གནས་པ་དེས་དྲོད་ཐོབ་ནས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྤྱོད་པ་ལ་གཉིས། སྤྱོད་པ་ཉིད་ཇི་ལྟར་བྱ་བ་དང༌། གྲོགས་ངོ་ཤེས་པར་བྱེད་པ་བརྡའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་ལྔ། སྤྱོད་པའི་དགོས་པ། རྒྱན། གོས། ཁ་ཟས། ལྷའི་རྣལ་འབྱོར། གྲོགས་བསྟན་པའོ། །རྒྱས་པར་བཤད་པ་ལ་གཉིས། སྤྱོད་པའི་སྔོན་དུ་འགྲོ་བ་དྲོད་དང༌། དྲོད་ཐོབ་ནས་སྤྱོད་པ་བྱ་བའི་ཚུལ་ལོ། །དེ་ལ་ལྔ། གང་གིས་སྤྱོད་པའི་གང་ཟག་གང་དང་སྤྱད་པའི་གྲོགས། རྒྱན་གྱི་རྣམ་དག ལྷའི་རྣལ་འབྱོར། ཇི་ལྟར་སྤྱོད་པའི་ཚུལ་ལོ། །གཉིས་པ་ལ་གསུམ། གྲོགས་ཀྱི་མཚན་ཉིད། ཇི་ལྟར་སྦྱང་བའི་ཐབས། བསྟེན་པའི་ཚུལ་ལོ། །དང་པོ་ལ་གསུམ། རྡོ་རྗེའི་རིགས་མཆོག་ཏུ་བསྟན་པ། ཡང་ན་རང་གི་ལྷའི་རིགས་དང་འབྲེལ་བ། རིགས་གཞན་ལའང་རུང་བའོ། །སྤྱོད་པ་དངོས་ལ་གཉིས། བསྟེན་པར་བྱ་བ་དགོས་པ་དང་བཅས་པ་བཟུང་བ་དང༌། དམ་ཚིག་དང་སྡོམ་པ་ལས་མི་འདའ་བར་སྤྱོད་པའོ། །དང་པོ་ལ་བཞི། དགོས་པ་དང་བཅས་པའི་གླུ་གར། བཟའ་བཏུང༌། རྒྱན་ཆ། ལག་ཆ་དེའི་དགོས་པ་དང་བཅས་པའོ། །དམ་ཚིག་དང་སྡོམ་པ་ལས་མི་འདའ་བར་སྤྱད་པ་ལ་བདུན། ཕྱིན་ཅི་ལོག་དྲུག་སྤང་བ། སྤྱོད་པའི་སྔོན་དུ་འགྲོ་བ། རྟོག་པ་དང་བྲལ་བའི་སྤྱོད་པ་དངོས། དངོས་གྲུབ་ཀྱི་རྒྱུ་བླ་མ་ལ་ཕྱག་འཚལ་བ། ལས་ཀྱི་དམ་ཚིག་ལས་གྲོལ་བ། འཇིགས་པ་དང་བྲལ་བས་ཀུན་ཏུ་སྤྱོད་པ། ཡེ་ཤེས་ཀྱི་དམ་ཚིག་སྙིང་རྗེ་དང་ལྡན་ཞིང་ཆང་གིས་བཟི་བར་མི་བྱ་བའོ། །ལེའུ་དྲུག་པའོ།། །།གྲོགས་ངོ་ཤེས་པར་བྱེད་པ་བརྡ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་གཉིས། ལུས་ཀྱི་བརྡ་དངོས་དང༌། བརྡས་མཚོན་པའི་གྲོགས་དང༌། འདུ་བའི་ཚུལ་ལོ། །དང་པོ་ལ་དྲུག བརྡའི་དགོས་པ། ཕྱག་རྒྱ་དང་ཕྱག་རྒྱའི་ལན། དམ་ཚིག་དང་ལྡན་མི་ལྡན་དབྱེ་བ། དམ་ཚིག་དང་ལྡན་པ་འདུ་བའི་བརྡ། འདུ་བའི་གནས་སྤྱིར་བསྟན་པ། དེའི་དུས་སུ་ཇི་ལྟར་བྱ་བའོ། །གཉིས་པ་ལ་གཉིས། དོན་སྟོན་པ་བསྙུན་གྱིས་བརྡ་དང༌། དོན་སྟོན་པ་མེད་པའི་བརྡའོ། །གྲོགས་དང་འདུ་ཚུལ་ལ་གསུམ། གང་དུ་འདུ་བའི་གནས། ནམ་འདུ་བའི་དུས། འདུས་པའི་བྱ་བའོ། །དང་པོ་ལ་གཉིས། ཞུས་ལན་གྱིས་མདོར་བསྟན་པ་དང༌། ཞུས་ལན་གྱིས་རྒྱས་པར་བཤད་པའོ། །དུས་ལ་གཉིས་དགོས་པ་དང་བཅས་པའི་བཤད་པར་དམ་བཅའ་བ་དང༌། ཞུས་ལན་གཉིས་ཀྱི་དོན་དངོས་སོ། །འདུས་པའི་བྱ་བ་ལ་གསུམ། ཚོགས་ཀྱི་ཡོ་བྱད། རིམ་པ་གཉིས་ཀྱི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར་དགོས་པ་དང་བཅས་པའོ། །གཉིས་པ་ལ་གཉིས། རྣལ་འབྱོར་གཉིས་ལ་བརྟེན་པའི་བསྐྱེད་རིམ་དང༌། ཧེ་རུ་ཀའི་ངེས་ཚིག་གི་རྫོགས་རིམ་གྱི་ཡེ་ཤེས་སོ། །དང་པོ་ལ་གཉིས། རྣལ་འབྱོར་དངོས་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། བདག་ཉིད་བསྒོམ་པའི་རྣལ་འབྱོར་དང༌། གཞན་ལ་བསྒོམ་པའི་རྣལ་འབྱོར་རོ། །ལེའུ་བདུན་པའོ།། །།རྣལ་འབྱོར་མ་དང་ལྷན་སྐྱེས་ཀྱི་དོན་བསྒོམ་པ་ལ་གཉིས། རྣལ་འབྱོར་མའི་འཁོར་ལོ་བསྒོམ་པ་དངོས་དང༌། དེའི་རྣམ་པར་དག་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་གསུམ། བསྐྱེད་པའི་རིམ་པ་བསྒོམ་ཚུལ། རིམ་པ་གཉིས་འབྲེལ་པ་ཅན་དུ་བསྒོམ་པ། རྫོགས་པའི་རིམ་པ་བསྒོམ་ཚུལ་ལོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པའོ། །དང་པོ་ལ་གཉིས། འབྱུང་བ་བཞི་ལས་གཞལ་ཡས་ཁང་བསྐྱེད་པ་དང༌། གདན་བསྒོམ་པའོ། །བརྟེན་པ་བསྐྱེད་པ་ལ་གསུམ། མངོན་བྱང་ལྔའི་སྐྱེད་ཆོག ལྷ་མོ་རྣམས་གསལ་གདབ་པ། ཁ་དོག་གི་སྒོ་ནས་ཞེན་པ་སྤང་བའོ། །དང་པོ་ལ་གཉིས། ལྷ་མོ་རྣམས་ཀྱི་མངོན་བྱང་དང༌། རྒྱུ་རྡོ་རྗེ་འཛིན་པའི་སྐྱེད་ཆོག་གོ །དང་པོ་ལ་གསུམ། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མངོན་བྱང༌། ལྟོས་པའི་མངོན་བྱང༌། ཡེ་ཤེས་ལྔ་དང་སྦྱར་བའོ། །རྒྱུ་རྡོ་རྗེ་འཛིན་པའི་སྐྱེད་ཆོག་ལ་གཉིས། གཙོ་བོ་མཉམ་སྦྱོར་ལས་བསྐྱེད་པ་དང༌། འཁོར་ཐབས་དང་ཤེས་རབ་ལས་བསྐྱེད་པའོ། །ལྷ་མོ་རྣམས་གསལ་གདབ་པ་ལ་བཞི། ཕྱོགས་གང་དུ་དགོད་པ། ལྷ་མོ་རྣམས་ཀྱི་རྣམ་པ། ཕྱག་མཚན་དང་གདན་གྱི་རྣམ་དག དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །རྫོགས་རིམ་བསྒོམ་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། ཇི་ལྟར་བསྒོམ་པའི་ཚུལ་དང༌། དེ་གདོན་མི་ཟ་བར་བསྒོམ་པར་གདམས་པའོ། །དང་པོ་ལ་གཉིས། ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཚུལ་དང༌། རང་བཞིན་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གསུམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་གཏན་ལ་དབབ་པ། དེ་རྟོགས་པར་བྱེད་པའི་ཐབས། ཐབས་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ། ལྷན་སྐྱེས་ཀྱི་དབྱེ་བ། ཡེ་ཤེས་དགའ་བ་བཞིའི་ཁྱད་པར་བྱེ་བྲག་ཏུ་ལྷན་ཅིག་སྐྱེས་པའི་ངོ་བོ་ངེས་པར་བྱ་བའོ། །གཉིས་པ་ལ་བཞི། དཔེ། ཉམས་མྱོང༌། རྣམ་རྟོག ངོ་བོས་དབྱེ་བའོ། །དེ་རྟོགས་པར་བྱེད་པའི་ཐབས་ལ་བཞི། ཐབས་གཞན་གྱིས་མི་རྟོགས་པ། རྟོགས་བྱེད་ཀྱི་ཐབས་སྤྱིར་བསྟན་པ། ཉམས་སུ་བླང་བའི་ཚུལ་དངོས། ཡེ་ཤེས་དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའོ། །གསུམ་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་སོ། །ཐབས་བསྒོམས་པའི་ཕན་ཡོན་ལ་གཉིས། བསོད་ནམས་ཆུང་བས་ཀྱང་འགྲུབ་པ་དང༌། གོམས་ན་རྒྱུན་མི་འཆད་པའོ། །རང་བཞིན་ལྷན་སྐྱེས་བསྒོམ་ཚུལ་ལ་གསུམ། ཉམས་སུ་བླང་བའི་ཚུལ། ཐམས་ཅད་ལ་ཁྱབ་པར་བསྒོམ་པ། དེ་ལ་རྩོད་པ་སྤང་བའོ། །དེ་ལ་གཉིས། འབད་པ་མེད་པར་གྲོལ་བར་ཐལ་བ་སྤང་བ་དང༌། འཁོར་བར་འགྱུར་དུ་མི་རུང་བ་སྤང་བའོ། །གདོན་མི་ཟ་བར་བསྒོམ་པར་གདམས་པ་ལ་གསུམ། བསྒོམས་པའི་ཕན་ཡོན། མ་བསྒོམས་པའི་ཉེས་དམིགས། རྒྱུན་མི་འཆད་དུ་བསྒོམ་པར་གདམས་པའོ། །དང་པོ་ལ་གཉིས། སྤང་བྱས་ཟིལ་གྱིས་མི་གནོན་པ་དང༌། ཐོབ་བྱ་ཐོབ་པའོ། །དེ་ལ་གསུམ། ཐོབ་བྱ་ཡེ་ཤེས་ཀྱི་ངོ་བོ། དཔེའི་ཡེ་ཤེས་སུ་བསྟན་པ། དེ་རྟོགས་པའི་གནས་སྐབས་ཀྱི་ཕན་ཡོན་ནོ། །དེ་ལ་གཉིས། འབྱུང་བའི་གནོད་པས་མི་རྫི་བ་དང༌། རྟོག་པས་མི་རྫི་བའོ། །ལེའུ་བརྒྱད་པའོ།། །།གཉིས་པ་དེའི་རྣམ་དག་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་བཞི། དེ་བཞིན་ཉིད་ཀྱི་དག་པ། ལྷ་སོ་སོའི་དག་པ། གློ་བུར་གྱི་དྲི་མ་སྦྱོང་བའི་འཐད་པ། རང་རིག་པའི་དག་པའོ། །རྒྱས་པར་བཤད་པ་ལ་གསུམ། དེ་བཞིན་ཉིད། ལྷ་སོ་སོ། རང་རིག་པའི་དག་པའོ། །དང་པོ་ལ་གསུམ། རང་བཞིན་གྱིས་དག་པས་སྦྱང་དུ་རུང་བ། གློ་བུར་གྱི་དྲི་མས་མ་དག་པར་སྣང་བ། དེ་སྦྱང་བའི་ཕྱིར་བསྟེན་བྱ་བསྟེན་ཚུལ་ལོ། །གཉིས་པ་ལ་གཉིས། ཞུས་ལན་གྱིས་མདོར་བསྟན་པ་དང༌། ཞུས་ལན་གྱིས་རྒྱས་པར་བཤད་པའོ། །ལྷ་སོ་སོའི་དག་པ་ལ་དྲུག ནང་གི་ལྷ་མོ་ལྔའི་དག་པ། ཕྱིའི་ཕྱོགས་གང་དུ་གང་དགོད་པ། ལྷ་མོ་དྲུག་གི་དག་པ། རྒྱུ་རྡོ་རྗེ་འཆང་གི་དག་པ། མཚམས་མ་བཞིའི་དག་པ། ནང་མ་ལྔའི་དག་པའོ། །ལེའུ་དགུ་པའོ།། །།སྤྱི་དོན་གཉིས་པ་སྨིན་པར་བྱེད་པ་ལ་གཉིས། ལས་དང་པོ་པ་སྨིན་པར་བྱེད་པ་དབང་དང༌། དེ་ལ་འཇུག་པར་བྱེད་པའི་ཐབས་ལྟ་སྟངས་སོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ལེའུའི་མིང་ངོ༌། །དངོས་ལ་གཉིས། དཀྱིལ་འཁོར་བྲི་ཞིང་དབང་བསྐུར་བའི་ཚུལ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཇི་ལྟར་བྲི་བ་དང༌། དེར་དབང་བསྐུར་ཚུལ་ལོ། །དང་པོ་ལ་གསུམ། བྲི་བའི་གནས། རྡུལ་ཚོན། ཚད་བསྟན་པའོ། །དང་པོ་ལ་གཉིས། ས་སྦྱང་བ་དང༌། གནས་ཀྱི་མཚན་ཉིད་དོ། །དེར་དབང་བསྐུར་ཚུལ་ལ་གསུམ། དཀྱིལ་འཁོར་བསྒྲུབ་པའི་རྟེན་རིག་མ་གཞུག་པ། གསང་བའི་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ལ་གསུམ། དབང་གི་རྟེན་ཤེས་རབ། དེ་ལས་སྐྱེས་པའི་ཡེ་ཤེས་ངེས་པར་བྱ་བ། དེ་གོམས་པས་འབྲས་བུ་འགྲུབ་པའི་རྟགས་སོ། །གཉིས་པ་ལ་བཞི། ཡེ་ཤེས་ཀྱི་མཚན་ཉིད། དེ་ལ་ལོག་རྟོག་དགག་པ། དགའ་བ་བཞིའི་གོ་རིམ། བྱེ་བྲག་ཏུ་ལྷན་སྐྱེས་ལ་ཐེ་ཚོམ་བསལ་བའོ། །དེ་ལ་གཉིས། ཇི་ལྟར་ཐེ་ཚོམ་སྐྱེས་པ་དང༌། དེ་བསལ་བའོ། །དེ་ཉིད་རྒྱས་པར་བཤད་པ་ལ་གཉིས། དཀྱིལ་འཁོར་གྱི་བྱ་བ་དང༌། དེར་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་བདུན། དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ། བུམ་པ་བཤམ་པ། ཐིག་གདབ་པ། སྔོན་དུ་བསྙེན་པ། སའི་ཆོ་ག དབང་གི་རྣམ་གཞག་སྤྱིར་བསྟན་པ། མཚན་མ་དགོད་པའོ། །འཇུག་ཅིང་དབང་བསྐུར་བ་ལ་གཉིས། སློབ་དཔོན་རང་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དེ་ལ་གཉིས། ཚིག་གི་བཞི་པས་ངོ་སྤྲད་པ་དང༌། དེའི་ངོ་བོ་གཏན་ལ་དབབ་པའོ། །དེ་ལ་གསུམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན། དེ་རྟོགས་པའི་འབྲས་བུ་ཟུང་འཇུག དེ་ལམ་དང་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའོ། །དང་པོ་ལ་གཉིས། ཞུ་བདེ་ལྷན་སྐྱེས་དང༌། རང་བཞིན་ལྷན་སྐྱེས་སོ། །དང་པོ་ལ་བཞི། ཡེ་ཤེས་ཀྱི་མཚན་ཉིད། འབྱུང་བ་ལ་བརྟེན་ནས་སྐྱེ་བའི་ཚུལ། དེ་དཔེའི་ཡེ་ཤེས་སུ་བསྟན་པ། ལྷན་སྐྱེས་ཀྱི་ངེས་ཚིག་གོ །གཉིས་པ་ལ་གཉིས། ཞུས་ལན་གྱིས་གནས་ལུགས་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་དང༌། ཞུས་ལན་གྱིས་སྐྱེ་ཚུལ་འབྱུང་བའི་གོ་རིམ་ཅན་དུ་བསྟན་པའོ། །ལེའུ་བཅུ་པའོ།། །།དེ་ལ་འཇུག་པར་བྱེད་པའི་ཐབས་ལྟ་སྟངས་ལ་གཉིས། ལྟ་སྟངས་ཉིད་ཇི་ལྟར་བྱ་བ་དང༌། ཞར་ལ་བྱུང་བ་ལྷའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། ལྟ་སྟངས་དངོས། དེའི་དགོས་པ། དེ་དུས་ཀྱི་དམ་ཚིག་གོ །དང་པོ་ལ་བཞི། སོ་སོའི་མཚན་ཉིད། རླུང་ལ་སྦྱར་བ། གྲུབ་པའི་རྟགས། འགྲུབ་པའི་དུས་སོ། །དམ་ཚིག་ལ་གཉིས། བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་གོ །དེ་ལ་གཉིས། རྒྱུན་གྱི་བཟའ་བ་དང༌། དངོས་གྲུབ་ཀྱི་རྒྱུ་སྐྱེ་བ་བདུན་པའོ། །ལྷའི་རྣལ་འབྱོར་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས། ལྷའི་སྐྱེད་ཆོག་དང༌། དེའི་ཕན་ཡོན་ནོ། །དེ་ལ་གཉིས། རབ་བསམ་གཏན་གྱིས་འགྲུབ་པ་དང༌། འབྲིང་བསྙེན་པས་འགྲུབ་པའོ། །བརྟག་པ་དང་པོའི་བསྡུས་དོན་རྫོགས་སོ།། །།སྤྱི་དོན་གཉིས་པ་དེ་གསལ་བར་བྱེད་པའི་རྒྱུད་ཕྱི་མ་ལ་གཉིས། དོན་དངོས་དང༌། མཚན་སྨོས་པའོ། །དང་པོ་ལ་ལེའུ་བཅུ་གཉིས་སུ་གནས་པ་ལས། ལེའུ་དང་པོ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གཉིས། རབ་གནས་དང༌། སྦྱིན་སྲེག་གོ །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། ཆོ་གའི་རིམ་པ། སློབ་དཔོན་གྱི་མཚན་ཉིད། མཆོད་པའི་བྱ་བའོ། །སྦྱིན་སྲེག་ལ་དྲུག ཐབ་ཁུང༌། བསྲེག་རྫས། མེ་ལྷ་སྤྱན་དྲང་བ། སའི་ལྷ་མོ་མཁྱེན་པར་གསོལ་བ། མེ་ལྷ་གཤེགས་སུ་གསོལ་བ། མཆོད་པའི་སྔགས་སོ། །དང་པོ་ལ་གསུམ། དབྱིབས། ཚད། ཁ་དོག་གོ །ལེའུ་དང་པོའོ།། །།ལེའུ་གཉིས་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་བཞི། བསྐྱེད་རིམ། སྤྱོད་པ། ཉེ་རྒྱུ། རིམ་པ་གཉིས་ཀྱི་རྣམ་གཞག་གོ །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། ལས་དང་པོ་པས་ཉམས་སུ་བླང་ཚུལ་དང༌། བརྟན་པ་ཐོབ་པས་ཉམས་སུ་བླང་ཚུལ་ལོ། །དང་པོ་ལ་བཞི། གནས། དུས། བསམ་པ། རྣལ་འབྱོར་རོ། །བརྟན་པ་ཐོབ་པས་ཉམས་སུ་བླང་ཚུལ་ལ་གསུམ། དུས། གང་ཟག རྣལ་འབྱོར་རོ། །དེ་ལ་གཉིས། བསྒོམ་བྱ་དངོས་དང༌། གཞན་པས་མི་འགྲུབ་པའོ། །སྤྱོད་པ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས། སྤྱོད་པའི་སྔོན་དུ་འགྲོ་བ་དྲོད་དང༌། དྲོད་ཐོབ་ནས་སྤྱོད་པ་ཇི་ལྟར་སྤྱད་པའོ། །དང་པོ་ལ་ལྔ། དྲོད་ཆུང་ངུ་བརྟན་པར་བྱེད་པའི་ཐབས། ཆེ་འབྲིང་ཐོབ་པར་བྱེད་པའི་ཐབས། དྲོད་ཐོབ་པའི་རྟགས། སྤྱོད་པའི་ཕན་ཡོན། དྲོད་ཐོབ་པའི་ཚུལ་ལོ། །དང་པོ་ལ་གཉིས། དུས་དང༌། ཐབས་ཀྱི་ངོ་བོའོ། །རྟགས་ལ་གཉིས། ཆུང་ངུའི་རྟགས་དང༌། །ཆེ་འབྲིང་གི་རྟགས་སོ། །ཕན་ཡོན་ལ་གཉིས། སྒྲིབ་པ་ཤས་ཆེ་བས་ཀྱང་འགྲུབ་པ་དང༌། སྦྱངས་པས་མྱུར་དུ་འགྲུབ་པའོ། །སྤྱོད་པ་ཇི་ལྟར་སྤྱད་པ་ལ་གསུམ། ཀུན་འདར་གྱི་སྤྱོད་པ། ཀུན་ཏུ་བཟང་པོའི་སྤྱོད་པ། ཀུན་འདར་སྤྱད་པའི་དགོས་པའོ། །དང་པོ་ལ་གཉིས། ཇི་སྲིད་སྤྱད་པའི་དུས་དང༌། གྲོགས་ལུང་བསྟན་པའི་ཕྱག་རྒྱའོ། །དེ་ལ་གསུམ། ལུང་བསྟན་པའི་ཚུལ། དེའི་མཚན་ཉིད། དེ་ཇི་ལྟར་སྦྱང་བའོ། །ཀུན་བཟང་གི་སྤྱོད་པ་ལ་གཉིས། ཇི་སྲིད་སྤྱད་པའི་དུས་དང༌། གང་དང་སྤྱད་པའི་གྲོགས་སོ། །དེ་ལ་གཉིས། མཆོག་ཐོབ་པ་དང༌། ནུས་པས་བཀུག་པའོ། །ཉེ་རྒྱུ་ལ་གཉིས། ཞུས་ལན་གཉིས་ཀྱིས་ཕྱག་རྒྱ་གཉིས་ཀྱི་དངོས་གྲུབ་ལ་ཐེ་ཚོམ་བསལ་བ་དང༌། འབྲས་བུ་འགྲུབ་པའི་ཚུལ་ལོ། །དེ་ལ་གཉིས། མི་གནས་པའི་མྱ་ངན་ལས་འདས་པ་དང༌། དེ་ལ་ཐེ་ཚོམ་བསལ་བའོ། །རིམ་པ་གཉིས་ཀྱི་རྣམ་གཞག་ལ་གསུམ། བསྒོམ་བྱ་རིམ་གཉིས་ཀྱི་རང་བཞིན། འབྲེལ་བར་བསྒོམ་པའི་འཐད་པ། གྲོལ་བའི་རྒྱུ་མཚན་ནོ། །དང་པོ་ལ་བཞི། བསྒོམ་པའི་གོ་རིམ། དེ་ཡི་ཡེ་ཤེས་ཟུང་དུ་འཇུག་པ། དེ་གང་ལས་བྱུང་བའི་དབང༌། ཡེ་ཤེས་དེ་ཐམས་ཅད་ཀྱི་དག་ཉིད་དུ་བསྟན་པའོ། །འབྲེལ་བར་བསྒོམ་པའི་འཐད་པ་ལ་གཉིས། ཞུས་པ་དང་ལན་གཉིས་ཀྱིས་རང་གི་ངོ་བོ་རྟེན་དང་བརྟེན་པ། ཐོབ་བྱ་འབྲས་བུ་གཉིས་ཡིན་པའོ། །དེ་ལ་གསུམ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །གཉིས་པ་ལ་གཉིས། རྟེན་རྣམ་པར་དག་པ་དང༌། བརྟེན་པ་སྐུའི་རྣམ་གཞག་གོ །དེ་ལ་གཉིས། ཆོས་སྐུ་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་དང༌། གཟུགས་སྐུ་མཚན་དཔེའི་རྣམ་པ་ཅན་ནོ། །གྲོལ་བའི་རྒྱུ་མཚན་ལ་གསུམ། དག་པ་གསུམ་གྱི་རང་བཞིན་ཡིན་པ། ཐབས་ཁྱད་པར་ཅན་གྱིས་ཟིན་པ། རིགས་དང་རིགས་བདག་ཡིན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །ཐབས་ཁྱད་པར་ཅན་གྱིས་ཟིན་པ་ལ་གཉིས། ཐབས་ཀྱི་ངོ་བོ་དང༌། གཞན་གྱིས་མི་ཤེས་པ་བསྟན་པའོ། །དང་པོ་ལ་བཞི། རིགས་འདྲ། བཟློག་པ། སྦམས་པ། བསྣན་པ་གཉེན་པོར་ཆེ་བའོ། །རིགས་དང་རིགས་བདག་ཡིན་པ་ལ་གཉིས། རིགས་དང་རིགས་བདག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་སྦྱར་བ་དང༌། རིགས་ཀྱི་དབྱེ་བསྡུའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །ལེའུ་གཉིས་པའོ།། །།ལེའུ་གསུམ་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གཉིས། ལུས་རྣམ་གཞག་པ་དང༌། ཡན་ལག་རྒྱས་བཤད་དོ། །དེ་ལ་ལྔ། སྡོམ་པའི་རབ་ཏུ་དབྱེ་བ་དབང་གི་དོན་སྤྱོད་པའི་རྣམ་གཞག དབང་པོའི་རྣམ་དག་ངག་གི་བརྡའོ། །དང་པོ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དེ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། ཤེས་པར་བྱ་བ་སྡོམ་པའི་རྣམ་གཞག ཤེས་པར་བྱེད་པའི་ཐབས་དབང༌། དེས་དྲི་མ་བཞི་སྦྱོང་བའི་ཚུལ་ལོ། །དང་པོ་ལ་གསུམ། གང་དུ་སྐྱེ་བའི་གནས། ཇི་ལྟར་སྐྱེ་བའི་གོ་རིམ། དགའ་བ་བཞི་དང་སྦྱར་བའོ། །གཉིས་པ་ལ་གསུམ། མདོར་བསྟན་རྒྱས་བཤད། ཤིན་ཏུ་རྒྱས་བཤད་དོ། །དབང་གི་དོན་ལ་གསུམ། དབང་དངོས། དེའི་དམ་ཚིག དབང་གི་ཡེ་ཤེས་སོ། །དང་པོ་ལ་གསུམ། དབང་གི་དགོས་པ། ངེས་པའི་ཚིག སོ་སོའི་མཚན་ཉིད་དོ། །དེ་ལ་བཞི། རྡོ་རྗེ་སློབ་དཔོན། གསང་བ། ཤེས་རབ་ཡེ་ཤེས། དབང་བཞི་པའོ། །གསུམ་པ་ལ་གསུམ། ཤེས་རབ་གཏད་པ། སློབ་མའི་བྱ་བ། ཡེ་ཤེས་སྐྱེ་བའི་དུས་སོ། །གཉིས་པ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དེ་ལ་གཉིས། གསོལ་བ་གདབ་པ་དང༌། མཆོད་པའོ། །དབང་བཞི་པ་ལ་གསུམ། ལམ་དུ་བྱེད་པའི་བཞི་པ། ཚིག་གི་བཞི་པ། མངོན་དུ་བྱེད་པའི་ཐབས་སོ། །དེ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དེ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། ཐབས་ཀྱི་ངེས་ཚིག་དང༌། ཐབས་དངོས་སོ། །དམ་ཚིག་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། སྒྲ་ཇི་བཞིན་པ་དང༌། ཇི་བཞིན་མ་ཡིན་པའོ། །དབང་གི་ཡེ་ཤེས་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། ཆོས་ཅན་སྣ་ཚོགས། ཆོས་ཉིད་སྐྱེ་མེད། ངོ་བོ་ཟུང་འཇུག་གོ །དེ་ལ་གཉིས། སྣང་ལ་རང་བཞིན་མེད་པ་དང༌། རྟེན་འབྲེལ་ལོ། །སྤྱོད་པ་ལ་བཞི། མཆོད་པས་མཉེས་པར་བྱ་བ། དོན་ཟབ་མོ་མཉན་པར་གདམས་པ། གུས་པས་མཉན་པའི་ཚུལ། སྤྱོད་པ་དངོས། ཇི་ལྟར་བྱ་བའོ། །དབང་པོའི་རྣམ་དག་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། དག་པ་དངོས་དང༌། དེའི་ཕན་ཡོན་ནོ། །ངག་གི་བརྡ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། བརྡ་དངོས་དང༌། དེ་གཟུང་བར་གདམས་པའོ། །དང་པོ་ལ་གཉིས། ཚོགས་ཀྱི་འཁོར་ལོ་ལ་ཉེ་བར་མཁོ་བའི་བརྡ་དང༌། དཀྱིལ་འཁོར་འཁོར་ལོའི་བརྡའོ། །བརྡ་གཟུང་བར་གདམས་པ་ལ་གཉིས། གུས་པ་བསྐྱེད་པར་གདམས་པ་དང༌། མ་བཟུང་བའི་ཉེས་དམིགས་སོ། །ལེའུ་གསུམ་པའོ།། །།ལེའུ་བཞི་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། ཞུས་པ་དང་རྗེས་སུ་འབྲེལ་བའི་ལན་དང༌། བརྟག་པ་དང་པོ་དང་འདས་མ་ཐག་པའི་ཐུན་མོང་གི་གསལ་བྱེད་དོ། །དང་པོ་ལ་བཞི། གླུ་གར་ཇི་ལྟར་བྱ་བ། ཕྱག་རྒྱའི་དོན། ལྷ་མོ་རྣམས་ཀྱི་ས་བོན། རྫོགས་རིམ་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། གླུ་གར་དངོས། ལྷའི་རྣལ་འབྱོར། ཕན་ཡོན། དངོས་གྲུབ་ཀྱི་རྟགས་སོ། །ཕྱག་རྒྱའི་དོན་ལ་གསུམ། ཕྱག་རྒྱའི་དགོས་པ། རྒྱས་མ་བཏབ་པའི་ཉེས་དམིགས། གང་གིས་གང་ལ་རྒྱས་འདེབས་པའི་ཚུལ་ལོ། །རྫོགས་རིམ་རྒྱས་པར་བཤད་པ་ལ་གསུམ། ཡེ་ཤེས་ཀྱི་རྟེན། དཀྱིལ་འཁོར་གྱི་རྣམ་དག ཞུས་པ་དང༌། ལན་གཉིས་ཀྱིས་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མི་སྤང་བ། དེ་མངོན་དུ་བྱེད་པའི་ཐབས་སོ། །དང་པོ་ལ་གསུམ། རྩ་རྣམས་ལྷ་མོ་བཅོ་ལྔའི་ངོ་བོར་དག་པ། བཅུ་དྲུག་པ་མ་བསྟན་པའི་རྒྱུ་མཚན། དེ་ཉིད་ཡབ་ཀྱི་ངོ་བོར་དག་པའོ། །མངོན་དུ་བྱེད་པའི་ཐབས་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། མདོར་བསྟན། རྒྱས་བཤད། སྡོམ་པའི་དབྱེ་བས་ཤིན་ཏུ་རྒྱས་བཤད་དོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་འཁོར་ལ་དང༌། རང་བྱིན་བརླབ་བོ། །དང་པོ་ལ་ལྔ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་གནས། ཡེ་ཤེས་བདེན་པ་གཉིས་ཀྱི་རྣམ་གཞག རྟེན་ལས་ཀྱི་ཕྱག་རྒྱའི་མཚན་ཉིད། དེ་བསྟེན་པའི་ཐབས། བྱང་སེམས་མི་ཉམས་པར་བྱ་བ་འཐད་པ་དང་བཅས་པའོ། །རང་བྱིན་བརླབ་ལ་ལྔ། དོན་དམ་བྱང་ཆུབ་སེམས་ཀྱི་གནས། ནང་གི་ཕྱག་རྒྱའི་མཚན་ཉིད། དེའི་བདེ་བ་ལ་ལོངས་སྤྱད་པ། མདོར་རྒྱས་གཉིས་ཀྱིས་དངོས་གྲུབ་ཀྱི་རྒྱུར་ཡུལ་དྲུག་ལ་རྒྱས་གདབ་པ། རང་བྱུང་གི་ཡེ་ཤེས་ཉིད་གཏན་ལ་དབབ་པའོ། །དེ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །གསུམ་པ་སྡོམ་པའི་རབ་ཏུ་དབྱེ་བ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དེ་ལ་གསུམ། སྙོམས་འཇུག་གི་ཐབས་ནང་དུ་གཞག་པ། འཁོར་ལོ་བཞི་ལ་ཆོས་ཐམས་ཅད་གཞག་པ། སེམས་ཅན་རྣམས་སངས་རྒྱས་སུ་བསྟན་པའོ། །གཉིས་པ་ལ་གསུམ། འཁོར་ལོ་རྣམས་ལ་སྐུ་གསུམ་དུ་གཞག་པ། འབྲས་བུ་བཞིར་གཞག་པ། སྡེ་པ་བཞིར་གཞག་པའོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། ཤིན་ཏུ་རྒྱས་བཤད་དོ། །འབྲས་བུ་བཞིར་གཞག་པ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །སེམས་ཅན་རྣམས་སངས་རྒྱས་སུ་བསྟན་པ་ལ་གཉིས། ཆོས་ཅན་འདྲ་བ་དང༌། ཆོས་ཉིད་དབྱེར་མེད་པས་སངས་རྒྱས་སུ་བསྟན་པའོ། །དང་པོ་ལ་གཉིས། ཆོས་མཐུན་སྦྱར་བ་དང༌། དེ་ལ་ལྷ་མོ་ངོ་མཚར་བས་བརྒྱལ་བའོ། །ཆོས་ཉིད་དབྱེར་མེད་པ་ལ་གཉིས། བརྒྱལ་བ་བསླངས་ནས་མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། གསུངས་པ་དང་མཐུན་པར་བསྔགས་པ་གཉིས་ཀྱིས་རང་བཞིན་སངས་རྒྱས་ཡིན་ཡང་གནས་སྐབས་སེམས་ཅན་དུ་མི་འགལ་བ་དང༌། བཅིངས་པ་དང་གྲོལ་བའི་ཁྱད་པར་གཞག་པའོ། །དེ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དེ་ལ་ལྔ། སེམས་ཀྱི་རང་བཞིན་སངས་རྒྱས་སུ་བསྟན་པ། སེམས་ལས་ཕྱི་རོལ་ན་སངས་རྒྱས་མེད་པ། གྲོལ་བྱེད་ཀྱི་ལམ་ཤེས་པའི་ཕན་ཡོན། མི་ཤེས་པའི་ཉེས་དམིགས། ལམ་གྱི་རང་བཞིན་དང་འབྲས་བུའོ། །ཐུན་མོང་གི་གསལ་བྱེད་ལ་བཞི། ལྷ་མོ་བརྒྱད་ཀྱི་རིགས་བདག་ལ་ཐེ་ཚོམ་བསལ་བ། གཏོར་མའི་ཆོ་ག ཞུས་ལན་གྱིས་ལྷ་མོ་གསུམ་གྱི་རིགས་བདག འདེབས་བྱེད་རིགས་བདག་གི་དབྱེ་བསྡུའོ། །དང་པོ་ལ་གཉིས། མཚམས་མ་བཞིའི་རིགས་བདག་ལ་ཞུས་ལན་དང༌། ཕྱོགས་མ་བཞི་དེ་དང་མཚུངས་པའོ། །གཏོར་མ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། ཇི་ལྟར་གསུངས་པའི་ཚུལ་དགོས་པ་དང་བཅས་པ། གང་གསུངས་པའི་སྔགས་དངོས། གནས་སྐབས་ཀྱི་ཕན་ཡོན་ནོ། །རིགས་བདག་གི་དབྱེ་བསྡུ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །ལེའུ་བཞི་པའོ།། །།ལེའུ་ལྔ་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དང་པོ་ལ་གསུམ། སྐུ་མངོན་པར་འབྱུང་བ་བསྐྱེད་རིམ། གསུང་མངོན་འབྱུང་རྩ་བའི་སྔགས། ཐུགས་མངོན་འབྱུང་དབང་གི་ཡེ་ཤེས་སོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་དང༌། གང་གསུངས་པའི་དོན་ནོ། །དེ་ལ་གཉིས། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པའོ། །དེ་ལ་གསུམ། དཀྲོངས་བསྐྱེད། ས་བོན་ལས་བསྐྱེད་པ། ཐུན་མོང་གི་ཆོས་སོ། །དང་པོ་ལ་བཞི། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། འཁོར་གྱི་ལྷ་མོ་དབྱུང་བ། ཞུ་བ་ལ་གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའོ། །ས་བོན་ལས་བསྐྱེད་པ་ལ་གསུམ། རྒྱུ་རྡོ་རྗེ་འཛིན་པའི་ས་བོན། ལྷ་མོ་རྣམས་ཀྱི་ས་བོན། འབྲས་བུ་རྡོ་རྗེ་འཛིན་པའི་ས་བོན་ནོ། །ཐུན་མོང་གི་ཆོས་ལ་གསུམ། ལྷ་མོ་རྣམས་ཀྱི་ཕྱག་མཚན། ཁ་དོག་གདན་ནོ། །གཞལ་ཡས་གདན་དང་རྒྱུ་ཡི་གཙོ། །ས་བོན་ཕྱོགས་དང་ཕྱག་མཚན་མདོག །གླུས་བསྐུལ་ས་བོན་འབྲས་བུ་བཞེངས། །ཕྱག་མཚན་ཉམས་དགུ་འཁྲུགས་ཅན་གྱིའོ། །གསུང་མངོན་འབྱུང་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། མཉན་པར་གདམས་པ། ཆེ་བ་བརྗོད་པ། དོན་དངོས་སོ། །དེ་ལ་གསུམ། སྔོན་བྱུང་གི་རྣམ་འཕྲུལ། རྗེས་འཇུག་གིས་ཇི་ལྟར་བསྒྲུབ་པ། སྔགས་དངོས་ཚིགས་སུ་བཅད་པས་བཏུ་བའོ། །ཐུགས་མངོན་འབྱུང་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། དཀྱིལ་འཁོར་གྱི་བྱ་བ། དེར་སློབ་མ་གཞུག་པ། དབང་བསྐུར་བའོ། །དང་པོ་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་དང༌། གང་གསུངས་པའི་དོན་ནོ། །དེ་ལ་ལྔ། དཀྱིལ་འཁོར་གྱི་མཚན་ཉིད། རྡུལ་ཚོན། མཚན་མ་དགོད་པ། བུམ་པ་དབུལ་བ། དཀྱིལ་འཁོར་བསྒྲུབ་པའི་རྟེན་རིག་མ་བསྟེན་པའོ། །བཞི་པ་ལ་གཉིས། བུམ་པ་བཤམ་ཚུལ་དང༌། རྒྱས་པར་གཞན་དུ་ཤེས་པར་བྱ་བའོ། །རིག་མ་བསྟེན་ཚུལ་ལ་གཉིས་དང༌། གང་བསྟེན་པའི་རིག་མ་དང༌། ཇི་ལྟར་བསྟེན་པའི་ཚུལ་ལོ། །དང་པོ་ལ་གཉིས། མཚན་ཉིད་དང༌། རབ་ཏུ་དབྱེ་བའོ། །གཉིས་པ་བསྟེན་ཚུལ་ལ་གསུམ། བསྟེན་ཚུལ་མདོར་བསྟན་པ། བསྟེན་པའི་བྱ་བ། བསྟེན་ཚུལ་རྒྱས་བཤད་དོ། །དབང་བསྐུར་བ་ལ་གསུམ། དབང་སྤྱིར་བསྟན་པ། ཚིག་གི་བཞི་པ། ཤེས་རབ་ཡེ་ཤེས་རྒྱས་པར་བཤད་པའོ། །དེ་ལ་གསུམ། ཡེ་ཤེས་སྐྱེ་བའི་དུས། ཞུས་ལན་གཉིས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་མ་ནིང་གི་དབང་ངོ༌། །དེ་ལ་གཉིས། ཇི་ལྟར་བྱ་བའི་ཐབས་དང༌། དེ་ལས་བྱུང་བའི་ཡེ་ཤེས་བརྗོད་བྲལ་དུ་བསྟན་པའོ། །ལེའུ་ལྔ་པའོ།། །།ལེའུ་དྲུག་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གཉིས། ཕྱག་རྒྱའི་དགོས་པ་དང༌། བྲིས་སྐུའི་ཆོ་གའོ། །དང་པོ་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་དང༌། གང་གསུངས་པའི་དོན་ནོ། །བྲིས་སྐུ་ལ་གཉིས། མཆོད་ནས་ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། གང་གིས་བྲི་བའི་གང་ཟག གང་བྲི་བའི་རྣམ་པ། ཇི་ལྟར་བྲི་བའི་ཚུལ་ལོ། །དེ་ལ་ལྔ། བྲི་བའི་རྐྱེན་ཚོན་དང་པིར། བྲི་བའི་གཞི་རས། ནམ་བྲི་བའི་དུས། ཆོ་གའི་རིམ་པ། གྲོགས་དང་ལྷན་ཅིག་དྲི་བའོ། །ལེའུ་དྲུག་པའོ།། །།ལེའུ་བདུན་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གཉིས། མི་འབྲལ་བའི་དམ་ཚིག་གླེགས་བམ་དང༌། བཟའ་བའི་དམ་ཚིག་ཚོགས་ཀྱི་འཁོར་ལོའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གསུམ། ཇི་ལྟར་བྲི་བའི་ཚུལ། གང་ལ་བསྟན་པ་དང་མི་བསྟན་པའི་བྱེ་བྲག ལམ་དུ་ཇི་ལྟར་བཟུང་བའོ། །ཚོགས་ཀྱི་འཁོར་ལོ་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་དང༌། གང་གསུངས་པའི་དོན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། དགོས་པ་དང༌། ཇི་ལྟར་བྱ་བའོ། །དེ་ལ་དྲུག གང་དུ་བྱ་བའི་གནས། དེའི་དུས་ཀྱི་གདན། ཇི་ལྟར་འཁོད་པའི་ཚུལ། གང་བསྟེན་པའི་བཟའ་བ། ཚིམ་པ་དྲུག་པ་ཕན་ཡོན་དང༌། བཅས་པ། བླ་མ་ལ་རིམ་གྲོ་བྱ་བའི་ཚུལ་ལོ། །ལེའུ་བདུན་པའོ།། །།ལེའུ་བརྒྱད་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གསུམ། པད་མ་ཅན་གྱི་མཚན་ཉིད། སྨོན་ལམ་ཇི་ལྟར་གདབ་པ། སྐལ་བ་མེད་པ་རིམ་གྱིས་འཇུག་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལེན་ནོ། །དེ་ལ་གསུམ། ལུས་དང་སྤྱོད་ལམ་གྱི་མཚན་ཉིད། དེའི་མིང༌། བསྟེན་པའི་ཕན་ཡོན་ནོ། །སྨོན་ལམ་ལ་གཉིས། ཞུས་པ་དང༌། ལན་ནོ། །རིམ་གྱིས་འཇུག་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། ཇི་ལྟར་བསླབ་པའི་རིམ་པ་དང༌། དེ་ལྟར་བསླབས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། ཐུན་མོང་གི་ཐེག་པ་ལ་བསླབ་པ་དང༌། ཐུན་མོང་མ་ཡིན་པའི་ཐེག་པ་ལ་བསླབ་པའོ། །དང་པོ་ལ་གཉིས། སྤྱོད་པ་རིམ་པ་ཅན་དང༌། ལྟ་བ་རིམ་པ་ཅན་ནོ། །ལེའུ་བརྒྱད་པའོ།། །།ལེའུ་དགུ་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གསུམ། མངོན་སྤྱོད་ཀྱི་ཕྲིན་ལས། ལྷའི་རྣམ་དག སྔགས་བཏུ་བའོ། །དང་པོ་ལ་གཉིས། ཁ་སྦྱོར་འབྱེད་པ་དང༌། རྡོ་རྗེ་མེ་ཁབ་བོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་ལྔ་ཏིང་ངེ་འཛིན་གྱི་ལས་སུ་བསྟན་པ། ཆོ་ག་དངོས། བསྒྲལ་བའི་ཡུལ། སྔོན་དུ་འགྲོ་བའི་བྱ་བ། བསམ་པའི་ཁྱད་པར་རོ། །རྡོ་རྗེ་མེ་ཁབ་ལ་གཉིས། ཆོ་ག་དངོས་དང༌། ཏིང་ངེ་འཛིན་གྱི་ལས་སུ་བསྟན་པའོ། །རྣམ་དག་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གསུམ། ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་ཁྱད་པར། ཕན་ཡོན་དང་བཅས་ཏེ་མཉན་པར་གདམས་པ། རྣམ་དག་དངོས་སོ། །སྔགས་བཏུ་བ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། །དོན་དངོས་སོ། །དེ་ལ་བདུན། ལས་ཀྱི་སྔགས་བདུན། ཀུ་རུ་ཀུལླེ། ཧེ་རུ་ཀ་བཞི། གྲོང་ཁྱེར་དཀྲུག་པ། ས་སྦྱང་བ། ཁ་ཟས་བྱིན་གྱིས་བརླབ་པ། གཏོར་མའི་སྔགས་སོ། །ལེའུ་དགུ་པའོ།། །།ལེའུ་བཅུ་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གཉིས། བཟླས་པའི་ཡུལ་ཕྲེང་བ་དང༌། དེའི་དུས་ཀྱི་ཁ་ཟས་སོ། །དང་པོ་ལ་གཉིས། མཚམས་སྦྱར་བ་དང༌། ཕྲེང་བའི་རྒྱུའོ། །བཟའ་བ་ལ་གཉིས། ལས་སོ་སོའི་བཟའ་བ་དང༌། ཐུན་མོང་གི་བཟའ་བའོ། །ལེའུ་བཅུ་པའོ།། །།ལེའུ་བཅུ་གཅིག་པ་ལ་གཉིས། དོན་དངོས་དང༌། ལེའུའི་མིང་ངོ༌། །དངོས་ལ་གཉིས། རྒྱུའི་རྒྱུད་རིགས་ལ་ལྟོས་པ་དང༌། ཕྱག་རྒྱ་བསྟེན་པའི་ཚུལ་ལོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གསུམ། མཚན་མའི་རྟགས། ཁ་དོག་གི་རྟགས། སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ །ཕྱག་རྒྱ་བསྟེན་པའི་ཚུལ་ལ་གཉིས། མཆོད་པས་མཉེས་ཏེ་མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གསུམ། གང་དུ་བསྟེན་པའི་གནས། ཇི་ལྟར་བསྟེན་པའི་ཚུལ། བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་རིམ་གྲོའོ། །ལེའུ་བཅུ་གཅིག་པའོ།། །།ལེའུ་བཅུ་གཉིས་པ་ལ་གསུམ། དབང་བཞིའི་དོན། མཁའ་གསང་བྱིན་གྱིས་བརླབ་པའི་སྔགས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དངོས་ལ་གཉིས། མཚམས་སྦྱར་བ་དང༌། སོ་སོའི་དོན་ནོ། །དེ་ལ་བཞི། བུམ་དབང༌། གསང་དབང༌། ཤེས་རབ། ཡེ་ཤེས། དབང་བཞི་པའོ། །ལེའུ་བཅུ་གཉིས་པའོ།། །།བརྟག་པ་རྣམ་པ་གཉིས་ལྡན་ཞིང༌། །ལེའུ་ཉི་ཤུ་རྩ་གསུམ་པ། །ཚིགས་བཅད་བདུན་བརྒྱ་ལྔ་བཅུ་པའི། །བསྡུས་དོན་རྫོགས་པར་བསྟན་ཟིན་ཏོ།། །།རྣལ་འབྱོར་བླ་མ་གཉིས་སུ་མེད་རྒྱུད་ཀྱེ་ཡི་རྡོ་རྗེ་བསྡུས་པའི་དོན། །བླ་མ་རྣམས་ཀྱིས་གསལ་བར་མཛད་ཕྱིར་བདག་གིས་ལྷག་པར་ཅི་བྱར་ཡོད། །དེ་ལྟ་མོད་ཀྱིས་བློ་དམན་རྣམས་ཀྱིས་གཟུང་སླའི་དོན་དུ་ཆེས་ཉུང་བར། །སྦྱར་བ་འདི་ལ་བདག་བློའི་ཉེས་གང་དེ་ལ་བླ་མའི་ཚོགས་བཟོད་མཛོད། །དགེ་བ་གང་བསྐྲུན་དེས་ནི་བདག་གིས་འཕགས་པའི་བློ་གྲོས་མཆོག་ཐོབ་ནས། །ཆོས་ཀྱི་རྒྱལ་མཚན་ལེགས་པར་བསྒྲེང་ཞིང་ཚོགས་གཉིས་དཔལ་འབྱོར་བཟང་པོ་ཡིས། །ནག་པོའི་རྩ་ལག་ཡིད་ཀྱི་སྲུབ་ཤིང་སྡེ་དང་བཅས་པའི་དཔལ་བཅོམ་ནས། །རྡོ་རྗེ་འཛིན་ས་དགའ་བའི་ཚལ་དུ་སྐུ་བཞིའི་དཔལ་ལ་སྤྱོད་པར་ཤོག །དཔལ་ཀྱེའི་རྡོ་རྗེའི་བསྡུས་པའི་དོན་འཕགས་པས་ཤིང་མོ་ཡོས་བུའི་ལོ་ལ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply