རྒྱུད་ཀྱི་མངོན་པར་རྟོགས་པ་ལྗོན་ཆུང༌། ༢

ཐུན་མོང་གི་བསྲེག་རྫས་ཡིན་ལ། ཁྱད་པར་གྱི་བསྲེག་རྫས་ནི། ཞི་བ་ལ་ཏིལ། རྒྱས་པ་ལ་ཞོ་ལས་བྱས་པའི་ཟས་མཆོག དབང་ལ་ཨུཏྤ་ལའམ། མེ་ཏོག་དམར་པོ། དྲག་པོར་ལ་དུག་དང་ཚེར་མ་དང་ལིངྒ་ལ་སོགས་པ་དབུལ་ལོ། །བཞི་པ་བཤམ་པའི་ཚུལ་ནི། འཇམ་པོ་གསུམ་ལ་མཆོད་རྫས་གཡོན། བསྲེག་རྫས་གཡས་ལ། དྲག་པོ་ལ་དེ་ལས་བཟློག་པར་བཤམ་མོ། །དུས་ནི་ཞི་བ་ལ་སྲོད་ཀྱི་དུས། རྒྱས་པ་ལ་སྔ་དྲོ། དབང་དུ་བྱ་བ་ལ་ཕྱི་དྲོ། དྲག་པོ་ལ་ནམ་ཕྱེད་དམ་ཉི་མ་ཕྱེད་ཀྱི་དུས་སུ་བྱ། ལྔ་པ་སྒྲུབ་པ་པོའི་ཁྱད་པར་ལ་ལྔ་ལས། བསམ་པ་ནི། ཞི་བ་ལ་ཞི་ཞིང་དུལ་བ་དང༌། རྒྱས་པ་ལ་དགའ་ཞིང་སྤྲོ་བ་དང༌། དབང་དུ་བྱ་བ་ལ་རྗེས་སུ་ཆགས་ཤིང་འདུན་པ་དང༌། དྲག་པོ་ལ་ཁྲོ་ཞིང་རྔམ་པའི་བསམ་པས་བྱའོ། །གཉིས་པ་ཁ་ལྟ་ཕྱོགས་ནི། ཞི་བ་ལ་ཤར། རྒྱས་པ་ལ་བྱང༌། དབང་ལ་ནུབ། དྲག་པོ་ལ་ལྷོར་བལྟའོ། །གསུམ་པ་རྒྱན་གོས་ནི། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོའི་རྒྱན་དང༌། ཆ་ལུགས་དང་ལྡན་པས་བྱའོ། །བཞི་པ་འདུག་སྟངས་ནི། ཞི་བ་ལ་བྲམ་ཟེ་རིག་བྱེད་འདོན་པ་ལྟར་ཙོག་པུ། རྒྱས་པ་ལ་རྒྱལ་པོ་རོལ་པ། དབང་ལ་པདྨའི་སྐྱིལ་ཀྲུང༌། དྲག་པོ་ལ་རྐང་པ་གཡས་པས་གཡོན་པ་མནན་པའི་འདུག་སྟངས་ཀྱིས་སྦྱིན་བསྲེག་བྱ། ལྔ་པ་དགང་བླུགས་ནི། ལས་སོ་སོ་དང་འབྲེལ་པའམ། ཐུན་མོང་གི་དགང་བླུགས་མཚན་ཉིད་དང་ལྡན་པ། པུས་མོ་གཉིས་ཀྱི་ཁོངས་ལས་མི་འདའ་བར་བཟུང་ལ་ཞུ་བའི་རྫས་རྣམས་འབུལ་བ་ཡིན་ནོ། །གཉིས་པ་དངོས་གཞི་ལ། བདག་གི་རྣལ་འབྱོར་བསྒོམ་པ། མི་བཙལ་ཞིང་བསྒྲུབ་པ། ཐབ་དང་ཡོ་བྱད་བསང་བ། ཐབ་དང་ཡོ་བྱད་མངོན་པར་འདུ་བྱ་བ། འཇིག་རྟེན་པའི་མེ་ལྷ་བསྐྱེད་ནས་མཆོད་པ། འཇིག་རྟེན་ལས་འདས་པའི་མེ་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་ལ་མཆོད་པ་དང་བསྲེག་རྫས་ཀྱི་མཆོད་པ་སྟེ་དྲུག་ཡིན་ནོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། འདས་པའི་མེ་ལྷ་གཤེགས་སུ་གསོལ་ནས། འཇིག་རྟེན་པའི་མེ་ལྷ་ལྷག་མས་མཆོད་པ། གཏོར་མ་ཕུལ་ནས་གསོལ་བ་གདབ་པ། བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ། ཙ་རུའི་བཟའ་བས་ལོངས་སྤྱོད་པ། སྨོན་ལམ་གདབ་པ། ལས་ཀྱི་རྗེས་བསྡུ་བ་སྟེ། འདི་ལའང་དྲུག་ཡིན་ནོ། །གཉིས་པ་མིང་གི་དོན་ནི། མེ་ལ་བསྲེག་བླུགས་ཕུལ་བས། ལྷ་མཉེས་པ་ཡིན་ཏེ། སཾ་པུ་ཊ་ལས། མེ་ནི་ལྷ་ཡི་ཁ་ཡིན་ཏེ། །ཞེས་གསུངས་སོ། །གསུམ་པ་ཕན་ཡོན་ནི། ལྷ་མཉེས་ན་དངོས་གྲུབ་མྱུར་དུ་སྩོལ་བ་སྟེ། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་མྱུར་དུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །དེ་ནི་སྦྱིན་སྲེག་གིས་ནི་དགང༌། །ཞེས་གསུངས་སོ། །མངོན་པར་རྟོགས་པ་ཉེ་རྒྱུ་དང་མཚམས་སྦྱོར་བ་ཉེ་རྒྱུ་དང་འབྲེལ། དེ་ལ་སྤྱིར་ཕྱག་རྒྱ་བསྟེན་པའི་དུས་དང༌། བྱེ་བྲག་ཏུ་ཉེ་རྒྱུ་ཉིད་གཏན་ལ་དབབ་པ་གཉིས་ཡོད་པ་ལས། ཐོག་མར་དུས་ལ་དང་པོ་དབང་དུས། བར་དུ་ལམ་དུས། ཐ་མ་འབྲས་བུའི་དུས་དང་གསུམ་ཡིན། དེ་གསུམ་ཀ་ལ། ཕྱག་རྒྱ་དངོས་སུ་ཡོད་ན་མྱུར་དུ་འགྲུབ། གསུམ་ཀ་ལ་མེད་ན་མི་འགྲུབ། དང་པོ་གཉིས་སུ་ཡོད་ཀྱང༌། ཐ་མ་ལ་མེད་ན་མི་འགྲུབ་ལ། དང་པོ་གཉིས་སུ་མེད་ཀྱང་ཐ་མར་ཡོད་ན་འགྲུབ་པ་ཡིན་ནོ། །དེའང་རྡོ་རྗེ་མཁའ་འགྲོ་ལས། ཨཱ་ལི་ཀཱ་ལི་ཕྱག་རྒྱ་ཆེ། །དངོས་གྲུབ་ཐམས་ཅད་སྟེར་བར་བྱེད། །ཐབས་དང་ཤེས་རབ་མ་གཏོགས་པར། །མཆོག་གི་གོ་འཕང་འཐོབ་མི་འགྱུར། །ཞེས་གསུངས། གཉིས་པ་བྱེ་བྲག་ཏུ་ཉེ་རྒྱུ་གཏན་ལ་དབབ་པ་ལ། ཉེ་རྒྱུ་རང་གི་ངོ་བོ་གང་གིས་ཚེ་མངོན་དུ་བྱེད་པའི་དུས། གང་དུ་མངོན་དུ་བྱེད་པའི་གནས། གང་ལ་བརྟེན་པའི་རྟེན། ཇི་ལྟར་མངོན་དུ་བྱེད་པའི་ཐབས། དེ་ལྟར་མངོན་དུ་བྱས་པའི་འབྲས་བུ་དང་དྲུག་ཡོད་པ་ལས། དང་པོ་ཉེ་རྒྱུ་རང་གི་ངོ་བོ་ལ་གཉིས་ལས། ཉེ་རྒྱུ་དངོས་ནི། བྱང་ཆུབ་སེམས་དཔའི་སའི་ཉེ་རྒྱུ་དཀྱིལ་འཁོར་བཞི་ཡིན་པ་ལྟར། སངས་རྒྱས་ཀྱིས་འགྲུབ་པའི་ཉེ་རྒྱུའང་དཀྱིལ་འཁོར་བཞི་ཡིན་ལ། དེའི་ཡང་གཙོ་བོའི་བྱང་ཆུབ་ཀྱི་སེམས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་ཏེ། ཐབས་ཀྱིས་རང་བྱིན་རླབས་བསྒོམ་པའི་ཞུ་བདེ་གཉིས་དང༌། དཀྱིལ་འཁོར་འཁོར་ལོ་བསྒོམ་པའི་ཞུ་བདེ་གཉིས། ཤེས་རབ་དང་ཐབས་གཉིས་ཀས་བསྒོམས་ན་དེས་ཕྱེ་བའི་ཞུ་བདེ་གཉིས་གཉིས་ཏེ་བརྒྱད་དམ། ཤེས་རབ་ཀྱི་རང་བྱིན་བརླབ་མ་བསྒོམས་ཀྱང་རུང་བས་དེ་ལྟར་ན་དྲུག་གོ །དེའང་སཾ་པུ་ཊ་ལས། ཨཱ་ལི་བུང་བ་ཞེས་བྱར་བརྗོད། །བུང་བ་རྡོ་རྗེ་འཇིགས་བྱེད་ཉིད། །ཀཱ་ལི་མེ་ཏོག་ཤེས་པར་བྱ། །མེ་ཏོག་རྡོ་རྗེ་ཅན་གྱི་ལུས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྩོད་པ་སྤང་བ་ནི། སེམས་ལ་རྟོགས་པ་འཆར་བ་ལུས་ལ་ལྟོས་པར་མི་རིགས་སོ་སྙམ་ན། ཇི་སྲིད་ལུས་དང་སེམས་ལྷན་ཅིག་ཏུ་གནས་ལ་དེ་སྲིད་དུ་ཚོགས་པ་གཅིག་པའི་འབྲེལ་བ་ཡོད་པས་སེམས་ཅན་གྱི་བདེ་བ་དང༌། དགའ་བ་དང༌། གདུང་བ་ལུས་ལ་བརྟེན་ནས་འབྱུང་བ་ལྟར། སངས་རྒྱས་པའི་ཚེའང༌། སེམས་ཀྱི་རྟོགས་པ་ལུས་ལ་ལྟོས་པ་ཡིན་ཏེ། བརྟག་གཉིས་ལས། སྟོན་པ་སུམ་ཅུ་རྩ་གཉིས་མཚན། ལྟོས་དང་བཅས། ཞེས་གསུངས་པ་ལྟར་རོ། །གཉིས་པ་དུས་ལ་གཉིས་ལས། བསྒོམ་པའི་དུས་ནི། ས་བརྒྱད་པ་མན་ཆད་ཀྱིས་བསྒོམ་པ་ཡིན་ལ། འགྲུབ་པའི་དུས་ནི། ཞག་བདུན་གྱིས་འགྲུབ་པ་ཡིན་ཏེ། རྡོ་རྗེ་གུར་ལས། ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གཉིས་ཀྱི་ཆོ་ག་དང༌། །ཉི་མ་གསུམ་གྱི་སྦྱོར་བ་དང༌། །དེ་བཞིན་དུ་ནི་ཉི་མ་བཞི། །ཉི་མ་ལྔའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མེ་ཏོག་ལ་སོགས་མཆོད་བྱས་ནས། །བསམ་གཏན་གནས་སུ་འདུག་པ་དང༌། །ཕྱག་རྒྱ་ལྷན་ཅིག་བཞུགས་ནས་ནི། །རྡོ་རྗེ་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་འདི་ནི་ཡང་དག་བརྩམ། །ཉི་མ་ཤར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས། གསུམ་པ་གནས་ལ་གཉིས་ལས། ཕྱིའི་གནས་འོག་མིན་ཏེ། འགའ་ཞིག་གིས་གཟུགས་ཁམས་ཀྱི་སྟེང་གི་འོག་མིན་ཡིན་ཟེར། གཞན་དག་ན་རེ། ཁམས་གསུམ་ལས་འདས་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་བཞུགས་གནས་སྟུག་པོ་བཀོད་པའི་ཞིང་ཁམས་ཡིན་གསུངས་ཀྱང༌། ཡང་དག་པར་ན་སྒྲུབ་པ་པོ་གོང་དུ་སངས་རྒྱས་པའི་ཕྱོགས་དེ་ཉིད་སངས་རྒྱས་དེའི་སྨོན་ལམ་གྱི་དབང་གིས། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་སྣང་བ་ཡིན་ནོ། །གཉིས་པ་ནང་གི་གནས་ནི། དབང་གི་གནས་ཉིད་ཡིན་ཏེ། བརྟག་གཉིས་ལས། ཨེའི་ཆ་བྱད་ནས། རིན་ཆེན་ཟ་མ་ཏོག་ཅེས་གསུངས། བཞི་པ་རྟེན་ལ་བཞི་ལས། དང་པོ་ནས་གོམས་པ་ནི། དབང་དུས་ཀྱི་རྟེན་ལ་ཟེར་བ་ཡིན། ལུང་བསྟན་པ་ནི། ཡི་དམ་མམ་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཟེར། ནུས་པས་བཀུག་པ་ནི། རང་གི་མངོན་ཤེས་ཀྱིས་བརྟགས་ནས། ལྷ་སོགས་སམ། མི་མོ་མཚན་ཉིད་དང་ལྡན་པ་ཏིང་ངེ་འཛིན་གྱིས་བཀུག་པ་ལ་བྱེད་པ་ཡིན། མཆོག་ཐོབ་པ་ནི། ས་བརྒྱད་པ་ཡན་ཆད་ཐོབ་པའི་ཕྱག་རྒྱ་མོའོ། །མཆོག་ཐོབ་པའི་ཕྱག་རྒྱ་དང་ལྷན་ཅིག་ཉེ་རྒྱུ་བསྒོམས་ན་དུས་གཅིག་ལ་འཚང་རྒྱ་བས་ན། ཉེ་རྒྱུས་རྒྱུད་གཉིས་ཅིག་ཅར་གྲོལ་ཞེས་གསུངས་པ་དེ་ལ་དགོངས་སོ། །ལྔ་པ་མངོན་དུ་བྱེད་པའི་ཐབས་དཀྱིལ་འཁོར་འཁོར་ལོ་དང་འདྲ་བ་ཡིན་ནོ། །དྲུག་པ་འབྲས་བུ་འགྲུབ་པའི་ཚུལ་ལ། ཕར་ཕྱིན་དང་གསང་སྔགས་པའི་ལུགས་གཉིས་ལས། དང་པོ་ནི་ས་བཅུ་རྫོགས་པའི་མཐར་བར་ཆད་མེད་པའི་ལམ་གྱིས་བདུད་བཏུལ་ནས། །རྣམ་གྲོལ་གྱི་ལམ་གྱིས་འཚང་རྒྱ་བར་འདོད་དོ། །གསང་སྔགས་ཀྱི་ལུགས་ལ། ཕྱིའི་མངོན་བྱང་དང༌། ནང་གི་མངོན་བྱང་གཉིས་སོ། །ཕྱིའི་ནི་དེ་ཉིད་བསྡུས་པ་ལྟར། བྱང་ཆུབ་སེམས་དཔའ་དོན་གྲུབ་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞག་པ། ཕྱོགས་བཅུའི་དེ་བཞིན་གཤེགས་པས་བསྐུལ་ནས། སྙིང་གར་ཟླ་བའི་དཀྱིལ་འཁོར་མཐོང་བ་སེམས་རང་བཞིན་གྱིས་འོད་གསལ་བས་ས་བཅུ་པ་མཆོག་ཏུ་གྱུར་པ་མངོན་བྱང་དང་པོ་དེ་ཉིད་ལས་ཡོན་ཏན་གོང་དུ་འཕེལ་ཞིང༌། གློ་བུར་གྱི་དྲི་མ་དང་བྲལ་བ་ཟླ་བ་གཉིས་པར་མཐོང་བ་མངོན་བྱང་གཉིས་པ། ཆོས་ཉིད་ཀྱི་རྟོགས་པ་བརྟན་པས། ཆོས་ཅན་མ་འདྲེས་པ་སོ་སོར་མཁྱེན་པ་དེ་མཚོན་བྱེད་ཀྱི་བརྡར་ཟླ་བའི་སྟེང་དུ་རྡོ་རྗེ་བསྒོམ་པ་མངོན་བྱང་གསུམ་པ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྙིང་གའི་རྡོ་རྗེ་ལ་ཐིམ་དེ་དག་དང་དབྱེར་མེད་དུ་གྱུར། རང་ཉིད་སངས་རྒྱས་ཐམས་ཅད་དང་ཐ་དད་མེད་པར་མཐོང༌། རང་བཞིན་གྱི་དོན་འགྲུབ་པ་བྱ་བ་གྲུབ་པ། དེའི་ཚེ་སྐུ་དང་ཡེ་ཤེས་མ་ལུས་པ་མངོན་དུ་བྱས་པ་ནི་ལྔ་པའོ། །གཉིས་པ་ནང་གི་འགྲུབ་ཚུལ་ནི། ཉེ་རྒྱུ་ཞག་བདུན་བསྒོམས་པའི་བདུན་གྱི་ཐོ་རངས་ཐབས་ཀྱི་རིགས་བདག་གི་མཐར་ཐིག་ལེའི་དྭངས་མ་མངོན་དུ་བྱས་པ་ཟླ་བ་མེ་ལོང་ལྟ་བུ། ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོར་རཀྟའི་དྭངས་མ་མངོན་དུ་བྱས་པ་ཉི་མ་མཉམ་པ་ཉིད། རླུང་སེམས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་སོ་སོར་རྟོག་པ། རླུང་སེམས་ཐམས་ཅད་གཅིག་ཏུ་འདྲེས་པ་བྱ་བ་ནན་ཏན། རྟེན་དཀྱིལ་འཁོར་བཞི་མ་ལུས་པ་དབུ་མར་ཐིམ་ནས། གཙུག་ཏོར་མཆོག་གྲུབ་པའི་ཚེ་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་གནས་གྱུར་ཏེ། སྐུ་དང་ཡེ་ཤེས་མ་ལུས་པ་མངོན་དུ་མཛད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་སངས་རྒྱས་ནས་འཁོར་བ་ཇི་སྲིད་དུ་བཞུགས་པའོ། །ལེའུ་གསུམ་པར། །སྡོམ་པ་ཞེས་བྱ་གང་གིས་དང༌། །དམ་ཚིག་གང་གིས་གནས་པར་བགྱི། །ཞེས་པའི་སྐབས་སུ་མངོན་པར་རྟོགས་པ་གང་དང་འབྲེལ་ན། གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་དང་འབྲེལ། དེ་ལ་དམ་ཚིག་གི་དབྱེ་བ། རབ་ཏུ་དབྱེ་བ། ཇི་ལྟར་བསྲུང་བའི་ཚུལ། མ་བསྲུངས་པའི་ཉེས་དམིགས། བསྲུངས་པའི་ཕན་ཡོན་དང་ལྔ་ལས། དང་པོ་མཚན་ཉིད་ནི། ཇི་ལྟར་ཁས་བླངས་པ་དང༌། ཐོབ་པའི་དོན་མི་འདའ་བར་བསྲུང་བའི་སེམས་པ་རྒྱུན་ཆགས་ཅན་ནོ། །གཉིས་པ་དབྱེ་བ་ལ་བཞི་ལས། དུས་ཀྱིས་དབྱེ་ན། ལས་དང་པོ་པ། སེམས་བརྟན་པ་ཐོབ་པ། བརྟན་པ་ཆེར་ཐོབ་པའི་གནས་སྐབས་གསུམ། དབང་གིས་དབྱེ་ན། བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། དབང་བཞི་པའི་དམ་ཚིག་སྟེ་བཞི་ཡོད། རྟེན་གྱིས་དབྱེ་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་ཡོད་དེ། སཾ་པུ་ཊ་ལས། བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པ་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །ཕྲག་དོག་ཉིད་ཀྱིས་མ་རངས་པས། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ །སེམས་ཅན་སྣ་ཚོགས་གདུང་བ་དང༌། །ཀུན་རྟོག་དྲྭ་བའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཞེས་གསུངས་སོ། །ངོ་བོས་དབྱེ་ན་བཞི་ལས། དང་པོ་བསྲུང་བའི་དམ་ཚིག་ནི། རྩ་བའི་ལྟུང་བ་བཅུ་བཞི་དང༌། ཡན་ལག་གི་ལྟུང་བ་བརྒྱད་དེ་ཉི་ཤུ་རྩ་གཉིས་སོ། །གཉིས་པ་བཟའ་བའི་དམ་ཚིག་ལ། རྒྱུན་གྱི་དམ་ཚིག་བདུད་རྩི་རིལ་བུ་དང༌། ཁྱད་པར་གྱི་དམ་ཚིག་ཚོགས་ཀྱི་འཁོར་ལོའི་ཚུལ། འོག་ལེའུ་བདུན་པར་འཆད། གསུམ་པ་ཇི་ལྟར་བསྲུངས་པའི་དམ་ཚིག་ནི། རྡོ་རྗེ་དྲིལ་བུ་དང༌། བགྲང་ཕྲེང་ལ་སོགས་པ་རྣམས་ཡིན། བཞི་པ་བསྒྲུབ་པའི་དམ་ཚིག་ནི། རིམ་པ་གཉིས་ལ་རྣལ་འབྱོར་དུ་བྱེད་པ་ཉིད་ཡིན། གསུམ་པ་ཇི་ལྟར་བསྲུང་བའི་ཚུལ་ལ་གཉིས། མི་ཉམས་པར་བསྲུང་བ་དང༌། ཉམས་ན་བཅོས་པའི་ཐབས་གཉིས་ཡིན་ནོ། །དེ་ལ་མི་འབྱུང་བའི་ཐབས་ནི། བླ་མ་དང༌། རྡོ་རྗེ་སྤུན་དང་འགྲོགས་པ་དང༌། དྲན་པ་དང༌། བག་ཡོད་པ་དང་ལྡན་པ་དང༌། ཕན་ཡོན་དང༌། ཉེས་དམིགས་རྗེས་སུ་དྲན་པའི་སྒོ་ནས་བསྲུང་བ་ཉིད་ཡིན་ནོ། །གཉིས་པ་ཉམས་ན་བཅོས་པའི་ཐབས་ནི། རྩ་བའི་ལྟུང་བ་བྱུང་ན་སླར་ཡང་དབང་ལེན་དགོས་ལ། ཡན་ལག་གི་ལྟུང་བ་ལ་སོགས་པ་བྱུང་ན་བཤགས་པ་ལ་སོགས་པས་འཆོས་སོ། །བཞི་པ་མ་བསྲུངས་པའི་ཉེས་དམིགས་ནི། དམ་ཚིག་མ་བསྲུངས་ན་ལམ་གཞན་ལ་འབད་པ་བྱས་ཀྱང་འབྲས་བུ་མི་འབྱུང་བར་མནར་མེད་པའི་དམྱལ་བར་ལྟུང་ངོ༌། །ལྔ་པ་བསྲུངས་པའི་ཕན་ཡོན་ནི། ལམ་གཞན་ལ་འབད་པ་མ་བྱས་ཀྱང༌། དམ་ཚིག་བསྲུངས་པ་ཁོ་ནས་སྐྱེ་བ་བཅུ་དྲུག་གི་ཁོངས་སུ་འཚང་རྒྱ་བའོ། །དེའང༌། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། །ལེའུ་བཞི་པའི། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བཤད། །ཅེས་པའི་སྐབས་སུ། བྱང་ཆུབ་ཀྱི་སེམས་འཕོ་བའི་ཚུལ་བསྟན་པ་ལ། གང་སྦྱང་བའི་དངོས་པོ། གང་གིས་སྦྱོང་བའི་ལྷ། ཇི་ལྟར་སྦྱང་བའི་ཚུལ་གསུམ་དུ་ཡོད་པ་ལས། དེ་ལ་ཐོག་མར་གང་སྦྱོང་ན་བདུན་ལས། ཚེས་ནི་ཡར་གྱི་བཅོ་ལྔ། མཚན་མོ་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཆ་དང་བཅུ་དྲུག མར་ངོའི་ཚེས་བཅོ་ལྔ། མཚན་མོ་སྟོང་པའི་ཆ་དང་བཅུ་དྲུག་གོ །འཕོ་བ་ནི། ལུག གླང༌། འཁྲིག་པ། ཀརྐ་ཊ། སེང་གེ བུ་མོ། སྲང༌། སྡིག་པ། གཞུ། ཆུ་སྲིན། བུམ་པ། ཉ། ཉི་མ་གཟས་འཛིན། ཟླ་བ་གཟས་འཛིན། ཐིག་ལེ་འགོག་པ། ནམ་མཁའ་འགོག་པ་སྟེ་བཅུ་དྲུག རྩ་ནི། རོ་རྐྱང་ཀུན་འདར་གསུམ་གཅིག་ཏུ་བསྡུས། གཞན་གཉིས་གཉིས་རེ་རེར་བསྡུས། བདུད་འདྲལ་མ་དང་བཅུ་དྲུག ཡི་གེ་ནི་ཨཱ་ལི་བཅུ་དྲུག བྱང་ཆུབ་ཀྱི་སེམས་ནི་གཡས་གཡོན་ན་ཐིག་ལེ་བཅོ་ལྔ་བཅོ་ལྔ། དབུས་ཀྱི་དང་བཅུ་དྲུག དགའ་བ་ནི་དགའ་བའི་དགའ་བ་ལ་སོགས་པའི་དབྱེ་བས་བཅུ་དྲུག དེ་དག་གང་ན་ཡོད་པའི་གནས་ནི། ལུས་ཀྱི་གཡས་གཡོན་གྱི་མཐེ་བོ། བྱིན་པ། བརླ། གསང་གནས་ཀྱི་ཆ། ལྟེ་བའི་ཆ། སྙིང་ག ནུ་མ། ལྐོག་མ། ལག་མཐིལ། མཆུ། མཁུར་ཚོས། མིག རྣ་བ། ཀླད་པའི་ཆ། སྤྱི་བོའི་ཆ། སྤྱི་གཙུག་དང་བཅུ་དྲུག་ཡོད་དོ། །གཉིས་པ་གང་གིས་སྦྱོང་བར་བྱེད་པའི་ལྷ་ནི། ལྷ་མོ་བཅོ་ལྔ། ཧེ་རུ་ཀ་དང་བཅུ་དྲུག་གོ །དེའང་བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་གསུངས་སོ། །གཉིས་པ་སྦྱོང་ཚུལ་ལ། གཞན་གྱི་འདོད་པ་དགག་པ་དང༌། རང་གི་འདོད་པ་བརྗོད་པ་གཉིས་ཡོད་པ་ལས། དང་པོ་གཞན་གྱི་འདོད་པ་དགག་པ་ནི། སློབ་དཔོན་ཤཱནྟི་བས། སྦྱང་གཞི་རྩ་སུམ་ཅུ་རྩ་གཉིས་ཁོ་ན་ཡིན་ལ་ཐོག་མའི་བདག་མེད་མས་རྩ་གསུམ་སྦྱོང་བ་བཞིན་དུ། ཐ་མའི་མཁའ་སྤྱོད་མས་ཀྱང་བདུད་འདྲལ་མ་དང་བཅས་པའི་རྩ་གསུམ་སྦྱོང་བས་སྦྱོང་བྱེད་ཀྱི་ལྷའང་ལྷ་མོ་བཅོ་ལྔ་ཁོ་ན་ཡིན་ནོ་ཞེས་གསུང༌། འདི་མི་འཐད་པས་དགག་པ་ལ་གཉིས་ལས། གཞུང་དང་འགལ་བ་ནི། འབད་པས་ཀུན་གྱི་ལྷག་མ་སྤང༌། །ཞེས་འབྱུང་བས། ཀུན་གྱི་ཚིག་དང་འགལ་ཏེ། རྩའི་མངོན་པར་རྟོགས་པས། བདུད་འདྲལ་མ་སྟོང་པ་ཉིད་ཀྱི་རྩ་བཤད། མཁའ་སྤྱོད་མ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གསུངས་པས་སྟོང་པས་སྟོང་པ་ལ་སྦྱོང་བར་མི་ནུས་ཤིང༌། གལ་ཏེ་ནུས་ན། ཟུང་འཇུག་གི་ལམ་མི་སྲིད་པར་འགྱུར་རོ། །གཉིས་པ་རང་ལུགས་ལ་གཉིས་ལས། སྦྱོང་བའི་ཚུལ་སྤྱིར་བསྟན་པ་ནི། དོན་གྱི་བྱ་བ་དང་བཅས་པས། སྤྲོས་པའི་རང་བཞིན་གྱི་སྦྱང་གཞི་བཅོ་ལྔ་པོ་རྣམས་སྤྲོས་མེད་སྟོང་པའི་ངོ་བོ་ལྷ་མོ་བཅོ་ལྔས་སྦྱོང་ཞིང༌། དོན་གྱི་བྱ་བ་མི་བྱེད་པ་བཅུ་དྲུག་པའི་ཆ་རྣམས་ཐབས་ཀྱི་རང་བཞིན། ཧེ་རུ་ཀས་སྦྱངས་པས། ལུས་ལ་སེམས་དང༌། སེམས་ལ་ལུས་ཀྱི་རྒྱ་ལྟར་སྦྱང་གཞི་དང༌། སྦྱོང་བྱེད་དུ་ཡང་རིགས་ཤིང༌། ཟུང་དུ་འཇུག་པར་ཡང་འགྱུར་བ་ཡིན་ནོ། །གཉིས་པ་འཕོ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། གང་ནས་འཕོ་བའི་ཡུལ། ཇི་ལྟར་འཕོ་བའི་ཚུལ། དེ་ལྟར་འཕོ་བའི་འཐད་པ་དང་གསུམ་ཡིན། དེ་ལྟར་ཐོག་མར་གང་ནས་འཕོ་བའི་ཡུལ་ནི། ལུས་ཀྱི་གཡས་གཡོན་གྱི་མཐེ་བོང་གཏུམ་མོ་ནས་སྤྱི་གཙུག་གི་བར་སྔར་སྨོས་པ་རྣམས་ཉིད་ཡིན་ནོ། །གཉིས་པ་ཇི་ལྟར་འཕོ་བའི་ཚུལ་ལ་དྲུག་ལས། དང་པོ་ནམ་འཕོ་བའི་དུས་ནི། ཡར་གྱི་ངོའི་ཚེས་གཅིག་ལ། སྐྱེས་པའི་རྐང་པ་གཡས་པའི་མཐེ་བོང་གཏུམ་མོ་ནས་མགོ་འཛིན་ལ། བུད་མེད་ཀྱི་གཡོན་པའི་མཐེ་བོང་མི་ཕྱེད་མ་ནས་མགོ་འཛིན་ཞིང༌། མར་ངོའི་ཚེས་གཅིག་ལ་སྐྱེས་པའི་གཡོན་མི་ཕྱེད་མ་དང༌། བུད་མེད་ཀྱི་གཡས་གཏུམ་མོ་ནས་མགོ་འཛིན་ནོ། །དེ་ནས་ཚེས་རེ་རེ་ཞིང་གནས་རྣམས་ནས་འཕོས་ནས་ཡར་ངོ་དང་མར་ངོའི་བཅོ་ལྔའི་མཚན་མོ་སྤྱི་གཙུག་ནས་ཀུན་འདར་མར་འཇུག་གོ །དེ་ཉིད་ཡེ་ཤེས་ཐིག་ལེ་ལས། གཡས་དང་གཡོན་གྱི་ཡན་ལག་ཏུ། །ཡར་ངོ་དེ་བཞིན་མར་ངོ་ཡི། །འདོད་པ་ཡིས་ནི་འཇུག་པའི་ཚེ། །བཅུ་དང་ལྔ་ནི་གཉིས་མེད་སྦྱོར། །ཞེས་གསུངས། གཉིས་པ་ངོ་བོ་གང་འཕོ་བ། ལུས་ཀྱི་གནས་དེ་རྣམས་ན་སྲོག་གི་གནད་འཛིན་པའི་ཁམས་དྭངས་མ་རེ་གནས་ལ། ཚེས་གཅིག་ལྟ་བུ་ལ་མཐེ་བོའི་ནུས་པ་འཕེལ་ཞིང་ཚེས་གཉིས་པའི་མགོ་འཛིན་པའི་ཚེ་མཐེ་བོའི་ནུས་པ་དེ་ཉིད་དུ་ཐིམ་ནས་བྱིན་པའི་ནུས་པ་འཕེལ་བར་འགྱུར་རོ། །དེ་ལྟར་རང་གི་ནུས་པ་འབྱུང་བ་ལ་འཕོ་བར་བཏགས་ཀྱི། གཅིག་ནས་གཅིག་ཏུ་འཕོ་བ་ནི་མ་ཡིན་ནོ། །འདི་ལ་སྨན་དཔྱད་ཀྱི་གཞུང་ལས་བརླ་གནས་སམ་གནད་ཀྱི་གནད་ཅེས་ཟེར་རོ། །གསུམ་པ་རྣམ་པ་ནི། ཚེས་གཅིག་དང་བཅུ་དྲུག་ནས། གནམ་སྟོང་དང༌། བཅོ་ལྔའི་བར་ཨ་ནས་ཨཾ་གི་བར་གྱི་རྣམ་པས་འཕོས་ནས་བཅོ་ལྔའི་མཚན་མོ་དང༌། གནམ་སྟོང་གི་མཚན་མོ་ཀུན་འདར་མར་ཨཿཚེག་དྲག་ཅན་གཉིས་ཀྱི་རྣམ་པར་འཇུག་ཅིང༌། ཨ་གཉིས་འདྲེས་པས་ཧ་དང༌། ཚེག་དྲག་གཅིག་ཞབས་ཀྱུ་དང༌། གཅིག་ཀླད་ཀོར་དང་ཐིག་ལེར་འགྱུར་བས་ཧཱུྃ་འགྲུབ་སྟེ། དེ་ནི་ཧེ་རུ་ཀའི་ས་བོན་ནོ། །བཞི་པ་དགའ་བའི་ངོ་བོ་ནི། རིམ་པ་བཞིན་དགའ་བའི་དགའ་བ་ལ་སོགས་པ་སྟེ། བཅུ་དྲུག་པ་ནི་ལྷན་སྐྱེས་ཀྱི་ལྷན་སྐྱེས་སོ། །ལྔ་པ་ལྷ་མོ་གང་གིས་དབང་བྱས་པ་ནི། མཐེ་བོང་ཚེས་གཅིག་ལ་མཁའ་སྤྱོད་མ། བྱིན་པར་ས་སྤྱོད་མ་ནས་རིམ་པ་བཞིན་ཏེ། རོ་རྐྱང་གཉིས་བདག་མེད་མའོ། །དྲུག་པ་མིང་ནི། ལུག་ལ་སོགས་པ་བཅུ་དྲུག་པོ་རྣམས་སོ། །གསུམ་པ་དེ་ལྟར་འཕོ་བའི་འཐད་པ་ལ་གསུམ་ལས། ཕྱི་རོལ་དུ་ཇི་ལྟར་གནས་པ་ནི། ནམ་མཁའ་ལ་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་དཀྱིལ་འཁོར་ཁྱིམ་བཅུ་གཉིས་ཀྱིས་བགོས་པ་ལ། ཉི་མ་དང་ཟླ་བ་ལྷོ་བགྲོད་བྱང་བགྲོད་ཀྱི་ཚུལ་གྱིས་རྒྱུ་བ་དང༌། སྒྲ་གཅན་འགྲོས་གཅིག་གི་ཚུལ་གྱིས་རྒྱུ་བ་དང༌། ས་ལ་རི་རབ་དང༌། རྒྱ་མཚོ་དང༌། གླིང་བཞི་ལ་སོགས་པ་དང༌། དབྱར་དགུན་སྟོན་དཔྱིད་དང་ཟླ་བ་བཅུ་གཉིས་ལ་སོགས་པའི་དུས་སུ་གནས། གཉིས་པ་དེ་ཉིད་ནང་དུ་སྦྱར་ན་ནང་གི་གཡས་གཡོན་རྣམས་སུ་ཐིག་ལེ་ཕྲ་མོ་དཔག་ཏུ་མེད་པ་གནས་པ་ལ་རོ་རྐྱང་གཉིས་ཀྱི་ནུས་པ་སྔར་བསྟན་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་འཕོ་བ་དང༌། ཉི་ཟླའི་ངོ་བོ་རོ་རྐྱང་གཉིས་ཀྱི་ནུས་པས་འདྲེན་པ་དང༌། སྒལ་ཚིགས་རི་རབ་དང༌། ལྟོ་བ་རྒྱ་མཚོ་དང༌། ཡན་ལག་བཞི་གླིང་བཞི་དང༌། ཐུན་ཚོད་བཞི་ནམ་ཟླ་དུས་བཞི་དང༌། འཕོ་བ་བཅུ་གཉིས་ཟླ་བ་བཅུ་གཉིས་ལ་སོགས་པ་ནང་དུ་གནས་པ་ཡིན། གསུམ་པ་དེས་ན་ཆོས་ཐམས་ཅད་སེམས་སུ་བསྡུ་བ་ནི། ཐོག་མ་མེད་པའི་བག་ཆགས་སེམས་ལ་གནས་པ་ལུས་ལ་རྩ་ཡིག་དང་རླུང་སེམས་ལ་སོགས་པའི་རྣམ་པར་གྲུབ། དེ་ཉིད་ཕྱི་རོལ་གྱི་དོན་གྱི་རྣམ་པར་སྣང་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པས་ཕྱི་ནང་གི་ཆོས་ཐམས་ཅད་རོ་གཅིག་པར་ཤེས་ནས་བསྒོམས་པས་འབྲས་བུ་མྱུར་དུ་འགྲུབ་པ་ཡིན་ནོ། །ལེའུ་བཞི་པའི། ཀྱེ་བཅོམ་ལྡན་འདས་ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས། ཞེས་པའི་སྐབས་སུ་མངོན་པར་རྟོགས་པ་གང་དང་འབྲེལ་ན། བསྐྱེད་པའི་རིམ་པ་ལྷ་ཡེ་ཤེས་སུ་རྟོགས་པར་བྱེད་པའི་ཐབས་རྫོགས་པའི་རིམ་པ་དང་འབྲེལ། དེ་ལ་གང་ཟག གནས། དུས། བསམ་པ། བསྒོམ་བྱའི་རྣལ་འབྱོར་དང་ལྔ་ཡོད་པ་ལས། དང་པོ་གང་ཟག་ནི། དབང་བཞི་ཡོངས་སུ་རྫོགས་པ་དང༌། རྫོགས་པའི་རིམ་པའི་མན་ངག་བླ་མ་ལས་ཐོབ་ཅིང༌། བསྐྱེད་པའི་རིམ་པའི་དམིགས་པ་ལ་སེམས་ཅུང་ཟད་བརྟན་པར་གྱུར་བས་བསྒོམ་པ་ཡིན། གཉིས་པ་གནས་གང་དུ་བསྒོམ་ན། ལས་དང་པོ་པས་རྣམ་གཡེང་ཆུང་ཞིང་ཡིད་སྤྲོ་བའི་གནས་དང༌། སེམས་བརྟན་པ་ཐོབ་པས་བརྩོན་འགྲུས་འཕེལ་བའི་གནས། བརྟན་པ་ཆེར་ཐོབ་པས་རང་གི་རྟོགས་པ་ཆེར་འཕེལ་ཞིང༌། གཞན་དོན་འཕེལ་བའི་གནས་སུ་བསྒོམ། གསུམ་པ་ནམ་བསྒོམ་པའི་དུས་ནི། ལས་དང་པོ་པས་དུས་ངེས་པ་ཅན་དང༌། སེམས་བརྟན་པ་ཐོབ་པས་མ་ངེས་པ་དང༌། བརྟན་པ་ཆེར་ཐོབ་པས་རྒྱུན་མི་འཆད་པར་བསྒོམ། བཞི་པ་བསམ་པ་ནི། ཟུང་དུ་འཇུག་པའི་ཡེ་ཤེས་ཀྱིས་སངས་རྒྱས་བསྒྲུབས་ནས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་འདོད་པའི་བསམ་པས་བསྒོམ། ལྔ་པ་བསྒོམ་བྱའི་རྣལ་འབྱོར་ལ། རྫོགས་པ་ཉིད་ངོས་གཟུང་བ། རྫོགས་པ་གཉིས་ཀྱི་སྤྱིར་འགྲོ། ཉམས་སུ་བླང་བའི་ཚུལ་གསུམ་ཡོད་པ་ལས། དང་པོ་རྫོགས་པ་ཉིད་ངོས་གཟུང་བ་ལ་གཉིས་ལས། དང་པོ་གཞན་གྱི་འདོད་པ་དགག་པ་ནི། འགའ་ཞིག་གིས་དངོས་པོའི་གནས་ལུགས་སྟོང་པ་ཉིད་ལ་རྫོགས་རིམ་དུ་འདོད་པ་མི་འཐད་དེ། དེ་ནི་ལྟ་བ་ཡིད་ལ་བྱེད་པ་སྟོང་ཉིད་ཀྱི་རྒྱ་དབུ་མའི་བསྒོམ་ཡིན་པའི་ཕྱིར་རོ། །ལ་ལ་སྭ་བྷཱ་ཝས་སྟོང་པར་བསྒོམ་པ་རྫོགས་རིམ་དུ་འདོད་པ་མི་འཐད་དེ། བསྐྱེད་རིམ་གྱི་སྔོན་འགྲོ་སྣང་བ་མི་དམིགས་པའི་སྟོང་པ་ཙམ་ཡིན་པའི་ཕྱིར་རོ། །གཞན་དག་གིས་ལྷ་བསྡུ་བ་ལ་འདོད་པ་མི་འཐད་དེ། བསྐྱེད་རིམ་གྱི་མཇུག་སྡུད་ཡིན་པའི་ཕྱིར་རོ། །ལ་ལ་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ་པ་ལ་རྫོགས་རིམ་དུ་འདོད་པ་མི་འཐད་དེ། བསྐྱེད་རིམ་གྱི་ལྷ་ལ་ཞེན་པ་འགོག་པའི་ལྟ་བ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། སློབ་དཔོན་བིརྺ་པའི་དགོངས་པས། བསྒོམ་བྱ་གྲུབ་ཟིན་ནམ། རྫོགས་ཟིན་གཅིག་རིམ་གྱིས་བསྒོམ་པ་ལ་རྫོགས་རིམ་དུ་བཞེད་པས། དེའི་མཚན་ཉིད་ནི། མཆོག་གི་དབང་གསུམ་ཐོབ་པའི་གང་ཟག་གིས། ཉམས་སུ་བླང་བར་བྱ་བ། རྟེན་དཀྱིལ་འཁོར་བཞི་དང༌། དངོས་པོའི་ཆོས་ཉིད་རྫོགས་ཟིན་པ་རྣལ་འབྱོར་དུ་བྱས་པས་མཆོག་གི་གོ་འཕང་བསྒྲུབ་པའོ། །གཉིས་པ་རྫོགས་པ་གཉིས་ཀྱི་སྤྱི་འགྲོ་ལ། ལམ་ལ་སོམ་ཉི་སྤང་བའི་ཕྱིར་ཕྱི་རོལ་གྱི་སྤྲོས་པ་ནང་དུ་གཅད་པ། ལུས་ཉིད་གཏན་ལ་ཕབ་པས་བྱང་ཆུབ་སེམས་ཀྱི་ངོ་བོ་བསྟན་པ། བྱང་ཆུབ་ཀྱི་སེམས་དེ་མི་སྤང་ཞིང་བསྐྱེད་པར་བསྟན་པ་དེ་གསུམ་མོ། །དང་པོ་ཕྱི་རོལ་གྱི་སྤྲོས་པ་ནང་དུ་གཅད་པ་ལ། སྡོམ་པའི་རབ་ཏུ་དབྱེ་བས་ཆོས་ཐམས་ཅད་རང་གི་ལུས་ལ་བསྡུ་བ་དང༌། རྩ་དང་བྱང་ཆུབ་ཀྱི་སེམས་བརྟན་པས་ས་དང་ལམ་ཐམས་ཅད་ནང་དུ་གཏན་ལ་དབབ་པ་གཉིས་ཡོད་པ་ལས། དང་པོ་སྡོམ་པའི་རབ་ཏུ་དབྱེ་བ་ལ་ལྔ་ལས་དང་པོ་གནས་གང་དུ་བསྡམ་པའི་གནས་ནི་རང་གི་ལུས་ཏེ། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨཱ་ལི་རྣམ་པ་བསྡམ་པའི་གནས། །ཞེས་གསུངས། གཉིས་པ་གང་བསྡམ་ན། འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་མཐའ་དག་བསྡམ་སྟེ། སཾ་པུ་ཊ་ལས། རྣམ་རྟོག་གཏི་མུག་ཆེན་པོ་པ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་སྒྲིབ་པ་མེད་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་ཇི་སྙེད་གཅིག་བསྡམ་ན། ཕྱི་རོལ་གྱི་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྡམ་སྟེ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་གསུངས་སོ། །བཞི་པ་ཐབས་གང་གིས་སྡོམ་ན། རང་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་བསྡམ་སྟེ། བརྟག་གཉིས་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །ཞེས་པ་ནས། བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་གསུངས་སོ། །ལྔ་པ་སྡོམ་པ་རང་གི་ངོ་བོ་ནི། བདེ་བའི་མཆོག་ཏུ་གྱུར་པས་ཆོས་ཐམས་ཅད་སྡོམ་ཞིང༌། རྣམ་པར་རྟོག་པ་འགོག་པར་བྱེད་པ་གཅིག་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། སཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་བའི་མཆོག །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་བདེ་མཆོག་གོ །ཞེས་གསུངས་སོ། །གཉིས་པ་རྩ་དང་བྱང་ཆུབ་ཀྱི་སེམས་བརྟན་པས་ལམ་ཐམས་ཅད་ནང་དུ་གཏན་ལ་དབབ་པ་ལ། གཞི་ཕུང་པོ་ཁམས་དང་སྐྱེ་མཆེད། སྒྲུབ་བྱེད་ཀྱི་ལམ། བསྒྲུབས་པའི་འབྲས་བུ་དང་གསུམ་ཡོད་པ་ལས། དང་པོ་གཞི་ནི་ཕུང་པོ་ལྔ། འབྱུང་བ་ལྔ། ཕྱིའི་ཡུལ་དྲུག ནང་གི་སྐྱེ་མཆེད་དྲུག ཚིགས་ཆེན་བརྒྱད། སྤྱི་བོ་རྐང་མཐིལ་གཉིས། ཉོན་མོངས་པ་ལྔ་སྟེ་སུམ་ཅུ་སོ་བདུན་ཏེ་རྒྱུའོ། །གཉིས་པ་ལམ་ལ་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་པའི་ལམ་ནི། དྲན་པ་ཉེ་བར་གཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། སུམ་ཅུ་སོ་བདུན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་ལམ་ལ་གཉིས་ལས་བསྐྱེད་པའི་རིམ་པ་དང་སྦྱར་ན། ཐམས་ཅད་གསང་བ་ལས། དྲན་པ་ཉེར་གཞག་བཞི་པོ་ནི། །ཁ་ཁྱེར་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་པས། གཞལ་ཡས་ཁང་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མཚོན་ལ། དེས་སྦྱང་གཞི་སྦྱོང་བར་བྱེད་པ་ཡིན། གཉིས་པ་ལྷ་ལ་གཞག་པ་ནི། རིགས་ལྔ་ཡུམ་ལྔ། མིག་གཏི་མུག་རྡོ་རྗེ་མ་ལ་སོགས་པ་དྲུག གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག ཁྲོ་བོ་བཅུ། མངོན་བྱང་ལྔ་སྟེ། ལྷ་སུམ་ཅུ་སོ་བདུན་གྱིས་སྦྱོང་བར་བྱེད། གཉིས་པ་རྫོགས་པའི་རིམ་པ་གཉིས་ཀའི་རྟེན་དཀྱིལ་འཁོར་བཞི་ལ་སྦྱར་ན། མི་ཕྱེད་མ་ལ་སོགས་པ་སུམ་ཅུ་སོ་གཉིས་ཀྱི་སྟེང་དུ། སྦས་པའི་རྩ་ལྔ་བསྣན་པས་རྩ་སུམ་ཅུ་སོ་བདུན། པུ་ཛཱ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་བཞིའི་སྟེང་དུ་ཧཱུྃ་རིང་པོ་བརྒྱད་དང༌། བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ་བསྣན་པས་ཡི་གེ་སུམ་ཅུ་རྩ་བདུན་དང༌། དེ་དག་གི་ནང་ན་གནས་པའི་ཁམས་རྣམས་ནི་ཁམས་བདུད་རྩི་སུམ་ཅུ་སོ་བདུན། དེ་དག་ལ་དབང་སྒྱུར་བའི་རླུང་ནི། སྙིང་པོ་ཡེ་ཤེས་རླུང་སུམ་ཅུ་སོ་བདུན་ཏེ་རྟེན་སུམ་ཅུ་རྩ་བདུན་ནོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི་རྟེན་དེ་དག་ལ་བརྟེན་ནས་སྐྱེས་པའི་མཚོན་བྱེད་དང༌། མཚོན་བྱ་ལམ་གྱི་ཡེ་ཤེས་ཏེ། སུམ་ཅུ་རྩ་བདུན་ནོ། །ལམ་དེ་དག་མཐར་ཕྱིན་པས། བསྒྲུབ་བྱ་སངས་རྒྱས་ཀྱི་ཆོས་སུམ་ཅུ་རྩ་བདུན་འགྲུབ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། ཚད་མེད་བཞི། རྣམ་པར་གྲོལ་བའི་ཡེ་ཤེས། མངོན་པར་ཤེས་པ་དྲུག ཟག་པ་མེད་པའི་ཡུལ་དྲུག་ལ་མངའ་མཛད་པ། སྟོབས་བཅུ་ཡེ་ཤེས་ལྔ་སྟེ་སུམ་རྩ་བདུན་ནོ། །ཚུལ་དེ་ཉིད་སཾ་པུ་ཊ་ལས། དེ་ཉིད་ཡང་དག་བསྟན་པ་ནི། །དགའ་བ་ལ་སོགས་ས་རྣམས་ཏེ། །དབང་པོ་ལ་སོགས་རང་བཞིན་གྱིས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཕུང་པོ་ལ་སོགས་ཁྱད་པར་གྱི། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སངས་རྒྱས་ཉིད་ནི་མཆོག་ཏུ་འབབ། །བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །དབང་པོ་ཕུང་པོར་འབྱུང་བ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག །ཅེས་གསུངས་པས་བསྟན་པ་ཡིན་ནོ། །གཉིས་པ་ལུས་ཉིད་གཏན་ལ་ཕབ་པས། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བསྟན་པ་ནི། གོང་དུ་འཕོ་བའི་སྐབས་སུ་བཤད་ཟིན། གསུམ་པ་བྱང་ཆུབ་ཀྱི་སེམས་མི་སྤང་ཞིང་བསྐྱེད་པ་ནི། རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོ་བསྒོམས་པས། དྭངས་པར་བྱས་པའི་བྱང་ཆུབ་ཀྱི་སེམས་དེ་ལ་བརྟེན་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་ཕྱིར། སྤངས་ན་དངོས་གྲུབ་མི་འགྲུབ་སྟེ། རྒྱལ་པོ་ཨིནྡྲ་བྷཱུ་ཏིས། དངོས་གྲུབ་ཀུན་གྱི་རྟེན་གྱུར་པ། །བྱང་ཆུབ་སེམས་ནི་ཉམས་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་ཞིང༌། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་གསུངས། དེ་ཉིད་ཀྱི་ཕྱིར་སྤེལ་ཞིང་མངོན་དུ་བྱས་ན་དངོས་གྲུབ་འབྱུང་སྟེ། འདི་ཉིད་ལས། རྣལ་འབྱོར་མ་ཀུན་ལས་བྱུང་བ། །ཞེས་པ་ནས། ངེས་མི་སྤང་ཞེས་གསུངས། གསུམ་པ་ཉམས་སུ་བླང་བའི་ཚུལ་ལ། ཉམས་སུ་བླང་བའི་རིམ་པ་དངོས། དེ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་མཚན་ཉིད། མ་སྐྱེས་པ་སྐྱེད་ཅིང་སྐྱེས་པ་བོགས་དབྱུང་བ། ལམ་གྱི་བར་ཆད་བསལ་བ། ཏིང་ངེ་འཛིན་གྱི་དྲོད་རྟགས་དང་སྔ་ཡོད་པ་ལས། དང་པོ་ཉམས་སུ་བླང་བའི་ཚུལ་ལ་གཉིས། རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོའོ། །རང་བྱིན་བརླབ་ལའང་གཉིས། དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའོ། །དམིགས་པ་དང་བཅས་པ་ལའང༌། ཟབ་མོ་རྫོགས་པའི་རིམ་པ་དང༌། མི་ཟབ་རྫོགས་པའི་རིམ་པའོ། །ཟབ་མོ་ལ་གཉིས་ལས། སོ་སོར་བསྒོམ་པ་ལ། གཏུམ་མོའི་རྣལ་འབྱོར། རྩའི་རྣལ་འབྱོར། ཡི་གེའི་རྣལ་འབྱོར། ཐིག་ལེའི་རྣལ་འབྱོར། རླུང་གི་རྣལ་འབྱོར་རྐྱང་དུ་བསྒོམ་པ་སྟེ་ལྔའོ། །གཉིས་པ་ཚོགས་པར་བསྒོམ་པ་ནི། དེ་རྣམས་ལས་གཉིས་ནས་ལྔའི་བར་ཚོགས་པར་བསྒོམ་པ་སྟེ། དེ་ལ་ཡང་འཁོར་ལོ་ལ་བརྟེན་པ་དང༌། མ་བརྟེན་པའི་དབྱེ་བས་མང་པོར་འགྱུར། གཉིས་པ་མི་ཟབ་པ་རྫོགས་པའི་རིམ་པ་ནི། ཐིག་ལེ་ཤིན་ཏུ་ཕྲ་བའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམས་ནས། དེ་ལ་སེམས་ཟིན་པ་དང༌། སྤྲོ་བ་དང༌། བསྡུ་བའི་སྒོ་ནས་སྦྱངས་ན་ཏིང་ངེ་འཛིན་མཆོག་སྐྱེའོ། །འདི་ལ་ཟབ་མོ་བསྐྱེད་པའི་རིམ་པ་ཞེས་ཀྱང་བྱ། དེའང་རྡོ་རྗེ་གུར་ལས། མཁའ་འགྲོའི་སྣ་ཡི་མཐར་གནས་པ། །ཡུངས་ཀར་ཙམ་དུ་རྣམ་པར་བསྒོམ། །ཡུངས་ཀར་ལ་ནི་འགྲོ་བ་ཀུན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །དེ་ལྟར་སྒོམ་པར་བྱེད་པ་ཡིས། །རང་བྱིན་བརླབ་པ་གྲུབ་པར་འགྱུར། །ཞེས་གསུངས། དོན་གཉིས་པ་དམིགས་མེད་བསྒོམ་པ་ནི། རྟེན་དཀྱིལ་འཁོར་བཞི་ལ་གནད་དུ་སོང་བས་བདེ་སྟོང་ལ་སོགས་པའི་ཡེ་ཤེས་སྐྱེས་པ་དེའི་ངང་ལ་འཇོག་པའོ། །གང་ཕྱིར་མི་བསྒོམ་པ་ལ་སོགས་པའི་དོན་ནོ། །དོན་གཉིས་པ་དཀྱིལ་འཁོར་འཁོར་ལོ་བསྒོམ་པའི་ཚུལ་ལོ། །གང་ལ་བརྟེན་ནས་སྐྱེ་བའི་རྟེན། ཇི་ལྟར་བསྟེན་པའི་ཐབས། ཐབས་ལས་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་དང་གསུམ་ཡོད། དང་པོ་རྟེན་ལ། དངོས་ཀྱི་རིག་མ་དང༌། ཡེ་ཤེས་ཀྱི་རིག་མ་གཉིས། དངོས་ཀྱི་རིག་མ་ལྔ་ལས། གནས་སྐབས་ཀྱིས་གསུམ་དུ་དབྱེ་ན། དབང་དུས་སུ་ལང་ཚོ་གཙོ་ཆེ། ལམ་དུས་སུ་རིགས་གཙོ་ཆེ། འབྲས་བུའི་དུས་སུ་ཡོན་ཏན་གཙོ་ཆེ་བ་དང་གསུམ། གཉིས་པ་འདེབས་བྱེད་རིགས་བདག་གིས་ཕྱེ་ནས། གར་མ་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔས་ཡོངས་སུ་བཟུང་བའི་ཕྱག་རྒྱ་ལྔ། གསུམ་པ་ངོ་བོའི་རིགས་ཀྱིས་དབྱེ་ན། གར་མ་ལ་སོགས་པ་ལྔའི་སྟེང་དུ། རྒྱལ་རིགས་མ། རྗེའུ་རིགས་མ། དམངས་མོ་གསུམ་བསྣན་པས་བརྒྱད་དེ། སཾ་པུ་ཊ་ལས་གསུངས། བཞི་པ་དབང་གིས་དབྱེ་ན། མ་དང་སྲིང་མོ་ལ་སོགས་པ་བརྒྱད་དོ། །ལྔ་པ་རྟགས་སམ་མཚན་ཉིད་ཀྱིས་དབྱེ་ན། རི་དྭགས་ཅན། དུང་ཅན། གླང་པོ་ཅན། སྣ་ཚོགས་ཅན། པདྨ་ཅན་དང་ལྔའོ། །གཉིས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། རང་གི་སེམས་ཀྱིས་སྤྲུལ་པའི་རིག་མ་སྟེ། སཾ་པུ་ཊ་ལས། བསྟན་པ་ལ་སྨོད་པའི་འཇིགས་པ་དང༌། སྐྱེ་བོ་གདུག་པའི་ནང་དུ་གནས་པའི་རྣལ་འབྱོར་པས་རང་གི་སེམས་འབའ་ཞིག་དེར་བསམས་པས་སེམས་ལ་ལྷག་པར་མོས་པ་མངོན་དུ་བྱའོ་ཞེས་གསུངས། གཉིས་པ་བསྟེན་པའི་ཐབས་ལ་གསུམ་ལས། སྦྱོར་བ་འདུ་ཤེས་གསུམ་ལྡན་ནི། བདག་དང་ཕྱག་རྒྱ་ལྷར་བསྐྱེད་པ་ལྷའི་འདུ་ཤེས། མཁའ་དང་གསང་བ་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པ་ཆོས་ཀྱི་འདུ་ཤེས་སོ། །གཉིས་པ་དངོས་གཞི་དབབ་པ་དང་གཟུང་བའི་ཐབས་ལ་མཁས་པ་ནི། སྙོམས་འཇུག་གི་དབང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཕབ་པ་རླུང་གི་ནུས་པས་བཟུང་ནས། མཚོན་བྱེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་རྗེས་བཟློག་ཁྱབ་ཀྱིས་མི་ཉམས་པར་བྱ་བ་ནི། མས་བརྟན་གྱི་དགའ་བ་བཞིའི་རིམ་པ་སྤྱི་བོའི་བར་དུ་བཟློག་ནས། རྩ་དང་ལུས་ཐམས་ཅད་ལ་ཁྱབ་པར་བྱ་སྟེ། མཚོན་བྱེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་ཐབས་ལས་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་ལ། གཞན་གྱི་འདོད་པ་དགག་པ་དང༌། རང་གི་འདོད་པ་བརྗོད་པ་གཉིས་ལས། དང་པོ་གཞན་གྱི་འདོད་པ་དགག་པ་ལ་གསུམ་ལས། གནས་ལ་ལོག་པར་རྟོག་པ་དགག་པ་ནི། གནས་ཡུམ་གྱི་མཁར་བྱང་ཆུབ་ཀྱི་སེམས་བབས་པའི་ཚེ། ཡེ་ཤེས་སྐྱེ་བར་འདོད་པ་མི་འཐད་དེ། ཁམས་གསུམ་ལས་འཕོས་ན་རྟེན་ཉམས་པའི་ཕྱིར་ཡེ་ཤེས་མི་སྐྱེ། གཉིས་པ་དུས་ལ་ལོག་པར་རྟོག་པ་དགག་པ་ནི་དུས་སྐད་ཅིག་མ་གསུམ་པ་ལ་ཡེ་ཤེས་སྐྱེས་ནས། བཞི་པ་ཐིག་ལེ་ཉམས་པའི་དགའ་བྲལ་གྱི་དགའ་བར་འདོད་པ་མི་འཐད་དེ། འཁོར་ལོ་བཞི་དང༌། འདོད་པ་ཁམས་ཀྱི་འདོད་ཆགས་ཀྱི་རིམ་པ་དང༌། གཟུགས་ཁམས་ཀྱི་བསམ་གཏན་གྱི་རིམ་པ་དང༌། གཟུགས་མེད་པའི་སྐྱེ་མཆེད་བཞིའི་རིམ་པ་ལ་སོགས་པ་ཐམས་ཅད་འཁྲུགས་པར་འགྱུར་བ་དང༌། སྣ་ཚོགས་དང་པོའི་དགའ་བ་ཉིད་ནས་ལྷན་ཅིག་སྐྱེས་དགའ་ཉིད་ཅེས་གསུངས་པ་དང་འགལ་ལོ། །གསུམ་པ་ཡེ་ཤེས་ཀྱི་ངོ་བོ་ལ་ལོག་པར་རྟོག་པ་དགག་པ་ནི། དབང་དུས་ན་སྐྱེས་པའི་ཡེ་ཤེས་དེ་མཐོང་ལམ་གྱི་ཡེ་ཤེས་སུ་འདོད་པ་མི་འཐད་དེ། མཐོང་སྤང་གི་སྒྲིབ་པ་མ་སྤངས་པ་དང༌། ཡེ་ཤེས་དེ་ཉམས་པར་འགྱུར་བའི་ཕྱིར། དེའང༌། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་བྱ་བ་དང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏིས། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེས་ངན་སྨྲའི། །དེ་ཡི་དེ་ཉིད་བདེ་ཆེན་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་གསུངས་སོ། །གཉིས་པ་རང་གི་འདོད་པ་བརྗོད་པ་ལ་གསུམ་ལས། དང་པོ་གནས་ནི། རིགས་བདག་གི་ཐབས་ཀྱི་ཁ་དང༌། ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོ་ཕྲད་པའི་གནས་སུ་སྐྱེ་སྟེ། ཨེའི་ཆ་བྱད་བཟང་པོ་ནས། རིན་ཆེན་ཟ་མ་ཏོག་ཅེས་གསུངས། གསུམ་པ་དུས་ནི། སྐད་ཅིག་མ་བཞི་པ་མཚན་ཉིད་དང་བྲལ་བ་ལ་སྐྱེ་སྟེ། བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་སོ། །གསུམ་པ་ངོ་བོ་ནི། རླུང་སེམས་དྭངས་མ་ལ་བརྟེན་ནས་འབྱུང་བའི་ཕྱིར། ནམ་མཁའི་ཟླ་བ་ལྟ་བར་འདོད་པ་ལ་ཆུའི་ཟླ་བ་ལྟར་དཔེའི་ཡེ་ཤེས་ཡིན་ཏེ། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས། དོན་གཉིས་པ་ཏིང་ངེ་འཛིན་གྱི་མཚན་ཉིད་ལ་གཉིས་ལས། ངོ་བོ་ཟུང་དུ་འཇུག་པ་སྟེ། དེའང་རང་བྱིན་བརླབ་ཀྱི་ཏིང་ངེ་འཛིན་གསལ་སྟོང་ཟུང་དུ་འཇུག་པ་ཡིན་ཏེ། དེའང་རིམ་པ་ལྔ་ལས། དབང་པོ་རྣམ་བཅས་ཀུན་རྟོག་དང༌། །དངོས་པོ་མེད་པར་རྟོག་པ་དང༌། །རྣལ་འབྱོར་པ་ནི་ཅིག་ཅར་སྤྱོད། །དེ་ནི་ཟུང་འཇུག་ཅེས་པའོ། །ཞེས་གསུངས་པ་ལྟར་ཡིན། གཉིས་པ་དེ་ཐམས་ཅད་ལ་ཁྱབ་པར་བསྒོམ་པ་ནི། ཟུང་འཇུག་དེ་ཆོས་ཀྱི་རང་བཞིན་ཡིན་པས་ཐམས་ཅད་ལ་ཁྱབ་པར་བསྒོམ་སྟེ། བརྟན་དང་གཡོ་བའི་ཞེས་པ་ནས། རབ་བསྒོམ་བྱ་ཞེས་གསུངས། གསུམ་པ་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་བོགས་དབྱུང་བ་ལ་གཉིས་ལས། མཉམ་གཞག་ལ་ཤིན་ཏུ་བརྩོན་པས་རྒྱུན་མི་འཆད་པར་བསྒོམ་པ་ནི། དང་པོ་རྩོལ་བ་དང་བཅས་པས་རྟག་ཏུ་བསྒོམས་པས། རྣལ་འབྱོར་གོམས་པ་དང༌། རང་གི་ངང་གིས་རྒྱུན་མི་འཆད་དུ་འབྱུང་སྟེ། བཟའ་དང་བཏུང་བ་ཞེས་པ་ནས། འགྲུབ་པར་འགྱུར་ཞེས་གསུངས། གཉིས་པ་རྗེས་ཀྱི་སྤྱོད་པ་ཡུལ་དྲུག་ལ་རྒྱས་བཏབ་ནས་སྤྱོད་པ་ནི། སྤྱོད་ལམ་ལ་འཇུག་པའི་ཚེ། མཐོང་བ་དང༌། ཐོས་པ་ལ་སོགས་པའི་ཡུལ་ཐམས་ཅད་ཏིང་ངེ་འཛིན་དེའི་ངང་དུ་ཤེས་པར་བྱས་ནས་ལོངས་སྤྱོད་དེ། གཟུགས་སྒྲ་དེ་བཞིན་ཞེས་པ་ནས། སྤྱོད་པར་བྱ་ཞེས་གསུངས། བཞི་པ་ལམ་གྱི་བར་ཆད་བསལ་བ་ལ་གཉིས་ལས། འབྱུང་བའི་བར་ཆད་བསལ་བ་ནི། ནང་དུ་འབྱུང་བཞིའི་རླུང་དབང་དུ་བསྡུས་པས། ཕྱིའི་འབྱུང་བའི་གནོད་པས་མི་རྫི་བ་ཡིན་ཏེ། ས་དང་ཆུ་དང་ཞེས་པ་ནས། མི་ནོན་ཅེས། ཞེས་གསུངས། གཉིས་པ་རྟོག་པའི་གནོད་པས་མི་རྫི་བ་ནི། ནང་དུ་གཟུང་འཛིན་གྱི་རྟོག་པ་ཡེ་ཤེས་ཀྱི་དབང་དུ་གྱུར་པས། ཕྱི་རོལ་དུ་ཆགས་སྡང་གི་རྐྱེན་གང་བྱུང་ཡང༌། ཉོན་མོངས་པའི་དབང་དུ་མི་འགྱུར་བ་ཡིན་ཏེ། རང་གཞན་ཞེས་པ་ནས། ནུས་པ་མིན་ཞེས་གསུངས། ལྔ་པ་ཏིང་ངེ་འཛིན་གྱི་དྲོད་རྟགས་ནི། འབྱུང་བ་ལྔའི་རླུང་རྣམས། ཡེ་ཤེས་ཀྱི་རླུང་དུ་འདུས་པའི་རྟགས་སུ། དུ་བ་ལ་སོགས་པ་རྟགས་ལྔ་འབྱུང་སྟེ། རྡོ་རྗེ་གུར་ལས། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །ཞེས་གསུངས། བརྟག་པ་ཕྱི་མའི་ལེའུ་བཞི་པར། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །ལ་སོགས་པའི་སྐབས་སུ། བདེན་པ་གཉིས་ཀྱི་དོན་ལ། དབྱེ་བའི་གཞི། དབྱེ་བའི་དོན་གྲངས་ངེས་པ། མིང་གི་དོན་བཞི་ལས། དང་པོ་དབྱེ་བའི་གཞི། སྤྱིར་བློ་ཙམ་ཞིག་སྟེ། སློབ་དཔོན་ཟླ་བ་གྲགས་པས། རིགས་པ་དྲུག་ཅུ་པའི་འགྲེལ་པར། བདེན་པ་གཉིས་སུ་འཇོག་པ་དེ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ་ཞེས་བྱ། གཉིས་པ་དབྱེ་བའི་དོན་ལ། བློ་གང་ལ་ལྟོས་ནས་དབྱེ་བ། ངོ་བོ་གང་དབྱེ་བ། གཅིག་དང་ཐ་དད་པ་བསམ་པ་གསུམ་ཡོད། དེ་ལ་དང་པོ་བློ་གང་ལ་ལྟོས་ནས་དབྱེ་བ་ལ་ལྔ་ལས། དང་པོ་ཉན་ཐོས་ཀྱི་ལུགས་ནི། སོ་སོ་སྐྱེ་བོའི་བློ་ཀུན་རྫོབ། འཕགས་པ་གསུམ་གྱི་མཉམ་གཞག་དོན་དམ། རྗེས་ཐོབ་ཀུན་རྫོབ། མྱ་ངན་ལས་འདས་པ་བློ་མེད་ཅིང་རྫས་སུ་གྲུབ་པར་འདོད། སེམས་ཙམ་པ་ཀུན་བརྟགས་དང༌། མ་དག་པ་གཞན་དབང༌། ཀུན་རྫོབ་ཡིན་པས་སོ་སོའི་སྐྱེ་བོའི་བློ་ཀུན་རྫོབ། དག་པ་གཞན་དབང་དོན་དམ་ཡིན་པས། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་མཉམ་གཞག་དོན་དམ། རྗེས་ཐོབ་ཀུན་རྫོབ། ཡོངས་གྲུབ་དོན་དམ་འབའ་ཞིག་ཡིན་པས། སངས་རྒྱས་དོན་དམ་འབའ་ཞིག་གོ་ཞེས་ཟེར་ཐལ་འགྱུར་བས་ནི། སོ་སོ་སྐྱེ་བོའི་བློ་འཁྲུལ་པ་ཀུན་རྫོབ། འཕགས་པ་གསུམ་གྱི་མཉམ་གཞག སྣང་བ་མེད་པས་དོན་དམ་འབའ་ཞིག་གོ་ཟེར། རང་རྒྱུད་པས་ནི། སོ་སོ་སྐྱེ་བོའི་བློ་ཀུན་རྫོབ། ཆོས་ཉིད་ཤེས་པ་རྣམ་གྲངས་ཀྱི་དོན་དམ། འཕགས་པ་གསུམ་གྱི་མཉམ་གཞག་དོན་དམ། རྗེས་ཐོབ་ཀུན་རྫོབ། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ། དག་པ་འཇིག་རྟེན་པ་དང་རྣམ་གྲངས་ཀྱི་ཀུན་རྫོབ་ཏུ་འདོད་དོ། །རང་གི་ལུགས་ནི། སོ་སོ་སྐྱེ་བོའི་བློ་ཀུན་རྫོབ། དོན་དམ་ཤེས་པ་རྣམ་གྲངས་ཀྱི་དོན་དམ། འཕགས་པ་གསུམ་གྱི་མཉམ་གཞག་དོན་དམ། རྗེས་ཐོབ་ཀུན་རྫོབ། སངས་རྒྱས་ཀྱི་ཡེ་ཤེས་ངོ་བོ། བདེན་གཉིས་ཟུང་དུ་འཇུག་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས། གཉིས་པར་ངོ་བོ་གང་དབྱེ་ན། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཏེ། མདོ་ལས་འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། བདེན་པ་འདི་གཉིས་ཀྱི་ནི་རྣམ་དབྱེ་མཛད། །གང་ཞིག་ཀུན་རྫོབ་གཞན་ནི་དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་མ་བསྟན་ནོ། །ཞེས་གསུངས། འདི་གཏན་ལ་འབེབས་པར་བྱེད་པ་ལ་བཞི་ལས། དང་པོ་མཚན་ཉིད་ནི། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད། མ་དཔྱད་པའི་བློ་ངོར་གྲུབ་ཅིང་བློ་དེའི་ངོར་དོན་བྱེད་པར་སྣང་བའོ། །དོན་དམ་པའི་བདེན་པའི་མཚན་ཉིད། རིག་པས་དཔྱད་པའི་བློ་ངོར་ཅིར་ཡང་མ་གྲུབ་ཅིང༌། བློ་གཞན་གྱིས་གནོད་པ་མེད་པ་ཞེས་བྱ་བ་ཡིན། གཉིས་པ་མཚན་གཞི་ནི། ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་བློའི་ཡུལ་དུ་བྱར་རུང་བ་དང༌། དོན་དམ་པའི་བདེན་པའི་མཚན་གཞི་བློའི་ཡུལ་ལས་འདས་པའོ། །གསུམ་པ་མཚོན་བྱ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་ཉིད་ཡིན། ཀུན་རྫོབ་ལ་ཡང༌། ལོག་པའི་ཀུན་རྫོབ་དང༌། ཡང་དག་པའི་ཀུན་རྫོབ་གཉིས་སུ་དབྱེ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས། ཡང་ཀུན་རྫོབ་ལ་རྣམ་གྲངས་དང༌། རྣམ་གྲངས་མ་ཡིན་པ་དང༌། དོན་དམ་པའང་རྣམ་གྲངས་དང༌། རྣམ་གྲངས་མ་ཡིན་པ་གཉིས་སུ་བློ་ངོར་དབྱེར་རུང་བ་ཡིན་ནོ། །བཞི་པ་མཚན་གཞི་ལ་མཚན་ཉིད་ངེས་པར་བྱ་བ་ཀུན་རྫོབ་ཀྱི་མཚན་གཞི་བློའི་ཡུལ་དུ་བྱར་རུང་ལ། མཚན་ཉིད་མ་དཔྱད་པའི་བློ་ངོར་གྲུབ་པ། རང་རིག་གིས་འགྲུབ་ལ། དོན་དམ་གྱིས་མཚན་གཞི། བློའི་ཡུལ་ལས་འདས་པའི་ཕྱིར་མཚན་ཉིད་ཡོད་མེད་དུ་དཔྱད་དུ་མེད་པ་ཉིད་ལས་མ་འདས་པ་ཡིན། དོན་གསུམ་པ་གཅིག་དང་ཐ་དད་བསམ་པ་ནི། ཡང་དག་པར་ན། ཁྱད་པར་གྱི་གཞི་ངོ་བོས་མ་གྲུབ་པའི་ཕྱིར། ཁྱད་པར་གྱི་ཆོས་གཅིག་དང་དུ་མ་མི་འགྲུབ་སྟེ། དགོངས་པ་ངེས་པར་འགྲེལ་པ་ལས། ཀུན་རྫོབ་ཁམས་དང་དོན་དམ་དེ་བཞིན་ཉིད། །གཅིག་དང་དུ་མ་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་རྣམ་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས། ཐ་སྙད་ཙམ་དུ་ངོ་བོ་དབྱེ་བ་མེད་པ་ལ། བློ་ཐ་དད་ལ་ལྟོས་ནས་ཐ་དད་དུ་བཞག་པ་ཡིན་ནོ། །དོན་གསུམ་པ་གྲངས་ངེས་པ་ནི། ཡུལ་ལ་དཔྱད་བཟོད་མི་བཟོད་གཉིས་དང༌། བློ་ལ་རྨོངས་མ་རྨོངས་གཉིས་དང༌། གང་ཟག་ལ་འཁོར་འདས་གཉིས་སུ་གྲངས་ངེས་པའི་ཕྱིར་བདེན་པ་གཉིས་སུ་གྲངས་ངེས་སོ། །བཞི་པ་མིང་གི་དོན་ནི། ཀུན་རྫོབ་ལ་སཾ་བྲྀཏྟ་ཟེར་ལ། པཾ་མྱཀ་ཡང་དག་པ། བྲྀ་ལས། ཨཱ་བ་ར་ཎ་སྒྲིབ་པ་སྟེ། ཡང་དག་པའི་དོན་ལ་སྒྲིབ་པས་ཀུན་རྫོབ། དོན་དམ་པ་ལ་པ་ར་མ་ཨརྠ་ཟེར། པ་ར་མ་དག་པ། ཨརྠ་དོན་ཏེ། དམ་པ་འཕགས་པའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །ལེའུ་བཞི་པའི་གཏོར་མའི་སྐབས་སུ། གཏོར་མའི་མངོན་རྟོགས་ལ། གང་དུ་གཏང་བའི་གནས། ནམ་གཏང་བའི་དུས། གང་གཏང་བའི་ཡོ་བྱད། ཇི་ལྟར་གཏོང་བའི་ཆོ་ག དེ་ལྟར་བཏང་བའི་དགོས་པ་དང་ལྔ་ཡོད། དང་པོ་གནས་ནི། རང་གི་ཁྱིམ་དང་དུར་ཁྲོད་ལ་སོགས་པར་གཏོང༌། དུས་ལ་གཉིས་ལས། རྒྱུན་གྱི་དུས་ནི། མཉམ་གཞག་གི་རྣལ་འབྱོར་གྱི་ཐུན་འཇུག་གོ །ཁྱེར་གྱི་དུས་ནི། ཡི་དྭགས་ཟླ་ཕྱེད་བཅུ་བཞི་ལ་སོགས་པའི་དུས་གཏོང༌། གསུམ་པ་ཡོ་བྱད་བཟའ་བ་དང༌། བཏུང་བ་ཅི་འབྱོར་པ། མེད་དུ་མི་རུང་བ་ཤ་དང༌། ཆང་ཡིན། བཞི་པ་ཆོ་ག་ལ་བཞི་ལས། རྫས་ཀྱི་ཏིང་ངེ་འཛིན་ལ། བསང་བ། སྦྱང་བ། བསྐྱེད་པ། བྱིན་གྱིས་བརླབ་པ་བཞིའོ། །གཉིས་པ་མགྲོན་གྱི་ཏིང་ངེ་འཛིན་ལ། བསྐྱེད་པ། དགུག་པ། བྱིན་གྱིས་བརླབ་པ། དབང་བསྐུར་བ་བཞིའོ། །གསུམ་པ་གཏོར་མ་དབུལ་བ་དངོས་ལ། གཏོར་མ་གཏང་བ། མཆོད་པ། བསྟོད་པ། ཕྲིན་ལས་གཞོལ་བ་དང་བཞིའོ། །བཞི་པ་མཇུག་གི་ཆོ་ག་ལ། རྡོ་རྗེའི་གླུ་དང༌། བཀྲ་ཤིས་ཀྱིས་བྱིན་དབབ་པ། དངོས་གྲུབ་བླངས་ནས་སྨོན་ལམ་གདབ་པ། བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ། བདག་ཉིད་བསྲུངས་ནས་གཏོར་མ་དོར་བའོ། །ལྔ་པ་བཏང་བའི་དགོས་པ་ནི། བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །ཞེས་པ་ཐུན་མོང་གི་དགོས་པ་དང༌། གལ་ཏེ་འདིར་གཏོར་མ་ལ་སོགས་པས་བྱེ་བྲག་ཆེད་དུ་བྱ་བའི་དངོས་གྲུབ་འགྲུབ་པ་ཡིན་ནོ། །ལེའུ་བདུན་པའི་སྐབས་སུ། ཚོགས་ཀྱི་དཀྱིལ་འཁོར་བཟའ་བ་ནི། ཉོན་ཅིག་ལྷ་མོ་བཞིན་བཟངས་མ། །ཞེས་པའི་སྐབས་སུ། ཚོགས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་དང་འབྲེལ་བས། དེ་ལ་གསུམ། མིང་གི་དོན་དང༌། ཇི་ལྟར་བྱ་བའི་ཆོ་ག་དང༌། དེ་ལྟར་བྱས་པའི་དགོས་པའོ། །དང་པོ་མིང་དོན་ལ་ལྔ་ལས། གང་ཟག་གི་སྒོ་ནས་བཏགས་ན། སྐྱེས་པ་ཁོ་ན་འདུས་ན་དཔའ་བོའི་སྟོན་མོ། བུད་མེད་ཁོ་ན་འདུས་ན་དཔའ་མོའི་སྟོན་མོ། གཉིས་ཀ་འདུན་ན་ཚོགས་ཀྱི་འཁོར་ལོ་ཞེས་བྱ། གཉིས་པ་དུས་ཀྱི་སྒོ་ནས་བཏགས་ན། དབང་བསྐུར་བ་དང༌། སྦྱིན་སྲེག་དང༌། རབ་གནས་དང་འབྲེལ་པ་ཙམ་ལ་ཙ་རུའི་བཟའ་བའམ། དགའ་སྟོན་ཞེས་བརྗོད་དོ། །གསུམ་པ་རྣལ་འབྱོར་གྱི་སྒོ་ནས་བཏགས་ན། ལྷའི་རྣལ་འབྱོར་མི་འདྲ་བ་སྒོམ་པ་འདུས་ནས་བྱེད་ན། མཛའ་བ་འདུས་པའི་སྟོན་མོ་དང༌། ལྷའི་གྲངས་དང་མཉམ་པའི་གང་ཟག་འདུས་ནས་དཀྱིལ་འཁོར་གཅིག་བསྒོམས་ན། མདུན་བསྐྱེད་གཙོ་བོར་མཆོད་པ་ཞེས་བྱ། བཞི་པ་དགོས་པ་ལ་བཏགས་ན། རིམས་དང་མུ་གེ་ལ་སོགས་པའི་གནོད་པ་བཟློག་པའི་དོན་དུ་ལྷའི་གྲངས་དང་མཉམ་པའི་གང་ཟག་འདུས་ནས། དཀྱིལ་འཁོར་གྱི་ལྷའི་བཀོད་པ་ལྟར་བཀོད་དེ། ཐམས་ཅད་ཀྱིས་དཀྱིལ་འཁོར་གཅིག་གི་རྣལ་འབྱོར་བསྒོམས་ནས་ཚོགས་ཀྱི་ཡོ་བྱད་ཀྱིས་མཆོད་དེ་སོ་སོའི་དམ་ཚིག་ལ་བསྐུལ་བ་ལ་སངས་རྒྱས་ཀྱི་གར་ཞེས་བྱ། ལྔ་པ་མཆོད་པའི་ཡུལ་ལ་བཏགས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མཆོད་པ་ནི། རིགས་ལྡན་མ་མཆོད་པ་ཞེས་བྱ། གྲོང་གི་ཆོས་ཀྱིས་མ་གོས་པའི་བུ་མོ་ལྷར་དམིགས་ཏེ་མཆོད་པ་ལ། གཞོན་ནུ་མའི་མཆོད་པ་ཞེས་བྱ། གཉིས་པ་ཇི་ལྟར་བྱ་བའི་ཚུལ་ལ། གང་ཟག གནས། དུས། ཡོ་བྱད། ཆོ་ག་དངོས་དང་ལྔ་ལས། དེ་ལ་དང་པོ་གང་ཟག་ནི། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ་ཆོ་གའི་རིམ་པ་ཤེས་པ་གཅིག་གམ། ཚོགས་པས་བྱེད་པ་ཡིན་ནོ། །གཉིས་པ་གནས་ནི་ལས་དང་པོ་པས། རང་གི་ཁྱིམ་དང༌། སེམས་བརྟན་པ་ཐོབ་པས་དུར་ཁྲོད་དང༌། བརྟན་པ་ཆེར་ཐོབ་པས་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པར་བྱེད། གསུམ་པ་དུས་ནི། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །ཞེས་གསུངས་པ་དང༌། བདེ་མཆོག་ལས། ཟླ་བ་མར་ངོའི་བཅུ་བཞི་དང༌། །ཁྱད་པར་དུ་ནི་བརྒྱད་པ་དང༌། །མར་གྱི་ངོ་ཡི་བཅུ་པ་ལ། །མཆོད་པས་མཆོད་པའི་བདག་ཉིད་འགྱུར། །ཞེས་གསུངས་པའི་དུས་རྣམས་ལ་བྱེད་པ་ཡིན་ནོ། །བཞི་པ་ཡོ་བྱད་ནི། དཀྱིལ་འཁོར་དང་གང་ཟག་ལ་མེད་དུ་མི་རུང་བའི་རྫས་ཤ་དང་ཆང་བསགས་ནས་བྱེད་དོ། །ལྔ་པ་ཆོ་ག་དངོས་ལ་གསུམ་ལས། དང་པོ་སྦྱོར་བ་ལ། གནས་ཁང་བརྒྱན་པར་བྱ་བ། རྫས་དང་ཡོ་བྱད་བཤམ་པ། སློབ་དཔོན་ནང་དུ་བཞུགས་པ། སྒོ་བ་དང་བརྡ་དང་བརྡའི་ལན་བྱས་ཏེ། ཤེས་ན་ནང་དུ་ཞུགས་ཏེ་རྒན་རིམ་གྱིས་གྲལ་ལ་འཁོད་ན་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ཏེ་སྲུང་བའི་འཁོར་ལོ་བསྒོམ་པ་དང་དྲུག་ཡོད། གཉིས་པ་དངོས་གཞི་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམས་ནས། མཆོད་པ་རྒྱས་པས་ཚིམ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་བདུད་རྩི་མྱངས་པས་ཚིམ་པ། ཆོས་སྐྱོང་དང་འབྱུང་པོ་གཏོར་མས་ཚིམ་པ་དཔའ་བོ་དང་རྣལ་འབྱོར་མ་ཁ་ཟས་ཀྱིས་ཚིམ་པ། སྐྱེ་མཆེད་ཀྱི་ལྷ་གླུ་གར་གྱིས་ཚིམ་པ། བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཚིམ་པ་དང་དྲུག་གོ །གསུམ་པ་རྗེས་ཀྱི་ཆོ་ག་ལ། ལྷག་མའི་གཏོར་མ་གཏང་བ། རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱིས་བྱིན་དབབ་པ། དངོས་གྲུབ་བླངས་ཤིང་སྨོན་ལམ་གདབ་པ། ཡི་གེ་བརྒྱ་པས་ཆོ་ག་ལྷག་ཆད་ཁ་བསྐང་བ། བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ། བདག་ཉིད་བསྲུངས་ནས་ལས་ཀྱི་རྗེས་བསྡུ་བ་དང་དྲུག་ཡིན། གསུམ་པ་དེ་ལྟར་བྱས་པའི་དགོས་པ་ལ་གཉིས་ལས། མཐར་ཐུག་གི་དགོས་པ་ནི། ཚོགས་རྫོགས་ནས་སངས་རྒྱས་བར་འགྱུར་ཏེ། རྡོ་རྗེ་གུར་ལས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་གསུངས། གནས་སྐབས་ཀྱི་དགོས་པ་ཐུན་མོང་གི་དངོས་གྲུབ་ཅི་དགོས་པ་འགྲུབ་སྟེ། གང་དུ་ཟོས་པས་འདོད་དོན་ཀུན། །སྒྲུབ་པ་ཅན་གྱི་དངོས་གྲུབ་འགྱུར། །ཞེས་གསུངས་སོ། །ལེའུ་བརྒྱད་པར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་གསུངས་པའི་སྐབས་སུ། མངོན་པར་རྟོགས་པ་ཐབས་རྒྱུད་ལས། སྐལ་བ་དམན་པ་རིམ་གྱིས་འཇུག་པ་དང་འབྲེལ། དེ་ལ་ཐུན་མོང་གི་ཐེག་པ་ལ་རིམ་གྱིས་བསླབ་པ་དང་ཐུན་མོང་མ་ཡིན་པའི་ཐེག་པ་ལ་རིམ་གྱིས་བསླབ་པ་གཉིས་ཡོད། དང་པོ་ཐུན་མོང་གི་ཐེག་པ་ལ་བསླབ་པ་ལ། སྤྱོད་པ་རིམ་པ་ཅན་ལ་བསླབ་པ་དང༌། ལྟ་བ་རིམ་པ་ཅན་ལ་བསླབ་པ་གཉིས་ཡོད། དང་པོ་སྤྱོད་པ་རིམ་པ་ཅན་ལ་བསླབ་པ་ལའང་སྐྱབས་སུ་འགྲོ་བ་དང༌། དུས་ཚིགས་ཀྱི་གསོ་སྦྱོང་དང༌། བསླབ་པའི་གནས་བསྟན་པ་དང༌། སེམས་བསྐྱེད་པ་དང་བཞི་ཡོད། དེ་ལ་ཐོག་མར་སྐྱབས་སུ་འགྲོ་བ་ལ་བདུན་ལས། དང་པོ་ཡུལ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་དཀོན་མཆོག་གསུམ་ཡིན་ནོ། །མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་སུ། །འཇིགས་པ་ཀུན་ལས་གྲོལ་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་རྒྱུ་ནི། ཡུལ་ལ་དད་པ་དང་རང་ཉིད་འཁོར་བའི་སྡིག་བསྔལ་གྱིས་འཇིགས་ནས། དེ་ལས་སྐྱོབ་པའི་དོན་དུ་སྐྱབས་སུ་འགྲོ། གསུམ་པ་ཚུལ་ནི། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་འཛིན་པའི་ཚུལ་གྱིས་སྐྱབས་སུ་འགྲོ། བཞི་པ་བསླབ་བྱ་ལ་གཉིས་ལས། ཐུན་མོང་གི་བསླབ་བྱ། སྐྱེས་བུ་དམ་པ་དང་འགྲོགས་པ་དང༌། དེ་ལས་དམ་པའི་ཆོས་ཉན་པ། ཉན་པའི་དོན་ཚུལ་བཞིན་དུ་ཡིད་ལ་བྱ་བ། ཡིད་ལ་བྱས་པ་དང་མཐུན་པར་བསྒྲུབ་པ། དངོས་གཞི་བཞི་དང༌། དབང་པོ་མི་རྒོད་པར་བྱ་བ་སེམས་ཅན་ལ་སྙིང་བརྩེ་བ། དཀོན་མཆོག་མཆོད་པ་ལ་བརྩོན་པ། ཅི་ནུས་ཀྱིས་སྡོམ་པ་བསྲུང་བ་སྟེ་བཞི། ཡན་ལག་དང་དེ་ལྟར་བརྒྱད་དོ། །གཉིས་པ་སོ་སོའི་བསླབ་བྱ། མྱ་ངན་ལས་འདས་པའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱོགས་མི་བྱེད། །ཅེས་གསུངས་པ་ལྟར། སངས་རྒྱས་མ་ཡིན་པ་ལ་སྟོན་པར་མི་འཛིན། ཆོས་མ་ཡིན་པ་ལ་ལམ་དུ་མི་འཛིན། དགེ་འདུན་མ་ཡིན་པ་ལ་གྲོགས་སུ་མི་འཛིན་པ་གསུམ་ཡིན། ལྔ་པ་ཕན་ཡོན་ནི། སྤྱིར་སྡིག་པ་འདག་ཅིང༌། ཁྱད་པར་དུ་ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་བསྲབས་པ། བདེ་བར་གཤེགས་པའི་བསྟན་པའི་སྒོར་ཚུད་པ་ཡིན། སྡོམ་པ་ཐམས་ཅད་ཀྱི་རྩ་བར་འགྱུར་བ། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བར་འགྱུར་བ། མཐར་ཐུག་སྐྱབས་གནས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་སྟེ་ལྔ་ཡིན། དྲུག་པ་དབྱེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་གཉིས། འཇིག་རྟེན་པ་ལ་བློ་འཇིག་རྟེན་པ་དང༌། ཡུལ་འཇིག་རྟེན་པ་གཉིས། འཇིག་རྟེན་ལས་འདས་པ་ལ་ཐེག་པ་ཐུན་མོང་པ་དང༌། ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་པ་ལ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལུགས་གཉིས། ཐུན་མོང་མ་ཡིན་པ་ལ། ཕར་ཕྱིན་དང་གསང་སྔགས་ཀྱི་ལུགས་གཉིས་ལས་དྲུག་ཏུ་འབྱེད་པ་ཡིན་ནོ། །བདུན་པ་མིང་གི་དོན་ནི། འཇིགས་པ་ལས་སྐྱོབ་པས་སྐྱབས་སུ་འགྲོ་བ་སྟེ། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང༌། །འཇིག་ཚོགས་ཐེག་པ་དམན་པ་དང༌། །ཐབས་མ་ཡིན་དང་ངན་སོང་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་བཤད། །ཅེས་གསུངས། གཉིས་པ་གསོ་སྦྱོང་ལ་བདུན་ལས། དང་པོ་བླང་བའི་ཡུལ་ནི། བྱེ་བྲག་ཏུ་སྨྲ་བས་བཙུན་པ་དང༌། མདོ་སྡེ་པས་གང་ཡང་རུང་བ་དང༌། གནས་བརྟན་པའི་ལུགས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་ལེན། གཉིས་པ་ལེན་པའི་གང་ཟག་ནི། བྱེ་བྲག་ཏུ་སྨྲ་བས་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང༌། བུད་མེད་དང༌། མདོ་སྡེ་པ་ཡན་ཆད་ཀྱིས་ལེན་པ་དང་བསྲུང་བར་འདོད་པའི་གང་ཟག་གང་ཡང་རུང་བས་ལེན། གསུམ་པ་བསམ་པ་ནི། ངན་འགྲོ་དང་འཁོར་བ་ལས་གྲོལ་བ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་བསམ་པས་ལེན། བཞི་པ་ཆོ་ག་ནི། བྱེ་བྲག་ཏུ་སྨྲ་བ་ནམ་བསྲུང་བའི་ནང་མོར་བཙུན་པའི་རྗེས་སུ་བཟླས་པ་དང༌། མདོ་སྡེ་པས་བསྲུང་བར་འདོད་པའི་ཉིན་པར་ལེན་པར་འདོད་པ་གང་ཡང་རུང་དུས་སུ་བཟླས་པས་ལེན། གསང་སྔགས་པ་རང་ཉིད་ཀྱིས་སེམས་བསྐྱེད་པའི་ཚུལ་གྱིས་ལེན། ལྔ་པ་བསླབ་བྱ་ནི། བསྲུང་བ་ཉིན་ཞག་ཕྲུགས་གཅིག་ལ་རྩ་བ་བཞི། ཡན་ལག་བཞི་དང་བརྒྱད་བསྲུང་སྟེ། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་བག་ཡོད་དེ། །བཞི་གཅིག་གསུམ་རིམ་གོ་རིམ་བཞིན། །ཞེས་གསུངས། དྲུག་པ་ཕན་ཡོན་ནི། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ཡང༌། མཐོ་རིས་ཀྱི་གོ་འཕང་ཐོབ་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བ་ཉིད་དོ། །བདུན་པ་མིང་གི་དོན་ནི་དགེ་བའི་བག་ཆགས་གསོ་བ་དང༌། སྡིག་པའི་བག་ཆགས་སྦྱོང་བས་ན་གསོ་སྦྱོང་སྟེ། གསོ་སྦྱོང་རང་གིས་བླང་བ་ལས། གང་ཕྱིར་དགེ་བ་མ་ལུས་གསོ་བ་དང༌། །བསགས་པའི་སྡིག་པ་འདི་ནི་སྦྱོང་བྱེད་པ། །དེ་ཕྱིར་གསོ་དང་སྦྱོང་བར་བྱེད་པས་ན། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་སུ་གསུངས། །ཞེས་གསུངས་སོ། །གསུམ་པ་བསླབ་པའི་གནས་བསྟན་པ་ལ་བདུན་ལས། སོ་སོར་ཐར་པའི་བསླབ་པའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ལས། མཚན་ཉིད་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པའོ། །གཉིས་པ་དབྱེ་བ་ལ་གསུམ་ལས། ངོ་བོས་དབྱེ་ན། བསྙེན་གནས། དགེ་བསྙེན། དགེ་ཚུལ། དགེ་སློང་དང་བཞིའོ། །གཉིས་པ་གང་ཟག་གིས་དབྱེ་ན། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། བར་སློབ་མ། དགེ་སློང་ཕ་མ་གཉིས། བསྙེན་གནས་གཅིག་ཏུ་བསྡུས་པ་དང་བརྒྱད་དོ། །གསུམ་པ་ཐོབ་ཚུལ་གྱིས་དབྱེ་ན། ཡང་དག་པར་བླངས་པ། བསམ་གཏན་གྱིས་ཐོབ་པ། ཟག་པ་མེད་པས་ཐོབ་པ་སྟེ་གསུམ་མོ། །གཉིས་པ་གང་གིས་ལེན་པའི་གང་ཟག་ནི། གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་ཆོ་གའི་སྤྱོད་ཡུལ་དུ་གྱུར་པས་ལེན། གསུམ་པ་བསམ་པ་ནི། རང་གི་དོན་དུ་གནས་སྐབས་དང༌། མཐར་ཐུག་གི་བདེ་བ་དོན་དུ་གཉེར་བས་ལེན། བཞི་པ་མ་ཐོབ་པ་འཐོབ་པར་བྱེད་པའི་ཐབས་ནི། སོ་སོའི་ཡུལ་གང་ཟག་གམ། དགེ་འདུན་ལ་བརྟེན་ནས་སྦྱོར་བ། དངོས་གཞི། རྗེས་ཚང་བའི་སྒོ་ནས་ལེན། ལྔ་པ་གཏོང་བའི་རྒྱུ། བསླབ་པ་ཕུལ་བ་ལ་སོགས་པས་གཏོང་སྟེ། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང༌། །རྩ་བ་ཆད་དང་མཚན་འདས་དང༌། །མཚན་གཉིས་ཅིག་ཅར་བྱུང་བ་ལས། །སོ་སོར་ཐར་བའི་འདུལ་བ་གཏོང༌། །ཞེས་གསུངས། དྲུག་པ་མི་ཉམས་པར་བསྲུང་བའི་ཚུལ་ལ་གཉིས་ལས། དང་པོ་མི་ཉམས་པར་བསྲུང་བ་ནི། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང༌། དགེ་སློང་མའི་སུམ་བརྒྱ་དྲུག་ཅུ་རྩ་བཞི་པར་སློབ་མའི་ཆོས་དྲུག་དང༌། དགེ་ཚུལ་གྱིས་དགེ་སློང་ལ་བཅས་པའི་ལས་གནང་བའི་ཆོས་བཅུ་གསུམ་པོ་མ་གཏོགས་པའི་གཞན་རྣམས་དང༌། དགེ་བསྙེན་ལ་རང་གིས་ཇི་ལྟར་བླངས་པའི་སྡོམ་པ་སྟེ། བསླབ་བྱ་དེ་རྣམས་ཤེས་པར་བྱས་ནས་ཡང་ཡང་བརྗོད་ཅིང་དྲན་པ་དང༌། བསྲུངས་པའི་ཕན་ཡོན་དང༌། མ་བསྲུངས་པའི་ཉེས་དམིགས་རྗེས་སུ་དྲན་པའི་སྒོ་ནས་བསྲུང་བར་བྱ། བདུན་པ་བསྲུངས་པའི་ཕན་ཡོན་ནི། མྱ་ངན་ལས་འདས་པའི་བསམ་པས་མ་ཟིན་ན་ཡང༌། བདེ་འགྲོའི་ཕུན་སུམ་ཚོགས་པའི་རྒྱུར་འགྲོ་སྟེ། མདོ་ལས། ཁྲིམས་ཀྱིས་འགྲོ་བ་བཟང་པོར་འགྲོ། །ཞེས་གསུངས། མྱ་ངན་ལས་འདས་པའི་བསམ་པས་ཟིན་ན། ཐར་པའི་གོ་འཕང་ཐོབ་པར་འགྱུར་ཏེ། སུམ་བརྒྱ་པ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །ཞེས་གསུངས། འོ་ན་བསླབ་པའི་གནས་བཅུ་པོ་གང་ཡིན་སྙམ་ན། ལུས་ཀྱི་མི་དགེ་བ་གསུམ་དང༌། ངག་གི་མི་དགེ་བ་བཞི་དང༌། ཡིད་ཀྱི་མི་དགེ་བ་གསུམ་སྟེ། མི་དགེ་བ་བཅུ་སྤངས་ནས། དགེ་བ་བཅུ་ལ་སློབ་པར་ཐམས་ཅད་འདུས་པའི་ཕྱིར་རོ། །ཞེས་རྗེ་བཙུན་གོང་མ་རྣམས་གསུང༌། ཆོས་རྗེ་ས་སྐྱ་པ་ཡབ་སྲས་ཀྱིས་ནི། དགེ་བསྙེན་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་སྲོག་གཅོད་པ་སྤོང་བ་ལ་སྣ་གཅིག་སྤྱོད་པའི་དགེ་བསྙེན། རྩ་བ་གསུམ་སྲུང་བ་ལ་སྣ་འགའ་སྤྱོད་པའི་དགེ་བསྙེན། རྩ་བ་བཞི་བསྲུང་བ་ལ་ཕལ་ཆེར་སྤྱོད་པའི་དགེ་བསྙེན། ཆང་དང་ལྔ་སྤོང་བ་ལ་ཡོངས་སུ་རྫོགས་པའི་དགེ་བསྙེན། རང་གི་ཁྱིམ་ཡང་སྤོང་བ་ལ་ཚངས་པར་སྤྱོད་པའི་དགེ་བསྙེན། ཡན་ལག་བརྒྱད་ཇི་སྲིད་འཚོའིབར་དུ་བསྲུང་བ་ལ་གོང་མའི་དགེ་བསྙེན་ཏེ། དགེ་བསྙེན་ལ་བདུན་དང༌། དགེ་ཚུལ་དང༌། བར་སློབ་མ་དང༌། དགེ་སློང་སྟེ་བཅུ་ཐམ་པར་འདུའོ། །ཞེས་གསུངས་པ་ཡིན་ནོ། །བཞི་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་བདུན་ལས། དང་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ངེས་པར་བྱ་བ་ལ་གསུམ་ཡོད་པའི་དང་པོ་མཚན་ཉིད་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་ཅིང༌། ཕན་པ་ཉེ་བར་བསྒྲུབ་པའི་སེམས་པ་རྒྱུན་ཆགས་པ། སངས་རྒྱས་ཀྱི་སྒྲུབ་བྱེད་ཁྱད་པར་ཅན་ནོ། །གཉིས་པ་དབྱེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཉིས་སོ། །གསུམ་པ་སོ་སོའི་རང་བཞིན་ངེས་པར་བྱ་བ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་གཉིས་ཡོད་པ་ལས། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ནི། འབྲས་བུ་རྫོགས་པའི་སངས་རྒྱས་ལ་སྨོན་པས་དེ་ཐོབ་པར་དམ་འཆའོ། །འཇུག་པ་སེམས་བསྐྱེད་པ་ནི། སངས་རྒྱས་དེ་ཐོབ་པའི་ཐབས་ལ་འདུན་པས། དེ་བསྒྲུབ་པར་དམ་བཅའ་བ་རྩོམ་པ་དང་བཅས་པ་སྟེ། མདོ་སྡེ་རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་པ་ལྟར་རོ། །གཉིས་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི། གཟུང་བ་དང་འཛིན་པ་ལས་གྲོལ་བ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་གཉིས་ལས། ཆ་མཐུན་པ་ནི། ཐོས་པ་དང༌། བསམ་པའི་ཚུལ་གྱིས་སྤྱིའི་ཚུལ་གྱིས་རྟོགས་པ། སོ་སོའི་སྐྱེ་བོའི་གནས་སྐབས་ནའང་ཡོད། བསྒོམས་པའི་སྟོབས་ཀྱིས་མངོན་སུམ་དུ་རྟོགས་པས་ཐོབ་པ་འཕགས་པ་ལ་འབྱུང་ངོ༌། །དེ་ཉིད་དམ་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བཏགས་སོ། །དེའང་མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱ། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་སོ། །གཉིས་པ་བླང་བའི་ཡུལ་ལ་རྟེན་མཐུན་པ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དང༌། རྟེན་མི་མཐུན་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། གཉིས་ཀའམ་གང་ཡང་རུང་བ་ལས་བླང་བར་བཤད། གསུམ་པ་གང་གིས་ལེན་ན། སེམས་ཙམ་པས་སོ་སོར་ཐར་པའི་རིགས་བདུན་གྱི་སྡོམ་པའི་རྟེན་དང་ལྡན་པས། དབུ་མ་པས་སྙིང་རྗེ་དང་ལེན་འདོད་ཀྱི་དད་པ་དང་འདུན་པ་དང་ལྡན་ན་འགྲོ་བ་རིགས་དྲུག་ཀ་ལ་སྐྱེ་བར་བཞེད་པ་ཡིན་ནོ། །བཞི་པ་བསམ་པ་གང་གིས་ལེན་ན། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པ་དང༌། སངས་རྒྱས་ཐོབ་པར་འདོད་པས་ལེན་ཏེ། མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་གཞན་ལ་ཕན་པར་སེམས། །ཆོས་ལ་མོས་དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་བར་དམིགས་པའོ། །ཞེས་གསུངས། ལྔ་པ་ཆོ་ག་ལ། སྦྱོར་བ། དངོས་གཞི། སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་བརྟན་ཅིང་འཕེལ་བའི་དོན་དུ་མཇུག་གི་ཆོ་ག་དང་གསུམ་གྱིས་བསྡུས་པ་ཡིན་ནོ། །དྲུག་པ་བསླབ་པར་བྱ་བ་ལ། མི་ཉམས་པར་བྱ་བའི་དོན་དུ་རྩ་བའི་ལྟུང་བ་དང༌། ཉེས་པ་ཤེས་པར་བྱ་བ་དང༌། ཉམས་ན་ཕྱིར་བཅོས་པ་གཉིས་སུ་འདུ་བ་ཡིན་ནོ། །བདུན་པ་ཕན་ཡོན་ནི། གནས་སྐབས་ཀྱི་བདེ་བ་དང་ལེགས་པར་འབྱུང་བ་དང་མཐར་ཐུག་མངོན་པར་འཚང་རྒྱ་བར་འགྱུར་བས། ཕན་ཡོན་དཔག་ཏུ་མེད་པ་ཡོད་པ་ཡིན་ནོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་ཕན་ཡོན་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་ཁྱབ་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས། དེ་རྣམས་ཀྱི་སྤྱོད་པ་རིམ་པ་ཅན་ལ་བསླབ་པ་བསྟན་ཟིན་ཏོ།།  །།ད་ལྟ་བ་རིམ་པ་ཅན་ལ་བསླབ་པ་ལ། བྱེ་བྲག་ཏུ་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མའི་ལྟ་བ་ལ་བསླབ་པ་དང་བཞི་ལས། དེ་ལ་དང་པོ་བྱེ་བྲག་ཏུ་སྨྲ་བའི་ཚུལ་ལ། གཞི་ཤེས་བྱའི་གནས། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་གསུམ་ཡོད། དང་པོ་ཤེས་བྱའི་གནས་ནི་གཞི་ལྔ་སྟེ། གཟུགས་ཀྱི་གཞི། སེམས་ཀྱི་གཞི། སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་པའི་གཞིའོ། །དེ་ལ་གཟུགས་ཀྱི་གཞི་ནི། གཟུགས་ཀྱི་ཕུང་པོ་སྟེ། ས་ཆུ་མེ་རླུང་བཞི་རྒྱུའི་གཟུགས་བཞི་དང༌། མིག རྣ་བ། སྣ། ལྕེ། ལུས་ཏེ། དབང་པོ་ལྔ། གཟུགས། སྒྲ། དྲི། རོ། རེག་བྱ་སྟེ་ཡུལ་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅོ་ལྔའོ། །སེམས་ཀྱི་གཞི་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར། རྣམ་པར་ཤེས་པ་ཚོགས་དྲུག་གོ །སེམས་ལས་བྱུང་བ་ནི། སེམས་པ་ལ་སོགས་པ་ལྔ་བཅུ་རྩ་ལྔ་ཡིན་ནོ། །ལྡན་པ་མ་ཡིན་པའི་འདུ་བྱེད་ནི་གཟུགས་དང༌། སེམས་དང་སེམས་ལས་བྱུང་བ་དང་མི་ལྡན་ཡང༌། འདུ་བྱེད་ཀྱི་ཆར་གཏོགས་པ་ཐོབ་པ་དང༌། མ་ཐོབ་པ་ལ་སོགས་པ་བཅུ་བཞི་ཡོད་པར་འདོད། འདུས་མ་བྱས་ནི་རྒྱུ་རྐྱེན་ལ་རག་མ་ལས་པས་འདུས་མ་བྱས་ཀྱང་རྫས་སུ་གྲུབ། ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ། གསུམ་དུ་འདོད་པ་ཡིན་ནོ། །བཀའ་གདུལ་བྱའི་ངོར་གསུངས་པས་དྲང་དོན་ཡིན་ལ། བསྟན་བཅོས་ནི་ངེས་དོན་དུ་གསུངས་པ་རྣམས་དགྲ་བཅོམ་པས་ཕྱོགས་གཅིག་ཏུ་བསྡེབས་པས་དེ་ལ་གཙོར་བྱེད་དོ། །གཉིས་པ་ཟག་པ་དང་བཅས་པ་ལ་གང་དུ་གང་དག་ཀུན་ནས་ཉོན་མོངས་པར་འགྱུར་བའི་སྣོད་བཅུད་ཀྱི་རྣམ་གཞག དེར་སྐྱེ་བའི་རྒྱུ་གང་གིས་ཀུན་ནས་ཉོན་མོངས་པར་འགྱུར་བའི་སྣོད་བཅུད་ཀྱི་རྣམ་གཞག་ལས། གང་ལ་སྐྱེ་བར་འགྱུར་བའི་ཕྲ་རྒྱས་ཀྱི་རྣམ་གཞག་དང་གསུམ་ཡོད། གསུམ་པ་ཟག་པ་མེད་པ་ལ་བདེན་པའི་རབ་ཏུ་དབྱེ་བ། དེའི་མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བའི་རིམ་པ། གང་ཟག་གི་རིགས་ཀྱི་རྣམ་གཞག ཤེས་པའི་དབྱེ་བ་ཏིང་ངེ་འཛིན་གྱི་དབྱེ་བ་དང་ལྔ་ཡོད། དེ་ལ་དང་པོ་བདེན་པའི་དབྱེ་བ་ལ་གཉིས། གཉིས་སུ་དབྱེ་བ་དང་བཞིར་དབྱེ་བའོ། །གཞིག་པའམ་བརྟགས་ན་དབྱེར་ཡོད་པ། ཀུན་རྫོབ་ཀྱི་བདེན་པ་དང༌། གཞིག་པ་དང་དབྱེར་མེད་པ་དོན་དམ་པའི་བདེན་པ་སྟེ། བདེན་པ་གཉིས་སུ་འབྱེད་པ་ཡིན། དེའང་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞལ། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས། གཉིས་པ་བཞིར་དབྱེ་བ་ནི། སྡུག་བསྔལ་དང་ཀུན་འབྱུང་འཁོར་བ་རྒྱུ་འབྲས་དང༌། འགོག་པ་དང་ལམ་མྱ་ངན་ལས་འདས་པ་རྒྱུ་འབྲས་སོ། །དེ་ལས་ཀྱང་དབྱེ་ན། སྡུག་བསྔལ་བ། མི་རྟག་པ། སྟོང་པ། བདག་མེད་པ། ཀུན་འབྱུང་བ། རྒྱུ་རབ་ཏུ་སྐྱེ་བ། རྐྱེན་གྱི་རྣམ་པ། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ། བྱང་ཆུབ་རྣམ་པ་གསུམ་དུ་ཕྱིན་པར་བྱེད་པས་ལམ་རིག་པ། བསྒྲུབ་པ། ངེས་པར་འབྱིན་པ་སྟེ། བཅུ་དྲུག་ཏུ་ཡང་དབྱེ་བ་ཡིན་ནོ། །གཉིས་པ་དེའི་མངོན་པར་རྟོགས་པ། རྒྱུད་ལ་སྐྱེ་ཚུལ་ནི། དང་པོ་ཚུལ་ཁྲིམས་ཀྱི་སྤྱོད་པ་རྣམ་པར་དག་པར་བྱ། དེ་ནས་ལུང་གི་ཆོས་ཐོས་པས་ཤེས་པར་བྱ། དེ་ནས་ཐོས་པའི་དོན་བསམ་པས་ངེས་པར་བྱ། དེ་ནས་ངེས་པའི་དོན་བསྒོམ་པས་མངོན་དུ་བྱ་སྟེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་གསུངས། དེའི་སྒོམ་པའི་རིམ་པ་ལ་ཞི་གནས་བསྒྲུབ་པ་དང༌། ལྷག་མཐོང་བསྐྱེད་པ་གཉིས་ཡོད། དང་པོ་ཞི་གནས་བསྐྱེད་པ་ནི། སྤང་བྱ་ཉོན་མོངས་པ་ཤས་ཆེ་བ་ལ་འདོད་ཆགས་ཤས་ཆེ་ན་མི་སྡུག་པ། ཞེ་སྡང་ལ་བྱམས་པ། གཏི་མུག་ལ་རྟེན་འབྲེལ་གྱི་རྣམ་པར་དབྱེ་བ་བསྒོམས་པས་ཞི་བར་བྱེད་ལ། རྣམ་རྟོག་མང་བ་ལ་དབུགས་དབྱུང་བ་དང༌། རྔུབ་པ་རྗེས་སུ་དྲན་པས་ཞི་བར་བྱེད་དེ། མཛོད་ལས། དེ་ལ་འཇུག་པ་མི་སྡུག་དང༌། །དབུགས་རྔུབ་དབྱུང་བ་དྲན་པ་ཡིས། །ཞེས་གསུངས། གཉིས་པ་ལྷག་མཐོང་བསྐྱེད་པའི་ཕྱིར། ལམ་ལྔ་བགྲོད་པ་ནི། དྲན་པ་ཉེ་བར་གཞག་པ་བཞིས་ཚོགས་ཀྱི་ལམ། སྦྱོར་ལམ་ལ་ཡང་དག་པར་སྤོང་བ་བཞིས་དྲོད། རྫུ་འཕྲུལ་གྱི་རྐང་པ་བཞིས་རྩེ་མོ། དབང་པོ་ལྔས་བཟོད་པ། སྟོབས་ལྔས་འཇིག་རྟེན་ཆོས་མཆོག་བགྲོད། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་མཐོང་ལམ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་སྒོམ་ལམ་བགྲོད་ནས། མཐར་ཕྱིན་པའི་ལམ་གྱིས་འབྲས་བུ་ལ་མཚམས་སྦྱོར། གསུམ་པ་གང་ཟག་གི་རིགས་རྣམ་པར་གཞག་པ་ལ། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཏེ་གསུམ་ཡིན་ནོ། །ཉན་ཐོས་ལ་སོ་སོ་སྐྱེ་བོའི་གནས་སྐབས་དང༌། འཕགས་པའི་གནས་སྐབས་གཉིས། སོ་སོའི་སྐྱེ་བོ་ལ། དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ཡིན་ནོ། །འཕགས་པའི་གནས་སྐབས་ལ། རྒྱུན་དུ་ཞུགས་པ། ལན་ཅིག་ཕྱིར་འོང་བ། ཕྱིར་མི་འོང་བ། དགྲ་བཅོམ་པ་དང་བཞི། དེ་རེ་རེ་ལའང་ཞུགས་པ་དང༌། འབྲས་བུ་ལ་གནས་པ་རེ་རེ་སྟེ་བརྒྱད་དུ་འགྱུར་རོ། །དགྲ་བཅོམ་པ་ལའང་ཡོངས་སུ་ཉམས་པ་བ། འཆི་བར་སེམས་པ་བ། རྗེས་སུ་བསྲུང་བ་པ། གནས་ལས་མི་བསྐྱོད་པ། རྟོགས་པའི་སྐལ་པ་ཅན། མི་གཡོ་བའི་ཆོས་ཅན་ཏེ་དྲུག་གོ །རང་སངས་རྒྱས་ལ་ཚོགས་ན་སྤྱོད་པ་དང༌། བསེ་རུ་ལྟ་བུ་གཉིས་ཡོད། བཞི་པ་ཤེས་པའི་དབྱེ་བ་ལ། ཤེས་པ་བཅུར་དབྱེ་བ། གང་ཟག་གང་ལ་ལྡན་པ། སངས་རྒྱས་ཀྱི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་གསུམ་ཡོད་པའི་དང་པོ་ཤེས་པ་བཅུར་དབྱེ་བ་ནི། ཀུན་རྫོབ་ཤེས་པ། ཆོས་ཤེས་པ། རྗེས་སུ་ཤེས་པ། ཕ་རོལ་གྱི་སེམས་ཤེས་པ། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པ་སྟེ། བཅུའོ། །གཉིས་པ་གང་ཟག་གང་ལ་ལྡན་ན། སོ་སོའི་སྐྱེ་བོ་ལ་ཀུན་རྫོབ་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་འབྱུང་བ་སྲིད་པས་གཉིས་དང་ལྡན་ལ། མཐོང་ལམ་སྐྱེས་ནས་ཆོས་ཤེས། རྗེས་ཤེས། སྡུག་བསྔལ། ཀུན་འབྱུང༌། འགོག་པ། ལམ་ཤེས་པ་སྟེ། བརྒྱད་དང་ལྡན་ལ། དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ལ་ནི་ཟག་པ་ཟད་པ་དང༌། མི་སྐྱེ་བ་ཤེས་པ་སྟེ་བཅུ་ཀ་དང་ལྡན་ནོ། །གསུམ་པ་སངས་རྒྱས་ཀྱི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་བ་ལའང་གཉིས་ཏེ། འཇིག་རྟེན་དང་ཐུན་མོང་བ་ནི། མངོན་པར་ཤེས་པ་ལྔ། ཚད་མེད་པ་བཞི། བསམ་གཏན་བཞི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི། ཟད་པར་བཅུ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའོ། །གཉིས་པ་ཉན་ཐོས་དང་ཐུན་མོང་བ་ལ་ཟག་པ་ཟད་པའི་མངོན་ཤེས། ཉོན་མོངས་པ་མེད་པ། སྨོན་གནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། ཏིང་ངེ་འཛིན་གསུམ་ལ་སོགས་པ་ཤེས་པ་རྣམས་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གསུམ་ལས། མ་འདྲེས་པའི་ཆོས་བཅོ་བརྒྱད། སྟོབས་བཅུ། མི་འཇིགས་པ་བཞི། དྲན་པ་ཉེ་བར་གཞག་པ་གསུམ། ཐུགས་རྗེ་ཆེན་པོའོ། །གཉིས་པ་མཉམ་པ་དང་མི་མཉམ་པའི་ཆ་བཤད་པ། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུས་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དང་སྐུ་ཚེ་དང༌། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་གསུངས་པས་མཉམ་པ་གསུམ་དང་མི་མཉམ་པ་གསུམ་ཡོད་པ་ཡིན་ནོ། །གསུམ་པ་ཕུན་སུམ་ཚོགས་པ་ལ་གཉིས་ལས། རྒྱུ་ཕུན་སུམ་ཚོགས་པ་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །གཉིས་པ་འབྲས་བུ་ཕུན་སུམ་ཚོགས་པ་ལ་བཞི་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པས། སྤངས་པ་ཕུན་སུམ་ཚོགས་པ། ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པས་ཡེ་ཤེས་ཕུན་སུམ་ཚོགས་པ། གདུལ་བྱ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་འགོད་པས་མཐུ་ཕུན་སུམ་ཚོགས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པས། གཟུགས་ཕུན་སུམ་ཚོགས་པའོ། །ལྔ་པ་ཏིང་ངེ་འཛིན་གྱི་ཁྱད་པར་ལ་བཞི་ལས། དང་པོ་མིང་གི་དོན་ནི། སེམས་རྩེ་གཅིག་པས་ན་ཏིང་ངེ་འཛིན། ཡིད་མི་གཡོ་བར་འཛིན་པས་ན་བསམ་གཏན། དམིགས་པ་ལ་སྙོམས་པར་འཇུག་པས་ན་སྙོམས་པར་འཇུག་པ་ཞེས་བྱ། གཉིས་པ་རྫས་སུ་དབྱེ་ན། བསམ་གཏན་བཞི་དང་སྐྱེ་མཆེད་བཞི་སྟེ་བརྒྱད། གསུམ་པ་འཁོར་བ་དང་མྱ་ངན་ལས་འདས་པར་འགྱུར་ཚུལ་ནི། ཏིང་ངེ་འཛིན་དེ་དག་ཟག་བཅས་ཀྱི་ཚུལ་གྱིས་བསྒོམས་ན་འཁོར་བའི་འབྲས་བུར་འགྱུར་ལ་ཟག་མེད་ལམ་གྱི་ཡེ་ཤེས་དང་འབྲེལ་བར་བསྒོམས་ན་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པར་འགྱུར་རོ། །བཞི་པ་དེ་ལ་རིགས་ཅན་གསུམ་གྲུབ་པའི་ཚུལ་ནི་ཏིང་ངེ་འཛིན་དེ་དག་དང་བཅས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་གཞི་བྱས་ནས་ཤེས་བྱའི་དཀྱིལ་འཁོར་ལ་སྦྱངས་པ་དང༌། བསོད་ནམས་ཀྱི་ཚོགས་ཀྱི་ཁྱད་པར་གྱིས་ཉན་ཐོས་དང་རང་སངས་རྒྱས་དང༌། སངས་རྒྱས་ཀྱི་འབྲས་བུའི་ཁྱད་པར་འབྱུང་བ་ཡིན་ནོ། །དེ་རྣམས་ཀྱིས་བྱེ་བྲག་ཏུ་སྨྲ་བའི་ལྟ་བ་ལ་བསླབ་པ་བསྟན་ཟིན་ཏོ། །གཉིས་པ་མདོ་སྡེ་པའི་ལྟ་བ་ལ་བསླབ་པ་ལ་བྱེ་བྲག་ཏུ་སྨྲ་བའི་ལོག་རྟོག་དགག་པ་དང༌། མདོ་སྡེ་པའི་ལུགས་བརྗོད་པ་གཉིས་ཡོད། དང་པོ་ལོག་རྟོག་དགག་པ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་མདོ་བས་བསྟན་བཅོས་ཚད་མར་འཛིན་པ་མི་འཐད་དེ། བསྟན་བཅོས་ཉིད་ཀྱང་མདོ་ལ་བརྟེན་པ་དང་གསུང་བ་པོ་སྟོན་པ་ལའང་མ་གུས་པ་སྟེ། སློབ་དཔོན་དབྱིག་གཉེན་གྱིས། བསྟན་བཅོས་དང་འགལ་བ་ནི་བླའི་མདོ་དང་འགལ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་སོ། །ལྟ་བ་དངོས་ཀྱི་འཁྲུལ་པ་དགག་པ་ནི། ཕྱི་རོལ་པའི་དོན་ཁས་ལེན་པའི་དབང་དུ་བྱས་ནས། གཟུགས་དང༌། སེམས་དང༌། སེམས་ལས་བྱུང་བ། རྫས་སུ་གྲུབ་པ་བདེན་མོད་ཀྱི། མི་ལྡན་པའི་འདུ་བྱེད་དང༌། འདུས་མ་བྱས་རྫས་སུ་གྲུབ་པ་མི་འཐད་དེ། གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལ་གཞན་པའི་རྫས་མི་དམིགས་ཤིང༌། སྒྲུབ་བྱེད་མེད་པའི་ཕྱིར་དང༌། འདུས་མ་བྱས་ལ་རྒྱུ་རྐྱེན་མེད་པའི་ཕྱིར། རང་གི་ངོ་བོ་མེད་ལ། ངོ་བོ་མེད་པ་ལ་བྱེད་པ་མེད་ཅིང༌། བྱེད་པ་མེད་པ་ལ་དངོས་པོ་མེད་ལ། དངོས་པོ་མེད་པ་ལ། ཡོད་ཅེས་བརྗོད་ཀྱང་བཏགས་ཡོད་དུ་འགྱུར་གྱི། རྫས་ཡོད་དུ་ག་ལ་འགྱུར། དེའང་སློབ་དཔོན་ཆོས་གྲགས་ཀྱིས། སྒྲ་དོན་བསྙོན་པ་མེད་རྣམས་ཀྱིས། །ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །དངོས་པོ་ཉིད་ནི་དཔྱད་བྱ་སྟེ། །འདི་ལ་འབྲས་འབྱུང་རག་ལས་ཕྱིར། །དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བཏགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བཏགས་ཅི་ཕན། །ཞེས་གསུངས། གཉིས་པ་མདོ་སྡེ་པ་རང་གི་ལུགས་བརྗོད་པ་ལ། མདོའི་རབ་ཏུ་དབྱེ་བ། མདོའི་ཚིག་འཆད་པའི་མན་ངག མདོའི་དོན་གཏན་ལ་དབབ་པའི་ཚུལ་དང་གསུམ་ཡོད། དང་པོ་མདོའི་རབ་ཏུ་དབྱེ་བ་ནི། བརྗོད་བྱས་ཕྱེ་ན། བསླབ་པ་གསུམ་སྟོན་པའི་སྡེ་སྣོད་གསུམ་ཡིན་ཏེ། ལྷག་པའི་ཚུལ་ཁྲིམས་སྟོན་པ་འདུལ་བ། ལྷག་པའི་ཏིང་ངེ་འཛིན་སྟོན་པ་མདོ་སྡེ། ལྷག་པའི་ཤེས་རབ་སྟོན་པ་མངོན་པ་རྣམས་ཡིན་ནོ། །བརྗོད་ཚུལ་གྱིས་ཕྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཏེ། མདོའི་སྡེ། དབྱངས་ཀྱིས་བསྙད་པའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། གླེང་གཞིའི་སྡེ། རྟོག་པ་བརྗོད་པའི་སྡེ། དེ་ལྟ་བུ་བྱུང་བའི་སྡེ། སྐྱེས་པ་རབས་ཀྱི་སྡེ། ཤིན་ཏུ་རྒྱས་པའི་སྡེ། ཆོས་རྨད་དུ་བྱུང་བའི་སྡེ། རྣམ་པར་གཏན་ལ་དབབ་པའི་སྡེ། དེ་ལྟར་བཅུ་གཉིས་སོ། །རང་སངས་རྒྱས་ལ་ནི་སྡེ་སྣོད་ལ་སོགས་པ་མེད་དེ། གཉིས་པ་མདོ་བཤད་པའི་ཚུལ་ནི། སློབ་དཔོན་དབྱིག་གཉེན་གྱིས། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པ་བཤད་པར་བྱ། །ཞེས་གསུངས་པ་ལྟར། མདོའི་ཚིག་སྤྱི་དང་བྱེ་བྲག་ཚན་པ་རེ་ལའང༌། དགོས་པའི་དོན་གང་ཡིན་པ། དེའི་བསྡུས་པའི་དོན། ཚིག་རེ་རེ་ནས་བཤད་པའི་ཚིག་གི་དོན། སྔ་ཕྱིའི་འབྲེལ་མཚམས་སྦྱོར་བའི་དོན། དེ་ལ་གཞན་གྱིས་བརྒལ་བ་ལ་ལན་གདབ་པ་སྟེ། ལྔས་འཆད་པ་ཡིན་ནོ། །གསུམ་པ་མདོའི་དོན་གཏན་ལ་དབབ་པ་གཉིས་ལས། ཇི་སྙེད་ཡོད་པ་གཏན་ལ་དབབ་པ་ནི། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་རྣམ་པར་གཞག་པ་གཏན་ལ་དབབ་པ་སྟེ། ཕལ་ཆེར་བྱེ་བྲག་ཏུ་སྨྲ་བ་དང་འདྲ་བ་ཡིན་ནོ། །གཉིས་པ་ཇི་ལྟ་བའི་དོན་གཏན་ལ་དབབ་པ་ལ། བདེན་པ་བཞི་དང༌། སྟོང་ཉིད་བཅུ་དྲུག་དང༌། དེ་བཞིན་ཉིད་གསུམ་དང༌། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང༌། རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པས། ལམ་དང་དངོས་པོའི་གནས་ལུགས་གཏན་ལ་འབེབས་པ་རྣམས་ཡིན། དེ་དག་གིས་བསྟན་པའི་དོན་མདོར་བསྡུ་ན། བྱེ་བྲག་ཏུ་སྨྲ་བའི་ཤེས་བྱའི་གཞི་ལྔ་ལས། གཟུགས་དང་སེམས་དང༌། སེམས་ལས་བྱུང་བ་ནི་ཕལ་ཆེར་འདྲ་ལ། འདུ་བྱེད་ནི་སྔ་མ་གསུམ་གྱི་གནས་སྐབས་ཀྱི་ཆོས་ལས་གཞན་མ་ཡིན་ཞིང༌། འདུས་མ་བྱས་ནི་མིང་དུ་བཏགས་པ་ཙམ་ལས་དོན་དུ་གྲུབ་པ་མེད་པས། ཤེས་བྱའི་གཞི་གསུམ་ཁོ་ན་ཡིན། འོན་ཀྱང་རྣམ་པར་ཤེས་པའི་དོན་གྱིས་གཏོད་བྱེད། ཕྱི་རོལ་གྱི་དོན་དུ་གནས་ཀྱང་དེས་གཏད་པའི་རྣམ་པར་སྣང་བ་ཤེས་པ་ཡིན་པས། སྣང་བ་འདི་མདོ་སྡེ་པས་ཀྱང་སེམས་སུ་འདོད། ལམ་དང་གང་ཟག་གི་ཁྱད་པར་ལ། ཉན་ཐོས་དང༌། རང་སངས་རྒྱས་བྱེ་བྲག་ཏུ་སྨྲ་བའི་འདོད་པ་དང་ཕལ་ཆེར་མཐུན་ལ། བྱང་ཆུབ་སེམས་དཔའ་ལ་ས་བཅུ་དང༌། སངས་རྒྱས་ལ་སྐུ་གསུམ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་ལ་སོགས་པ། ཐེག་པ་ཆེན་པོ་དང་མཐུན་པར་འདོད། དེས་ན་སློབ་དཔོན་ཁ་ཅིག་གིས་ཐེག་པ་ཆེན་པོའི་ཁོངས་སུ་བསྡུས་པའང་ཡོད་པ་ཡིན་ནོ། །དེ་རྣམས་ཀྱིས་མདོ་སྡེ་པའི་ལྟ་བ་གཏན་ལ་དབབ་པ་བསྟན་ཟིན་ཏོ།།  །།གསུམ་པ་སེམས་ཙམ་པའི་ལྟ་བ་ལ་བསླབ་པ་ལ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བསྒྲུབ་པ། མདོ་སྡེ་པའི་ལོག་རྟོག་དགག་པ། རང་གི་འདོད་པ་དང་གསུམ་ལས། དང་པོ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་ནི། ཉན་ཐོས་པ་དག་ན་རེ། ཐེག་པ་ཆེན་པོ་ཞེས་བྱ་བ་འདི་ནི། ཀཽཎྜི་ནྱ་ལ་སོགས་པ་སངས་རྒྱས། སངས་རྒྱས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་དྲུང་དུ་བསྡད་ཀྱང༌། ཐེག་པ་ཆེན་པོ་ཞེས་བྱ་བ་མ་ཐོས་པས་ཉན་ཐོས་ཀྱི་གཞུང་ལུགས་དག་ལ་མ་གྲགས་པས་བཀའ་མ་ཡིན་ལ། ཕྱིས་ཀླུ་སྒྲུབ་ལ་སོགས་པས་སྦྱར་བ་ཡིན་ནོ། །ཞེས་ཟེར་རོ། །དེ་བཀར་བསྒྲུབ་པ་ལ་སློབ་དཔོན་རྣམས་ཀྱིས་མི་འདྲ་བ་མང་དུ་གསུངས་ཀྱང༌། མགོན་པོ་བྱམས་པས་མདོ་སྡེ་རྒྱན་ལས། སྔར་ལུང་མ་བསྟན་ལྷག་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་གསུངས་པའི་དོན་ཉན་ཐོས་ཀྱི་སྡེ་སྣོད་དག་ལས། ཐེག་པ་ཆེན་པོ་ཞེས་བྱ་བའི་ཆོས་ལྟར་བཅོས་པ་འབྱུང་ཞེས་ལུང་མ་བསྟན་པ་དང༌། ཀཽཎྜི་ནྱ་ལ་སོགས་པའི་ཉན་ཐོས་ཀྱི་ཆོས་གསུངས་པའི་ཚེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་གསུངས་པས་ལྷན་ཅིག་བྱུང་ལ། ཤཱཀྱ་ཐུབ་པ་མ་ཡིན་པ་གཞན་གྱི་ཚིག་དང་དོན་ལ་སྐྱོན་མེད་ཅིང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཕུང་པོ་འདི་ལྟ་བུ་སྤྱོད་ཡུལ་མ་ཡིན་ཞིང༌། གལ་ཏེ་ཤེས་པ་བྱུང་ན་ཤཱཀྱ་ཐུབ་པའི་རྣམ་པ་མ་ཡིན་ཡང༌། སངས་རྒྱས་ཡིན་པས་སངས་རྒྱས་ཀྱི་བཀར་སྒྲུབ་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལས་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ཏེ་ཟབ་པ་དང་རྒྱ་ཆེ་བ་མ་གསུངས་པས་ཉན་ཐོས་ལས་གཞན་པའི་ཐེག་པ་ཆེན་པོ་གཅིག་མེད་ན། འབྲས་བུ་སངས་རྒྱས་མེད་ལ། སངས་རྒྱས་གཅིག་ཡོད་ན། སྒྲུབ་བྱེད་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་ཐེག་པ་ཆེན་པོ་གཅིག་ཡོད་པར་གྲུབ་ལ། ཆོས་ཐམས་ཅད་སྟོང་པ་ལ་སོགས་པར་གསུངས་པ་ནི། སྤང་བྱའི་གཉེན་པོར་གྱུར་པའི་སྒྲ་གཞན་གྱིས་སྟོན་པའི་ཕྱིར་འགལ་བར་མི་བསམ་མོ། །དེ་དག་གིས་ནི་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་འགྲུབ་བོ། །གཉིས་པ་མདོ་སྡེ་པའི་ལོག་པར་རྟོག་པ་དགག་པ་ནི། མདོ་སྡེ་པས་ཕྱི་རོལ་གྱི་དོན་ལྐོག་ན་མོ་བདེན་པར་འདོད་པ་མི་འཐད་དོ། །དངོས་པོའི་མཐའ་རྡུལ་ཕྲན་ཡིན་ལ། དེ་ཆ་མེད་འཇིག་མེད་བདེན་དངོས་སུ་གྲུབ་པ་ཡིན་ཟེར་རོ། །འདི་ནི་མི་འཐད་དེ། དབུས་ཀྱི་རྡུལ་ཕྲན་གཅིག་ལ། ཕྱོགས་དྲུག་ནས་རྡུལ་ཕྲན་འདུས་པའི་ཚེ། དབུས་ཀྱི་རྡུལ་ཕྲན་ལ་ཆ་ཡོད་མེད་བརྟགས་པས། ཆ་མེད་འཇིག་སྟེ། སློབ་དཔོན་དབྱིག་གཉེན་གྱིས། ཉི་ཤུ་པ་ལས། དྲུག་གི་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལཕྲན་ཙམ་དུ་འགྱུར། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་དུས་ཡོད་པ་དེ་གང་ཞིག །ཆ་ཤས་ཡོད་པ་མ་ཡིན་པས། །དེ་སྦྱོར་མི་འགྲུབ་མ་ཟེར་ཅིག །ཅེས་གསུངས་པ་ལྟར་རོ། །འོ་ན་ཕྱི་རོལ་གྱི་དོན་ཡོད་པར་གསུངས་པ་ཅི་ཡིན་སྙམ་ན། ཉི་ཤུ་པ་ལས། གཟུགས་སོགས་ཡོད་པར་བསྟན་པ་ནི། །དེས་འདུས་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྣལ་འབྱོར་སྤྱོད་པ་རང་གི་ཚུལ་ནི། སློབ་དཔོན་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པ་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་གསུངས་པས། དེ་སྟོན་པར་བྱེད་པ་ལ། ཤེས་བྱ་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པར་བསྡུ་བ། དེའི་ངོ་བོ་གཏན་ལ་དབབ་པ། དེ་ལ་འཇུག་པའི་ཚུལ། བྱང་ཆུབ་སེམས་དཔའི་སྒྲུབ་བྱེད། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དེའི་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་པའི་ས་བཅུར་དབྱེ་བ། ལམ་མཐར་ཕྱིན་པར་བྱེད་པའི་ཐབས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ། མཐར་ཐུག་གི་འབྲས་བུ་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ་བཅུའོ། །དང་པོ་ཤེས་བྱ་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པར་བསྡུ་བ་ལ་བཞི་ལས། དང་པོ་ཀུན་གཞི་ཡོད་པའི་རྒྱུ་མཚན་ནི། རྣམ་པར་གཏན་ལ་དབབ་པ་བསྡུས་པ་ལས། ལེན་དང་བཟོད་དང་གསལ་བ་དང༌། །ས་བོན་ལས་ནི་ལས་རྣམས་དང༌། །ལུས་ཀྱིས་མྱོང་དང་སེམས་མེད་པའི། །སྙོམས་འཇུག་དེ་བཞིན་འཆིར་མི་རུང༌། །ཞེས་གསུངས་པས། ཀུན་གཞི་མེད་ན་ལུས་ལེན་པ་མི་སྲིད་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་མི་སྲིད་པ་དང༌། སེམས་མེད་པའི་སྙོམས་པར་འཇུག་པ་ལས་ལྡང་བ་མི་སྲིད་པ་དང༌། འཆི་འཕོ་དང་སྐྱེ་བ་ལ་སོགས་པ་མི་སྲིད་པའི་སྐྱོན་ཡོད་པས། ཀུན་གཞིའི་རྣམ་པར་ཤེས་པ་ཡོད་དེ། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་སོ། །འོ་ན་ཉན་ཐོས་ཀྱི་ཐེག་པར་མ་གསུངས་པ་ཅི་ཡིན་སྙམ་ན། དེ་སྐལ་བ་དམན་པས་ཡུལ་མ་ཡིན་པའི་ཕྱིར་མ་གསུངས་ཏེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས། གཉིས་པ་དེའི་མཚན་ཉིད་ནི། རང་གི་ངོ་བོ་རིག་ཅིང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་འཁོར་འདས་ཀྱི་གཞིར་གྱུར་པ་ཡིན་ཏེ། སུམ་ཅུ་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་གསུངས་སོ། །གསུམ་པ་དེ་ལྟར་ལྡོག་པའི་དུས་ནི། དགྲ་བཅོམ་པ་ཐོབ་ནས་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ། རྐྱེན་ཟད་པས་རྒྱུན་ཆད་པའི་ཚུལ་གྱིས་ལྡོག་སྟེ། སུམ་ཅུ་པ་ལས། དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་གསུངས། སངས་རྒྱས་པའི་ཚེ་གནས་འགྱུར་གྱི་ཚུལ་གྱིས་ལྡོག་སྟེ། སློབ་དཔོན་ཙནྡྲ་གོ་མིས། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་འགྱུར། །ཞེས་གསུངས། བཞི་པ་དབང་ཕྱུག་ལ་སོགས་པ་དང་མི་འདྲ་བའི་ཁྱད་པར་ནི། འོ་ན་ཀུན་གཞི་དེའང་འཁོར་འདས་ཐམས་ཅད་ཀྱི་གཞི་བྱེད་པ་གཅིག་ཏུ་རྒྱུན་མི་འཆད་པར་ཡོད་པར་འདུག་ལ། མུ་སྟེགས་ཀྱིས་བཏགས་པའི་དབང་ཕྱུག་དང་གཙོ་བོ་ལ་སོགས་པའང༌། རྟག་པ་གཅིག་ཏུ་འཁོར་འདས་ཀྱི་བྱེད་པ་པོར་འདོད་པས། དེ་དང་མི་འདྲའམ་སྙམ་ན་མི་འདྲ་སྟེ། མུ་སྟེགས་ཀྱིས་བཏགས་པ་དེ་བདག་རྟག་པ་དང་རང་དབང་ཅན་དུ་འདོད་ཅིང༌། ཀུན་གཞི་ནི། སྐད་ཅིག་གིས་འཇིག་པས་མི་རྟག་ལ། ལས་དང་རྐྱེན་གྱིས་ཡོངས་སུ་སྒྱུར་བས་ན། རང་དབང་ཅན་མ་ཡིན་པས་མི་འདྲ་བ་ཉིད་དོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ། ཀུན་གཞི་དེ་ཉིད་ལ་ལྡོག་པས་ཕྱེ་ན་གསུམ་དུ་འགྱུར་ཏེ། ཀུན་བརྟགས། གཞན་དབང༌། ཡོངས་གྲུབ་བོ། །དེ་ལ་ཀུན་བརྟགས་ཀྱི་མཚན་ཉིད་ནི་དོན་མེད་ཀྱང་རྣམ་རིག་ཉིད་དོན་དུ་སྣང་བའོ། །དབྱེ་ན་ངོ་བོ་ཀུན་བརྟགས་དང༌། ཁྱད་པར་ཀུན་བརྟགས་སོ། །དེ་ལའང་ལྔ། མིང་ལ་དོན་དུ་རྟོག་པ། དོན་ལ་མིང་ཏུ་རྟོག་པ། མིང་ལ་མིང་དུ་རྟོག་པ། དོན་ལ་དོན་དུ་རྟོག་པ། གཉིས་ཀ་ལ་གཉིས་ཀར་རྟོག་པའོ། །ཀུན་བརྟགས་ཀྱི་མཚན་ཉིད། རྟོག་བཅས་ཀྱི་ཡིད་ཀྱི་ཤེས་པས། ཕྱིན་ཅི་ལོག་དུ་མ་བརྟགས་པས་ན་ཀུན་བརྟགས་སོ། །གཞན་དབང་གི་མཚན་ཉིད་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལས་བྱུང་བ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ། གཟུང་འཛིན་ལ་སོགས་པ་གཞན་དུ་རྟོག་པའོ། །དབྱེ་ན་མ་དག་པ་གཞན་དབང་འཁོར་བ་དང༌། དག་པ་གཞན་དབང་མྱ་ངན་ལས་འདས་པའོ། །མིང་གི་དོན་ནི། རང་གི་བག་ཆགས་ཀྱི་ས་བོན་ལས་སྐྱེས་ཤིང༌། སྐད་ཅིག་གཉིས་པར་མི་སྡོད་པ་སྔ་མའི་གཞན་དབང་དུ་འགྱུར་བའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི། གཞན་དབང་དེ་ཉིད་ལས། དོན་གྱི་རྣམ་པ་གཞན་མེད་པར་གྲུབ་པའོ། །དབྱེ་ན་གཉིས་ཏེ་འགྱུར་བ་མེད་པའི་ཡོངས་གྲུབ་སེམས་ཅན་གྱི་གནས་སྐབས་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ། སངས་རྒྱས་ཀྱི་གནས་སྐབས་སོ། །མིང་གི་དོན་ནི། རང་གསལ་བ་དེ་ཉིད་ལས་གཞན་མེད་པར་ཡོངས་སུ་གྲུབ་པས་ན་ཡོངས་གྲུབ་བོ། །གསུམ་པ་རྣམ་པར་རིག་པ་ལ་འཇུག་པའི་ཚུལ་ལ་བཞི་ལས། དང་པོ་གང་ཟག་གང་འཇུག་ན། ཐེག་པ་ཆེན་པོའི་རིགས་ཅན་ཚོགས་བསགས་ཤིང་སྨོན་ལམ་བཏབ་པ་གཅིག་འཇུག གཉིས་པ་རྒྱུ་གང་གིས་འཇུག་ན་གསུམ་སྟེ། དགེ་བའི་རྩ་བ་སྟོབས་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་སྙམ་པས། འབྲས་བུ་ལ་མི་ཞུམ་པ་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་འཇུག་སྙམ་པས། བསྒྲུབ་པ་ལ་མི་ཞུམ་པ་དང༌། བདག་གང་ལ་ཆགས་པ་དང༌། ཞེན་པ་མི་བྱ་སྙམ་དུ་སྟོབས་ལ་མི་ཞུམ་པ་སྟེ་མི་ཞུམ་པ་གསུམ་དང༌། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་སྤངས་པ། ཐེག་པ་ཆེན་པོ་ལ་སོམ་ཉི་སྤངས་བ། ཆོས་ལ་ཕྱོགས་འཛིན་མེད་པ། རྣམ་པར་རྟོག་པ་མངོན་ཞེན་སྤངས་ཏེ། སྤངས་པ་བཞི་དང༌། ཞི་གནས་དང་ལྷག་མཐོང་དང་ཟུང་འཇུག་ལ་གུས་པས་འཇུག་པ་ཡིན་ནོ། །གསུམ་པ་ཇི་ལྟར་འཇུག་ན། ཐོས་པས་མིང་ལ་འཇུག བསམ་པས་རྣམ་རིག་གི་དོན་ལ་འཇུག བསྒོམ་པས་རྣམ་རིག་ཏུ་ལྟ་བ་ལས་ཀྱང་བཟློག་ནས། ཡོངས་གྲུབ་རང་བཞིན་ལ་འཇུག་སྟེ། དེའི་ཚེ་འཕགས་པའི་སར་འཇུག་པ་ཡིན་ནོ། །དེའང་མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་སོན་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པར་བརྗོད་པའི་རྒྱུ་རྐྱེན་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་དག་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །བློ་དང་ལྡན་པའི་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཞག་པ། །རྩ་བ་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག །དྲན་རྒྱུ་རྟོག་པ་ཙམ་རིག་བསྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་གསུངས་པ་ལྟར་ཡིན་ནོ། །བཞི་པ་གནས་སྐབས་གང་དུ་འཇུག་པ་ནི། ལམ་ལྔའི་རིམ་པས་འཇུག་སྟེ། ཚོགས་ལམ་དང་སྦྱོར་ལམ་དུ་མིང་ལ་འཇུག མཐོང་ལམ་དུ་དོན་ལ་འཇུག བསྒོམ་ལམ་དུ་གོམས་པ་ལ་འཇུག མཐར་ཕྱིན་པའི་ལམ་དུ་དོན་མཐར་ཕྱིན་པ་ལ་འཇུག་གོ །བཞི་པ་བྱང་ཆུབ་སེམས་དཔའི་སྒྲུབ་བྱེད་ཕ་རོལ་དུ་ཕྱིན་པའི་སྤྱོད་པ་ལ་གསུམ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ནི། དགེ་བའི་ཕྱོགས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ནི། མདོ་སྡེ་རྒྱན་ལས། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་པ་ལ་བརྩེ། །ཡུལ་གྱི་གཞན་དབང་གྱུར་ལ་སྙིང་བརྩེ་དང༌། །ལོག་པར་མངོན་པར་ཞེན་ལ་སྙིང་བརྩེའོ། །ཞེས་གསུངས་པས། དྲུག་ཏུ་གྲངས་ངེས་ལ། དེའི་གཉེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་སོ། །གཉིས་པ་གོ་རིམ་ངེས་པ་ནི། སྔ་མ་སྔ་མ་ལ་བརྟེན་ནས། ཕྱི་མ་ཕྱི་མ་འབྱུང་བ་དང༌། སྔ་མ་དམན་ལ་ཕྱི་མ་མཆོག་ཏུ་གྱུར་པ་དང༌། སྔ་མ་རགས་ལ་ཕྱི་མ་ཕྲ་བའི་གོ་རིམ་གྱིས་གནས་ཏེ། མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་གོ་རིམ་ཡང་དག་འདོད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་མིང་གི་དོན་ནི། མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་བཟོད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས་པ་ལྟར་ཡིན། ལྔ་པ་དེའི་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུར་དབྱེ་བ་ནི། སྦྱིན་པས་ས་དང་པོ་རབ་ཏུ་དགའ་བ་ནས། ཤེས་རབ་ཀྱིས་ས་དྲུག་པ་མངོན་དུ་གྱུར་པའི་བར་དང༌། ཐབས་ཀྱིས་བདུན་པ་རིང་དུ་སོང་བ། སྨོན་ལམ་གྱིས་བརྒྱད་པ་མི་གཡོ་བ། སྟོབས་ཀྱིས་དགུ་པ་ལེགས་པའི་བློ་གྲོས། ཡེ་ཤེས་ཀྱིས་བཅུ་པ་ཆོས་ཀྱི་སྤྲིན་རྣམས་འགྲུབ་སྟེ། མདོ་སྡེ་རྒྱན་ལས། འདི་ཡི་མཐར་ཐུག་ས་ཡིན་ཏེ། །སོ་སོ་རང་གི་དེ་སྦྱོར་བས། །ཞེས་གསུངས་པ་ལྟར་ཡིན། དྲུག་པ་ལམ་མཐར་ཕྱིན་པར་བྱེད་པའི་ཐབས། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གསུམ་ལས། ངོ་བོ་ནི་སྤང་བྱ་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་གཉེན་པོ་སེམས་པ་རྒྱུན་ཆགས་པ་ཅན་ནོ། །གཉིས་པ་དབྱེ་ན་སྡོམ་པ་དང༌། དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །གསུམ་པ་སོ་སོའི་དོན་ནི། སྡིག་པ་འགོག་པ་ནི་སྡོམ་པ་སྟེ། མི་དགེ་བ་བཅུ་དང༌། ཉོན་མོངས་པ་གསུམ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་མཐར་ལྟུང་བ་ལས་ལྡོག་པ་སྟེ། སྐྱེས་བུས་ལམ་བགྲོད་པ་ལ་རྐང་པ་ཡ་བ་དང་འདྲའོ། །བདུན་པ་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་གསུམ་ལས། ངོ་བོ་ནི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་ཡིད་འཛིན་པའོ། །གཉིས་པ་དབྱེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གཉིས་སམ། དམིགས་པ་དང་བཅས་པ་དང་དམིགས་པ་མེད་པ་གཉིས་སམ། སྤོང་བ་དང་བསྒྲུབ་པའི་ཏིང་ངེ་འཛིན་གཉིས་སུ་འགྱུར་བ་ཡིན། གསུམ་པ་སོ་སོའི་རང་བཞིན་ནི། གཟུགས་ཁམས་བསམ་གཏན་བཞི་དང༌། གཟུགས་མེད་སྐྱེ་མཆེད་བཞི་ལ་སོགས་པ་འཇིག་རྟེན་པ་དང༌། འགོག་པའི་སྙོམས་འཇུག་ལ་སོགས་པ་འཇིག་རྟེན་ལས་འདས་པ་དང༌། དམིགས་པའི་ཡུལ་ལ་སོགས་པ་ལ་སེམས་གཏད་པ་དམིགས་པ་དང༌། བསྲུང་བྱ་དང་སྒོམ་བྱེད་ལས་གྲོལ་བ་ལ་མཉམ་པར་འཇོག་པ་དམིགས་པ་མེད་པ་སྟེ་གཉིས་དང༌། འདོད་ཆགས་གྱི་གཉེན་པོར་མི་སྡུག་པ་ལ་སོགས་པ་སྤོང་བའི་ཏིང་ངེ་འཛིན་དང༌། མངོན་པར་ཤེས་པ་དང༌། རྫུ་འཕྲུལ་མངོན་དུ་འགྲོ་བ་ལ་སོགས་པ་བསྒྲུབ་པའི་ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་ཏེ། སྐྱེས་བུ་ལམ་བགྲོད་པ་ལ་རྐང་པ་ཡ་བ་དང་འདྲའོ། །བརྒྱད་པ་ལྷག་པར་ཤེས་རབ་ཀྱི་བསླབ་པ་ལ་གསུམ། ངོ་བོ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གཏི་མུག་གི་གཉེན་པོར་འགྱུར་རོ། །གཉིས་པ་དབྱེ་ན། ཀུན་རྫོབ་ཤེས་པ་དང༌། དོན་དམ་པ་ཤེས་པ་གཉིས། གཉིས་པ་སོ་སོའི་རང་བཞིན་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་ཤེས་པས་ཀུན་རྫོབ་ཤེས་པ་དང༌། དེ་དག་གི་རང་བཞིན་དཔྱད་ན་རང་གིའང་ངོ་བོར་མ་གྲུབ་པས་ཤེས་བྱ་དང་ཤེས་བྱེད་ལས་རྣམ་པར་གྲོལ་བ་དོན་དམ་པ་ཤེས་པ་སྟེ། ཤེས་རབ་གཉིས་ནི་སྐྱེས་བུ་ལམ་བགྲོད་པ་ལ་མིག་དང་འདྲ་བ་ཡིན་ནོ། །དགུ་པ་འབྲས་བུའི་སྤངས་པ་ཕུན་སུམ་ཚོགས་པ་ལ་གཉིས། ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པ་དང༌། ཤེས་བྱའི་སྒྲིབ་པ་སླར་མི་ལྡོག་པར་སྤངས་པ་སྟེ། དེ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །བཅུ་པ་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་གཉིས་ལས། རྟེན་སྐུ་གསུམ་ནི། ངོ་བོ་ཉིད་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ་དང་གསུམ་ཡིན་ནོ། །གཉིས་པ་རྟེན་པ་ཡན་ལག་ལ་ལྔ་ལས། གནས་གྱུར་པ་ནི། འཁོར་བའི་ཆོས་མཐའ་ཡས་པ་གནས་གྱུར་པས། སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པར་གྱུར་བ་བརྙེས་པ་ཡིན། གཉིས་པ་དཀར་པོའི་ཆོས་ཀྱི་གཞི་ཡིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་མཐར་ཕྱིན་པས། རང་དང་གཞན་གྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། མདོ་སྡེ་རྒྱན་ལས། སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། །དེ་ནི་རིན་ཆེན་འབྱུང་གནས་བཞིན། །དགེ་བའི་ལོ་ཏོག་རྒྱུ་མཚན་ཕྱིར། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །ཅེས་གསུངས། གསུམ་པ་གཉིས་སུ་མེད་པ་ནི། སྟོང་པ་དང་སྙིང་རྗེ་ཟུང་དུ་ཆུད་པ་དང༌། དབྱིངས་དང་ཡེ་ཤེས་རོ་གཅིག་པ་བརྙེས་པས་ན་རོ་གཅིག་པ་ཡིན། བཞི་པ་རྟག་པའི་དོན་ནི། རྟེན་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་དང༌། ཐུགས་རྗེ་ཆེན་པོ་རྒྱུན་མི་འཆད་པ་དང༌། སེམས་ཅན་མི་ཟད་པས་མཛད་པ་རྒྱུན་མི་འཆད་པས་རྟག་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དེ་དག་གི་རྟེན་དགོངས་པ་དང༌། །ཕྲིན་ལས་དག་གིས་མཉམ་པ་ཉིད། །རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཡིན། །ཞེས་གསུངས། ལྔ་པ་བསམ་གྱིས་མི་ཁྱབ་པ་ནི། དེ་བཞིན་གཤེགས་པས་བསམ་གྱིས་མི་ཁྱབ་པའི་གནས་བརྙེས་པས། སངས་རྒྱས་ལས་གཞན་པ་གང་གིས་ཀྱང་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆ་དཔག་པར་མི་ནུས་ན། ཡོངས་སུ་རྫོགས་པ་ལྟ་ཅི་སྨོས། དེའང་སློབ་དཔོན་མ་ཏི་ཙི་ཏྲས། ཇི་ལྟར་ཁྱོད་ནི་ཉིད་ཀྱིས་མཁྱེན། །ཇི་ལྟར་ཁྱོད་ནི་ཁྱོད་འདྲས་མཁྱེན། །ཇི་ལྟར་ཁྱོད་གཞན་མི་འཚལ་བ། །དེ་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དེ་དག་གིས་སེམས་ཙམ་པའི་ཚུལ་ལ་ཇི་ལྟར་བསླབ་པ་བསྟན་ཟིན་ཏོ།།  །།བཞི་པ་དབུ་མ་པའི་ལྟ་བ་ལ་ཇི་ལྟར་བསླབ་པའི་ཚུལ་ལ་གཉིས་ལས། སེམས་ཙམ་པའི་ལོག་པར་རྟོག་པ་དགག་པ་དང༌། དབུ་མ་པ་རང་གི་ལུགས་བརྗོད་པའོ། །དང་པོ་སེམས་ཙམ་པའི་འདོད་པ་དགག་པ་ནི། སེམས་ཙམ་པས་གཟུང་བ་དང་འཛིན་པའི་དངོས་པོ་འདི་རྣམས་ཀུན་བརྟགས་པ་ཡིན་པས་འཁྲུལ་པ་ལ་སྣང་བས་རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན་ཀྱང༌། དེ་དག་གཞན་དབང་སེམས་སྐད་ཅིག་མ་ཡིན་ལ། དེའི་རང་བཞིན་ཡོངས་སུ་གྲུབ་པ་གཟུང་འཛིན་གྱི་དྲི་མ་དང་བྲལ་ཞིང་རང་རིག་རང་གསལ་ཆ་མེད་ཀྱི་དངོས་པོར་བདེན་ལ། དེ་ཉིད་དབུ་མ་ཡིན་ཏེ། དབུས་མཐའ་ལས། ཡོད་པ་མེད་པས་ཡོད་པས་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ལྟར་འདོད་དོ། །འདི་མི་འཐད་དེ། རིག་པ་ཆ་མེད་ཀྱི་དངོས་པོ་ནི། རྒྱུ་རྐྱེན་ལ་ལྟོས་སམ་མ་ལྟོས། མ་ལྟོས་ན་མེད་པའམ། རྟག་པར་འགྱུར་ལ། འདོད་ན་འཁོར་འདས་ཀྱི་རྟེན་དུ་ཡོད་པ་དང༌། དགྲ་བཅོམ་ཐོབ་ནས་རྒྱུན་འཆད་པ་དང༌། སངས་རྒྱས་ལ་གནས་གྱུར་པར་འདོད་པ་དང་འགལ་ལོ། །རྒྱུ་རྐྱེན་ཡོད་ན་བདེན་པར་མ་གྲུབ་པར་འགྱུར་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། རྒྱུ་དང་རྐྱེན་ལས་བྱུང་བ་ཡིན། །རང་བཞིན་བྱས་པ་ཅན་དུ་འགྱུར། །ངོ་བོ་ཉིད་ནི་བཅོས་མིན་དང༌། །གཞན་ལ་གནོད་ལྟོས་མེད་པའི་ཕྱིར། །ཞེས་གསུངས། བདག་ལས་སྐྱེ་བ་དང༌། གཞན་ལས་སྐྱེ་བ་དང༌། གཉིས་ཀ་ལས་སྐྱེ་བ་དང༌། གཉིས་ཀ་མ་ཡིན་པ་ལས་སྐྱེ་བ་བརྟགས་ན། སྐྱེ་བ་མི་འགྲུབ་ལ། སྐྱེ་བ་མེད་པ་ལ་ཡོད་པ་ག་ལ་རིགས། དབུ་མ་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས། བཅོམ་ལྡན་འདས་ཉིད་ཀྱིས། མ་དྲོས་པས་ཞུས་པའི་མདོ་ལས། གང་དག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས། གཉིས་པ་དབུ་མ་རང་གི་ལུགས་ལ། ཆོས་ཐམས་ཅད་བདེན་པ་གཉིས་སུ་བསྡུས་ནས་སྟོན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས། དེ་ལ་དོན་དམ་པའི་བདེན་པ་ནི། སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། བློའི་ཡུལ་ལས་འདས་པའི་ཕྱིར། དབུ་མ་པ་ཕལ་ཆེར་འདྲ་ལ། རྟག་པ་དང་ཆད་པ་དང་འཇུག་པའི་གཞིར་གྱུར་པ། ཀུན་རྫོབ་ཀྱི་བདེན་པ་ལ་ཚུལ་མི་འདྲ་བ་ལྔ་ཡོད། དེ་ལ་དང་པོ་བྱེ་བྲག་ཏུ་སྨྲ་བ་དང་ཚུལ་མཚུངས་པ་ནི། ཀུན་རྫོབ་ཀྱི་རྣམ་གཞག་ཤེས་བྱའི་གཞི་ལྔ་བྱེ་བྲག་ཏུ་སྨྲ་བས་ཇི་ལྟར་འདོད་པ་ཁས་ལེན་ལ། ཀུན་རྫོབ་ཏུ་དེ་ལྟར་སྣང་ཡང༌། རིག་པས་བརྟགས་ན། དེ་དག་སོ་སོའི་རང་བཞིན་དུ་བདེན་པར་མ་གྲུབ་བོ་ཞེས་སྨྲའོ། །གཉིས་པ་མདོ་སྡེ་སྤྱོད་པ་བ་ནི། ཀུན་རྫོབ་ཀྱི་རྣམ་གཞག་ཤེས་བྱའི་གཞི་གསུམ་མདོ་སྡེ་པ་དང་འདྲ་བར་འདོད་ལ། རིག་པས་བརྟགས་ན། གཞི་གསུམ་པོ་ཉིད་ཀྱང་བདེན་པར་མ་གྲུབ་བོ་ཞེས་ཟེར་རོ། །གསུམ་པ་རྣལ་འབྱོར་སྤྱོད་པ་བ་ནི། ཀུན་རྫོབ་བག་ཆགས་ལས་བྱུང་བའི་ཕྱིར་སེམས་ཙམ་པ་དང་འདྲ་ལ། བག་ཆགས་ཀྱི་གཞི་རྣམ་རིག་ཉིད་ཀྱང༌། རིག་པས་དཔྱད་ན་བདེན་པར་མ་གྲུབ་བོ་ཞེས་ཟེར་རོ། །བཞི་པ་སྒྱུ་མ་པ་ནི། ཀུན་རྫོབ་ཀྱི་སྣང་བ་ཉིད་སྒྱུ་མའི་རྣམ་པར་སྣང་བ་ལྟར། རྣམ་པ་སྣ་ཚོགས་སུ་སྣང་ཡང༌། སྒྱུ་མས་བསླད་པའི་དབང་ཤེས་ལ་སྣང་བ་ལྟར། མ་རིག་པས་བསླད་པའི་འཁྲུལ་ཤེས་ལ་སྣང་ངོ་ཞེས་ཟེར་རོ། །ལྔ་པ་འཇིག་རྟེན་གྲགས་སྡེ་པ་ནི། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་སྣང་བ་དང༌། འཇིག་རྟེན་ན་ཇི་ལྟར་གྲགས་པ་ཙམ་དུ་ཟད་ལ། རིག་པས་རྣམ་པར་བརྟག་ཅིང་དཔྱད་དུ་མེད་དེ། དཔྱད་པའི་གཞི་མ་གྲུབ་བོ་ཞེས་འདོད་དོ། །དེ་ལྟར་ན་ཤེས་བྱ་ཐམས་ཅད་བདེན་གཉིས་ཟུང་འཇུག་ཏུ་གནས་པས། གཞི་དབུ་མ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་སློབ་པ་ལམ་དབུ་མ། སྐུ་གཉིས་ཟུང་དུ་ཆུད་པས་འཁོར་འདས་ལ་མི་གནས་པ། འབྲས་བུ་དབུ་མ་སྟེ། རྒྱུ། ལམ། འབྲས་བུའི་ཆོས་ཐམས་ཅད་མཐའ་གཉིས་དང་བྲལ་བའི་ཕྱིར་དབུ་མའོ་ཞེས་བྱ་བ་འདི་ནི། དབུ་མའི་ལམ་ལ་ཇི་ལྟར་སློབ་པའི་ཚུལ་ཡིན་ནོ།།  །།གཉིས་པ་ཐུན་མོང་མ་ཡིན་པའི་ཐེག་པ་ལ་རིམ་གྱིས་འཇུག་པ་ནི། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་པའི་དོན་སྟོན་པ་ལ། སྔགས་ཀྱི་རིམ་པ་ལ་ནི། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་གསུངས་པས། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་བཞི་ལ་རིམ་གྱིས་སློབ་བོ། །དེ་ལ་ཐོག་མར་བྱ་བའི་རྒྱུད་ཀྱི་དབང་ནི་ཆུ་དང་ཅོད་པན་གྱི་དབང་ངོ༌། །གྲོལ་བར་བྱེད་པ་ལམ་ལ་གཉིས་ཀྱི་ཐུན་མོང་གི་དངོས་གྲུབ་ནི། ཞི་བ་ལ་སོགས་པ་ཆོ་ག་ཞིབ་མོ་སྟོན་པ་ནི། རིག་པ་མཆོག་དང་དོན་ཡོད་ཞགས་པ་ལ་སོགས་པ་ལ་སློབ། མཆོག་སྒྲུབ་པ་ནི་རས་བྲིས་དང༌། མཆོད་རྟེན་ལ་བརྟེན་ནས་སྔགས་དང༌། ཏིང་ངེ་འཛིན་དང་དཀའ་ཐུབ་ཀྱི་སྒོ་ནས་ལམ་བསྒྲུབ་པ་སྟེ། བསམ་གཏན་ཕྱི་མ་དང་ལེགས་པར་གྲུབ་པ་ལ་སོགས་པ་ནས་གསུངས། གཉིས་པ་སྤྱོད་པའི་རྒྱུད་ཀྱི་དབང་ནི། ཆུ། ཅོད་པན། རྡོ་རྗེ། དྲིལ་བུ། མིང་སྟེ་ལྔའོ། །གྲོལ་བར་བྱེད་པ་ལམ་ལ་གཉིས་ལས། འཇིག་རྟེན་པའི་དངོས་གྲུབ་ནི། བཟླས་བརྗོད་དང་སྦྱིན་སྲེག་ལ་སོགས་པ་ལ་བརྟེན་ནས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་སྟེ། འཇམ་དཔལ་རྩ་བའི་རྟོག་པ་ལ་སོགས་པ་ལས་གསུངས། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པ་ནི། བདག་བསྐྱེད་དང༌། མདུན་བསྐྱེད་དང་གཉིས་ཀ་ལ་བརྟེན་ཞིང་བདེ་བ་དང་རྣལ་འབྱོར་ཆ་མཉམ་པར་སྤྱད་པས་འདས་པའི་དངོས་གྲུབ་སྒྲུབ་པ་སྟེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པ་ནས་གསུངས། གསུམ་པ་རྣལ་འབྱོར་གྱི་རྒྱུད་ཀྱི་དབང་ནི། ཆུ། ཅོད་པན། རྡོ་རྗེ། དྲིལ་བུ། མིང༌། རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་གོ །གྲོལ་བར་བྱེད་པ་ལམ་ལ་གཉིས་ལས། གང་ཟག་སློབ་མའི་རིགས་ཅན་ནི། སློབ་མའི་དབང་ཙམ་བསྐུར་ནས་ལྷ་རེ་རེའི་རྣལ་འབྱོར་ལ་བསླབས་པས་དེ་དང་འབྲེལ་པའི་ལམ་བསྒྲུབས་ལ། སློབ་དཔོན་གྱི་རིགས་ཅན་ལ་ནི། སློབ་དཔོན་གྱི་དབང་ཡང་བསྐུར་ནས་དེའི་དམ་ཚིག་ལ་སློབ་ཏུ་བཅུག་ལ། དེ་ཁོ་ན་ཉིད་བཅུ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་དང༌། ཕྱག་རྒྱའི་ཡེ་ཤེས་མཆོག་གི་དངོས་གྲུབ་སྟེ། འདི་དག་དེ་ཉིད་བསྡུས་པ་དང༌། རྡོ་རྗེ་རྩེ་མོ་ལ་སོགས་པ་ནས་གསུངས་སོ། །བཞི་པ་རྣལ་འབྱོར་བླ་ན་མེད་པ་ལ། དབང་བུམ་དབང་ལ་སོགས་པ་བཞི། ལམ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལ་སློབ་པ་སྟེ། དེའང་ཐོག་མར་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་བླ་མེད་ཀྱི་ཕ་རྒྱུད་ལ་སློབ། དེ་ནས་བདེ་མཆོག་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་ལ་སློབ། དེ་ལྟར་སྔགས་ཀྱི་རིམ་པ་ཀུན་ཤེས་པ་དང༌། ཀྱེའི་རྡོ་རྗེའི་སྣོད་དུ་འགྱུར་བས་དེ་རྗེས་ཀྱེའི་རྡོ་རྗེ་བརྩམ་ཞེས་གསུངས། དེ་དག་གི་ཕན་ཡོན་ནི། སློབ་མས་གུས་པས་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས། ལེའུ་བཅུ་པར། བུད་མེད་དང་ནི་སྐྱེས་པ་ཡི། །གང་གི་སྲིན་ལག་རྩ་བ་ལ། །ཞེས་བྱ་བའི་སྐབས་སུ། མངོན་པར་རྟོགས་པ་རྒྱུའི་རྒྱུད་དང་འབྲེལ་བས། རྒྱུའི་རྒྱུད་ལ་གཉིས་ཡོད་པའི་དང་པོ་མཚན་ཉིད་ཆོས་གང་ཞིག་རྐྱེན་ལམ་དང་ཕྲད་ན། འབྲས་བུ་སངས་རྒྱས་འབྱུང་དུ་རུང་བ་རྒྱུན་ཆགས་པ་ཅན་ནོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ནི། སློབ་དཔོན་གརྦྷ་རི་པས་རྒྱུད་ལ་འཇུག་པ་ལས། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞིར་ནི་འདོད། །ཅེས་གསུངས་པའི་དོན་ལ། རྒྱུ་ལ་ལྟོས་པ། རིགས་ལ་ལྟོས་པ། སྤང་བྱ་ལ་ལྟོས་པ། རྐྱེན་ལ་ལྟོས་པ་བཞི་ཡོད་པ་ལས། དང་པོ་རྒྱུ་ལ་ལྟོས་པ་ལ་བཞི་ལས་སེམས་ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་ལ། དྲི་མ་གློ་བུར་བ་ཡིན་པའི་ཕྱིར་སྦྱང་དུ་རུང་བས། ཀྱེའི་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་གསུངས་ལ། སེམས་ཀྱི་རང་བཞིན་སྤྲོས་བྲལ་དེ་ཉིད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་འདི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས། གཉིས་པ་རྒྱུ་གང་གིས་གང་དུ་འཁོར་བ་ནི། སེམས་རིག་པ་ཉིད་ཐོག་མ་མེད་པ་ནས་ལྷན་ཅིག་སྐྱེས་པའི་དྲི་མས་བསྒྲིབས་པས། ཡུལ་ཇི་ལྟ་བ་བཞིན་མི་ཤེས་པ་མ་རིག་པ་ཡིན་ལ། དེའི་དབང་གིས་འགྲོ་བ་རིགས་དྲུག་ཏུ་འཁོར་ཏེ། བྱིས་པ་མི་ཤེས་པས་བསྒྲིབས་པ་ནས། འཁོར་བར་འགྱུར་གྱི་བར་གསུངས། གསུམ་པ་རྐྱེན་གང་གིས་ཇི་སྲིད་དུ་འཁོར་བ་ནི། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་ཆགས་སྡང་སྐྱེ་བའི་རྐྱེན་བྱས་ནས། ལས་འདུས་བྱས་ལམ་དང་མ་ཕྲད་ན་མཐའ་མེད་པར་འཁོར་ཏེ། ཀྱེའི་རྡོ་རྗེ་ལས། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས་པ་ནས། ཡིད་ཀྱི་བདེ་སོགས་ཐོབ་པ་ཡིན་ནམ་བར་གསུངས་ཤིང་རིན་པོ་ཆེའི་ཕྲེང་བ་ལས་ཀྱང༌། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ང་རུ་འཛིན་ལས་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བ་བྱུང༌། །ཞེས་གསུངས་པ་ལྟར་རོ། །བཞི་པ་སེམས་སྦྱངས་ནས་གྲོལ་བའི་ཚུལ་ནི། སེམས་ཀྱི་གློ་བུར་གྱི་དྲི་མ་སྦྱོང་བའི་རྐྱེན་ལམ་རྣམས་བསྒོམས་པས་དྲི་མ་ཐམས་ཅད་དག་ནས་དབྱིངས་དང་ཡེ་ཤེས་རོ་གཅིག་པར་གྱུར་པ་ནི། རྣམ་པར་གྲོལ་བ་མཐར་ཐུག་པ་སྟེ། རྡོ་རྗེ་གུར་ལས། ནམ་མཁའ་ལྟ་བུར་དྲི་མ་མེད། །ངན་པར་བརྟགས་པའི་རྣམ་རྟོག་གིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །སེམས་དག་པས་ནི་དག་པར་འགྱུར། །ཞེས་གསུངས། གཉིས་པ་རིགས་ལ་ལྟོས་པ་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་ལ་ཁྱད་པར་མེད་ཀྱང༌། ཆོས་ཅན་གྱི་ཁྱད་པར་གྱིས་རིགས་སོ་སོ་དང་འབྲེལ་པ་འབྱུང༌། གང་གི་རིགས་སུ་གྱུར་པའི་ལྷ་བསྒྲུབས་ན་འགྲུབ་ཉེ་ཞིང༌། རིགས་ཀྱི་རྟགས་ནི། ཀྱེའི་རྡོ་རྗེ་ལས། བུད་མེད་དང་ནི་སྐྱེས་པའི་ནས། དེ་ཡི་རིགས་སུ་འགྱུར་རོའི་བར་གསུངས། གསུམ་པ་སྤང་བྱ་ལ་ལྟོས་པ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་སྤང་བྱར་བྱེད་པའི་ཉོན་མོངས་པ་ནི། གསང་སྔགས་ཀྱི་ལུགས་ཀྱིས་གྲོལ་བའི་རྐྱེན་དུ་འགྱུར་ལ། དེའང་ཉོན་མོངས་པ་གང་ཤས་ཆེ་བས། དེ་དང་འབྲེལ་བའི་ལྷ་བསྒྲུབས་ན་འགྲུབ་པར་འགྱུར་ཏེ། རྡོ་རྗེ་གུར་ལས། བྱང་ཆུབ་ཆགས་བྲལ་ལས་སྐྱེས་སྤངས། །སེམས་ཅན་གང་ཞིག་བདེ་བྱེད་པ། །ཆགས་པས་བྱང་ཆུབ་རབ་བསྒྲུབ་ཕྱིར། །པདྨ་གར་གྱི་དབང་ཕྱུག་འགྱུར། །ཞེས་པ་དང༌། བརྟག་གཉིས་ལས། གང་དང་གང་གི་འཇིག་རྟེན་ནས། །ལས་གྲོལ་ཏེ། ཞེས་གསུངས། བཞི་པ་རྐྱེན་ལ་ལྟོས་པ་ནི། ཉན་ཐོས་ཀྱི་ལམ་ལ་འཇུག་པའི་སྐལ་བ་མེད་པར་འདོད་པས་མཚམས་མེད་ལྔ་བྱེད་པའང༌། གསང་སྔགས་ཀྱི་ཐབས་དང་ཕྲད་ན། ལམ་ལ་མི་སྒྲིབ་པར་གྲོལ་བར་འགྱུར་ཏེ། བརྟག་གཉིས་ལས། མཚམས་མེད་ལྔ་ནི་ནས། འགྲུབ་པར་འགྱུར་གྱི་བར་གསུངས། རྐྱེན་དགེ་བས་ཟིན་ན་མྱུར་དུ་གྲོལ་བར་འགྱུར་ཏེ། དགེ་བ་བཅུ་ལས་ནས། ངེས་འགྲུབ་འགྱུར་ཞེས་གསུངས་སོ། །རྒྱུད་ཀྱི་མངོན་པར་རྟོགས་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*