དཔལ་བརྟག་པ་གཉིས་པའི་འགྲེལ་པ་དག་ཆུང་དང་སྤྱི་དོན་གསལ་བ།

༼པ༽

༄༅། །དཔལ་བརྟག་པ་གཉིས་པའི་འགྲེལ་པ་དག་ཆུང་དང་སྤྱི་དོན་གསལ་བ་བཞུགས་སོ།།

༄༅། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་འདི་འཆད་པར་བྱེད་པ་ལ། གང་གིས་གཏན་ལ་འབེབས་པར་བྱེད་པ་སྤྱིའི་དོན་དང༌། གང་གཏན་ལ་དབབ་པར་བྱ་བའི་གཞུང་གི་དོན་གཉིས་བདོག སྤྱིའི་དོན་ལ་བཞི་ཡོད། གང་བཤད་པ་དང་མཉན་བྱའི་ཆོས་ཕྱོགས་གང་དུ་གཏོགས་ངོས་གཟུང་བ། ངོས་ཟིན་པ་དེའི་མཚན་གྱི་དོན། མཚན་དེ་ལྡན་གྱི་རྒྱུད་བཤད་ཐབས་ཀྱི་མན་ངག དེ་ལྟར་བཤད་པ་དེ་གང་ཟག་གི་རྒྱུད་ལ་སྐྱེ་བ་མངོན་པར་རྟོགས་པའི་རིམ་པ་སྟེ་བཞི་ལགས། དེ་ལ་སྤྱིར་ཕྱོགས་གང་དུ་གཏོགས་ན། སྤྱིར་གང་ཟག་ལ་གྲུབ་མཐས་བློ་བསྒྱུར་བ་དང༌། མ་བསྒྱུར་བ་གཉིས་ཡོད་པ་ལ། འདི་བློ་བསྒྱུར་བའི་ཕྱོགས་ཀྱི་ཚུལ་ལགས། དེ་ལའང་ཕྱི་རོལ་པ་དང༌། ནང་པ་སངས་རྒྱས་པ་གཉིས་ཡོད་པ་ལས། འདི་ནང་པ་སངས་རྒྱས་པའི་ཕྱོགས་ལགས། དེ་ལའང༌། ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་ཡོད་པ་ལས། འདི་ཐེག་པ་ཆེན་པོ་ལགས། ཐེག་ཆེན་ལའང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་ཀྱི་ཐེག་པ་གཉིས་ཡོད་པ་ལས། འདི་གསང་སྔགས་སུ་གཏོགས་པ་ཡིན། གསང་སྔགས་ལའང་བྱ་བ་དང༌། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་ཆེན་པོ་དང་བཞི་ཡོད་པ་ལས། འདི་རྣལ་འབྱོར་ཆེན་པོ་ཡིན། རྣལ་འབྱོར་ཆེན་པོ་ལ་ཡང༌། ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད། གཉིས་སུ་མེད་པའི་རྒྱུད་དང་གསུམ་ཡོད་པ་ལས། འདི་གཉིས་སུ་མེད་པའི་རྒྱུད་ཀྱི་མཆོག་ཀྱེའི་རྡོ་རྗེ་ཞེས་བགྱི་བ་ལགས། དེ་ལ་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་གཉིས་ཡོད་པ་ལས། འདི་རྩ་བའི་རྒྱུད་ལགས། དང་པོ་རྩ་བའི་རྒྱུད་ལའང་གདུལ་བྱ་ཚེ་རིང་ཞིང་ཤེས་རབ་ཆེ་བའི་དོན་དུ་གསུངས་པ། རྒྱུད་རྒྱས་པ་དང༌། མ་འོངས་པའི་དུས་ཀྱི་གདུལ་བྱ་ཚེ་ཐུང་ཞིང་བློ་དམན་པའི་དོན་དུ་གསུངས་པའི་རྒྱུད་བསྡུས་པ་དང་གཉིས་ཡོད་པ་ལས། འདི་བསྡུས་པའི་རྒྱུད་དུ་གདའ། དེའི་གཞུང་གི་ཚད་ཀྱི་དབང་དུ་བགྱིས་ན། ཐབས་ཤེས་རབ་ཟུང་འཇུག་མཚོན་པའི་ཕྱིར་བརྟག་པ་གཉིས། ལེའུ་ཉི་ཤུ་རྩ་གསུམ། ཤློ་ཀ་བདུན་བརྒྱ་ལྔ་བཅུ་ཐམ་པ་བདོག བཞུགས་པའི་ཚུལ་ཚོང་བ་ཚོང་གི་ཁེ་མཐོང་ནས་ཚོང་ལ་འཇུག་པ་ལྟར། འབྲས་བུ་སྔོན་དུ་བསྟན་པས། དེ་ལ་བྲོད་པ་སྐྱེས་ནས་ལམ་ལ་འཇུག་ཅིང་ནན་ཏན་བྱེད་པར་འགྱུར་བས། གང་ཟག་གཞུག་པའི་དོན་དུ་འབྲས་བུ་ཐོག་མ་བསྟན་པའི་ཚུལ་དུ་བཞུགས། མདོ་རྒྱས་ཀྱི་རིམ་པ་མཚན་གྱིས་མདོར་བསྟན། གླེང་གཞིས་ཅུང་ཟད་རྒྱས་པར་བཤད། བརྟག་པ་དང་པོས་རྒྱས་པར་བཤད། ཕྱི་མས་ཤིན་ཏུ་རྒྱས་པར་བཤད་པ་སྟེ་བཞི་བདོག དེ་རྣམས་ཀྱིས་བཤད་བྱའི་ཆོས་ཕྱོགས་གང་དུ་གཏོགས་ངོས་གཟུང་བ་བསྟན་པ་ལགས། དེ་ངོས་ཟིན་པ་དེའི་མཚན་དོན་གྱི་དབང་དུ་བགྱིས་ན། མཚན་བཏགས་པའི་དགོས་དོན། བསྡུས་དོན། ཚིག་དོན་གསུམ་བདོག་པ་ལས། དགོས་པ་རྒྱུད་ཀྱི་ཀླད་དུ་མཚན་སྨོས་པས། གང་ཟག་དབང་པོ་རབ་ཀྱིས་རྒྱུད་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད། འབྲིང་གིས་བརྗོད་བྱ་ངོས་ཟིན། ཐ་མས་ཀྱང་མཚན་དོན་འབྲེལ་བར་རྟོགས་པ་ལགས་པར་གདའ། བསྡུས་དོན་ལའང་གསུམ་ཡོད་པ་ལས། མཚན་གདགས་པའི་ཡུལ་རྒྱུད་སྡེ་རིན་པོ་ཆེ་ཚིག་གི་ཕྲེང་བ་ཚོགས་པ་འདི་ཉིད་ལས། བཏགས་པའི་མཚན་དཔལ་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ཉིད་ཡིན་པར་གདའ། འདོགས་པའི་ཚུལ་དོན་དེ་ལ་མིང་འདོགས་པའི་རྒྱུ་མཚན་ཡོད་པས། རྗེས་སྒྲུབ་ཅན་གྱི་མིང་ཞེས་བྱ་བ་ལགས་སྐད། ཚིག་གི་དོན་ལ་རྒྱུད་འདི་བཟུང་ཞིང༌། ཉམས་སུ་བླངས་པ་སྒྲུབ་པ་པོའི་དཔལ་དུ་གྱུར་པས་ན་དཔལ། ཀྱེ་ནི་འབོད་ཅིང་བསྐུལ་བ་སྟེ། སེམས་ཅན་གྱི་དོན་ལ་བསྐུལ་བས་སྙིང་རྗེ་ཡིན་ལ། དེ་སྟོན་པས་ན་ཀྱེ། རྡོ་རྗེ་ནི་རྡོ་རྗེ་ལྟར་མི་ཕྱེད་པས་སྟོང་པ་ཉིད་ཡིན་ལ། དེ་རྟོགས་པའི་ཡེ་ཤེས་སྟོན་པས་རྡོ་རྗེ། རྒྱུད་ནི་རྗོད་བྱེད་རྒྱུན་ཆགས་པས་རྒྱུད། རྒྱལ་པོ་ནི་གསང་སྔགས་གཞན་ལས་ཁྱད་པར་འཕགས་ཤིང་དོན་གསལ་བར་སྟོན་པས་རྒྱལ་པོ་ཞེས་བགྱི་བ་ལགས། དེ་ལྟར་ན། དགོས་དོན། བསྡུས་དོན། ཚིག་དོན་གསུམ་གྱིས་མཚན་གྱི་དོན་བསྟན་པ་ལགས། དེ་ལྟར་ངོས་ཟིན་པ་དེའི་བཤད་ཐབས་ཀྱི་མན་ངག་ལ། སྤྱིར་རྒྱུད་ཐ་དད་ཀྱི་རྗེས་སུ་འབྲངས་ནས། སློབ་དཔོན་སོ་སོའི་དགོངས་པས་བཤད་ཚུལ་མང་དུ་ཡོད་ཀྱང༌། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སློབ་དཔོན་བིརྺ་པས་མན་ངག་དྲུག་གིས་འཆད་པར་གདའ། དེའང་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡི་གེ་དང་ནི་ཡན་ལག་དང༌། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པ། །མན་ངག་རྣམ་པ་དྲུག་གིས་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གསུངས་པས། མདོ་སྡེ་དང་རྒྱུད་སྡེ་གང་འཆད་ཀྱང༌། བརྗོད་བྱའི་དོན་དུ། རྗོད་བྱེད་ཀྱི་སྒྲ་གཉིས་ཀྱིས་གཏན་ལ་འབེབས་པར་གདའ། དེ་ལ་རྒྱུད་འདིས་བརྗོད་བྱའི་དོན་གང་སྟོན་ན། སྤྱི་དང༌། སྦས་པ་དང༌། མཐར་ཐུག་གསུམ་སྟོན། དེ་ཡང་ཆོས་སོ་སོའི་ཐུན་མོང་དུ་གྱུར་པ་ལ་སྤྱི་ཟེར། དེ་ལ་དབྱེ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཐུན་མོང་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང༌། འཇིག་རྟེན་གྱི་དངོས་གྲུབ་སྒྲུབ་པ་དང་ཐུན་མོང་དུ་གྱུར་པ་བསྐྱེད་པའི་རིམ་པ་སྟེ་གཉིས་ཡིན་སྐད། སྦས་པ་ནི་སྣོད་མ་ཡིན་པ་ལ་གབ་ཅིང་གསང་བའི་དོན་གྱིས་ན་སྦས་པ་ཞེས་བྱ་བ་ཡིན་ལ། དེ་བུམ་དབང་ཐོབ་པ་མན་ཆད་ལ་སྦས་ཤིང་གསང་བས་ན། དབང་གོང་མའི་ལམ་ལ་ཟེར་བ་ཡིན་པར་གདའ། དེ་ལ་དབྱེ་ན་རང་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོ་གཉིས་ལགས། མཐར་ཐུག་དེ་བས་གོང་ན་བོགས་དབྱུང་རྒྱུ་མེད་པས་མཐར་ཐུག་ཟེར་བ་ལགས། དབྱེ་ན་གཉིས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་མཐར་ཐུག་བཅུ་གཅིག་པའི་སངས་རྒྱས་དང༌། གསང་སྔགས་པའི་མཐར་ཐུག་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡིན་པར་གདའ། དེ་དག་སྟོན་པར་བྱེད་པའི་རྗོད་བྱེད་ཀྱི་སྒྲ་ལ། ཡན་ལག ཡི་གེ བསྡུས་དོན་གསུམ་ཡོད། དེ་ཡང་གཞུང་ཡན་ལག་སོ་སོར་ཕྱེ་ནས་སྟོན་པ་ལ་ཡན་ལག་གི་དོན་ཞེས་ཟེར། གཞུང་གི་ཡི་གེ་ལས་སྒྲ་དྲངས་ཏེ་བཤད་པ་དང༌། དབྱིབས་མཐུན་པས་དོན་སྟོན་པ་དང༌། ཡི་གེ་ཁ་ཕྲལ་ནས་བཤད་པ་རྣམས་ལ། ཡི་གེའི་དོན་གྱི་བཤད་པ་ཟེར། ཤ་ལ་བ་ལ་དང༌། ཆང་ལ་མ་ད་ན་ལ་སོགས་པའི་སྒྲ་འཇུག་པའི་རྒྱུ་མཚན་ཡང་མེད། ཡི་གེ་ལས་ཀྱང་བཤད་དུ་མི་རུང་ལ། སངས་རྒྱས་ཀྱིས་ཇི་བཞིན་མ་ཡིན་པའི་སྒྲས་གསུངས་པ་ལ། བསྡུས་པའི་དོན་གྱིས་བཤད་པ་ཟེར་བར་གདའ། དེ་ལྟར་བཤད་ཚུལ། གཞུང་སོ་སོ་ལ་སྦྱར་ནས་བཤད་པ་དང༌། རེ་རེ་ལའང་བཤད་ཚུལ་གཉིས་དང་གསུམ་ཅི་རིགས་པར་སྦྱར་ནས་བཤད་པ་དེ་འཆད་པའི་ཚུལ་ལགས་ཏེ། དེ་རྣམས་ཀྱི་བཤད་ཐབས་ཀྱི་ཚུལ་བསྟན་པ་ལགས། དེ་ལྟར་བཤད་པའི་དོན་དེ་གང་ཟག་གི་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ་ནི། གསང་བ་འདུས་པའི་རྒྱུད་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པས། སྤྱིར་གང་ཟག་གི་ཤེས་རྒྱུད་བར་མ་ཆད་ཅིང་རྒྱུན་ཆགས་པ་ལ་རྒྱུད་ཟེར། དེ་ལ་དབྱེ་ན་རྒྱུད་གསུམ་དུ་འགྱུར་ཏེ། ཇི་ལྟ་བུ་ཅིག་ཡིན་ན། རྒྱུ་རྒྱུད་ཀྱི་མཚན་ཉིད་ཆོས་གང་ཞིག་རྐྱེན་དང་ཕྲད་ན་འབྲས་བུ་སངས་རྒྱས་འབྱུང་དུ་རུང་བ་ཐོག་མ་མེད་པ་ནས་རྒྱུན་ཆགས་པ་ཅན་ཞེས་བྱ་བ་ཡིན་པས་ཐ་མལ་པ་ལམ་ལ་མ་ཞུགས་པའི་གནས་སྐབས་ལ་ཟེར་བར་གདའ། ཐབས་རྒྱུད་ཀྱི་མཚན་ཉིད་ཆོས་གང་ཞིག་རྒྱུ་ལས་འབྲས་བུ་འབྱིན་པའི་རྐྱེན་དུ་འགྱུར་བ་རྒྱུན་ཆགས་པ་ཅན་ཞེས་བྱ་བ་ཡིན་པས། ལམ་ལ་ཞུགས་ནས་འབྲས་བུ་མ་ཐོབ་ཀྱི་བར་ལ་ཟེར། དེ་ལ་འཇུག་ཚུལ་གཉིས། གསང་སྔགས་ལ་མི་མོས་པའི་སྐལ་པ་དམན་པ་ལ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ལ་སོགས་པ་རིམ་གྱིས་སློབ་པ་སྐལ་བ་དམན་པ་ལ་རིམ་གྱིས་སློབ་པ་ཞེས་བྱ་བ་ལགས། དང་པོ་ནས་སྔགས་ལ་མོས་ན་གཞན་ལ་སློབ་མི་དགོས་པར་དེ་མ་ཐག་དབང་བསྐུར་ནས་ལམ་ལ་སློབ་པ་དེ་སྐལ་བ་དང་ལྡན་པ་ཅིག་ཅར་དུ་འཇུག་པར་གདའ། དེ་གཉིས་ཀས་བསླབ་པར་བྱ་བའི་ཐབས་རྒྱུད་ལ་སྨིན་པར་བྱེད་པ་དབང་དང༌། གྲོལ་བར་བྱེད་པ་ལམ་གཉིས་བདོག ལམ་ལ་གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ། གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་སྟེ་གསུམ་ཡོད། མཆོག་སྒྲུབ་པ་ལ་ལྔ། དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ། རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ། ལྷ་ཡེ་ཤེས་སུ་རྟོགས་པའི་ཐབས་རྫོགས་པའི་རིམ་པ། རིམ་པ་གཉིས་ལ་གནས་པ་དེས་དྲོད་ཐོབ་ནས། རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྤྱོད་པ། སྤྱོད་པ་མཐར་ཕྱིན་པས་འབྲས་བུ་ལ་མཚམས་སྦྱོར་བ་ཉེ་བའི་རྒྱུ་རྣམས་ཡིན། གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་དེ་བཞིན་གཤེགས་པའི་ཐུགས་སྙིང་པོ་ནས་བསྐུལ་བའི་དོན་དུ་སྔགས་ཀྱི་བཟླས་པ། བར་ཆད་ཞི་བར་བྱེད་པའི་ཐབས་གཏོར་མ། སྐུ་གཟུགས་བྱིན་གྱི་བརླབས་ཀྱིས་འགྲུབ་པའི་ཕྱིར་རབ་གནས། དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག སེམས་ཅན་དམན་པ་ལ་མོས་པ་རྗེས་སུ་འཛིན་པ་ལ་ལས་ཀྱི་ཚོགས་རབ་འབྱམ་སྟེ་ལྔ་བདོག གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་ལ་བཞི་བདོག བསྲུང་བའི་དམ་ཚིག བཟའ་བའི་དམ་ཚིག མི་འབྲལ་བའི་དམ་ཚིག སྒྲུབ་པའི་དམ་ཚིག་རྣམས་ལགས། དེ་རྣམས་ཀྱིས་ཐབས་ཀྱི་རྒྱུད་བསྟན་ནས། ལམ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ཀྱི་མཚན་ཉིད། ཆོས་གང་ཞིག་རྒྱུ་དང་རྐྱེན་གྱི་ནུས་པ་མཐར་ཕྱིན་པས། གོང་དུ་བགྲོད་རྒྱུ་མེད་པ་རྒྱུན་ཆགས་པ་ཅན་ཞེས་བྱ་བ་ཡིན་ནོ། །དེ་ལ་དབྱེ་ན་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས་དང༌། མཐར་ཐུག་པའི་འབྲས་བུ་སངས་རྒྱས་ཀྱིས་གཉིས་ལགས་ཏེ། དེ་རྣམས་ཀྱིས་མངོན་པར་རྟོགས་པ་བསྟན་པས་སྤྱིའི་དོན་བཤད་ནས། དེ་གང་གཏན་ལ་དབབ་པར་བྱ་བ་གཞུང་གི་དོན་སྟོན་པར་བྱེད་དེ། དེ་ལ་གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་དང༌། གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་གཉིས་བདོག དེ་ཡང་གླེང་གཞི་ལ་འཁོར་དང་སྟོན་པ་ཐ་དད་ཀྱི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཐུན་མོང་དུ་རྒྱུད་ཀྱི་གླེང་གཞི་ཕུན་སུམ་ཚོགས་པ་ལྟར་བཤད་པ་དང༌། འཁོར་དང་སྟོན་པ་ཐ་མི་དད་ཀྱི་དབང་དུ་བྱས་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལྟར། རྒྱུད་ཀྱི་ལུས་རྣམ་པར་གཞག་པ་གཉིས་བདོག དེ་ལ་ཐོག་མར་གླེང་གཞི་ལྟར་བཤད་པ་ལ། འདི་སྐད་ལ་སོགས་པའི་ཚིག་ལ་ཅིའི་ཕྱིར་གླེང་གཞི་ཞེས་བརྗོད་སྙམ་ན། གླེང་གཞི་ལ། རྒྱ་གར་སྐད་དུ། ནི་དཱ་ན་ཟེར། ནི་ལས་དྲངས་ན་ནིཤྩི་ཏ་ངེས་པ་ལ་འཇུག ད་ལས་དྲངས་ན་ཨུད་ཡ་བྱ་བ་འབྱུང་བ་ལ་ཟེར། དེ་ལྟར་ན་ངེས་པར་འབྱུང་བ་ཞེས་བྱ་བ། དོན་གྱི་གླེང་གཞི་ལྔ་པོ་དེ་སྔོན་ཆོས་འབྱུང་བའི་རྒྱུར་ངེས་པས་སྔོན་བྱུང་བའི་དོན་ལ་ཟེར་བར་གདའ། ཡང་ནིཤྩི་ཏ་ངེས་པ་ལ་ཟེར། དཱ་ན་ཞེས་བྱ་བ་སྟེར་བ་ལ་འཇུག་པས། སྔོན་ཇི་ལྟར་བྱུང་བའི་རྟོགས་པ་མ་འོངས་པའི་གང་ཟག་ལ་སྟེར་བས་ཚིག་གི་གླེང་གཞི་ཟེར་བ་ལགས། དེས་སྒྲའི་དོན་ནམ་ངེས་པའི་ཚིག་བསྟན་པ་ལགས། འོ་ན་དེ་ལྟ་བུའི་གླེང་གཞིའི་ཚིག་འདི་རྣམས་སྟོན་པའི་བཀའ་ཡིན་ན་ཐོས་པ་ཞེས་གསུངས་པས་སློབ་དཔོན་དང་བཅས་པ་ཉན་ཐོས་དང་འདྲ་བར་འགྱུར་ལ། སྡུད་པ་པོའི་ངག་ཡིན་ན། སངས་རྒྱས་ཀྱི་གསུང་གི་ཐོག་མར་གཞན་གྱི་ཚིག་འཇུག་པ་མི་འཐད་སྙམ་ན། ཞལ་ནས་གསུངས་པའི་བཀའ་མ་ཡིན་པས་ཉན་ཐོས་དང་འདྲ་བའི་སྐྱོན་མེད་ཅིང༌། སངས་རྒྱས་ཉིད་ཀྱིས་ལྷའི་དབང་པོས་ཞུས་པའི་མདོ་ལས། མ་འོངས་པའི་དུས་ན། ང་ཡི་ཆོས་རྣམས་སྡུད་པར་བྱེད་པའི་ཚེ། ཐོག་མར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པས་གླེང་སློངས། བར་དུ་མཚམས་སྦྱོར་གྱི་ཚིག་རྣམས་ཆུག མཇུག་ཏུ་བཅོམ་ལྡན་འདས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ། །ཞེས་བྱ་བ་ཆུག་ཅེས་གསུངས་པས། རྗེས་སུ་གནང་བའི་བཀའ་ཡིན་པས། གཞན་གྱིས་རང་དགའི་ཚིག་བསྣན་པའི་ཉེས་པ་མི་འབྱུང་བ་ལགས། དེ་ལྟ་བུའི་གླེང་གཞི་སྟོན་པ་ལ་སྤྱི་དོན་ཚིག་དོན་གཉིས་བདོག སྤྱི་དོན་ལ་འདིའི་བརྗོད་བྱ་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་གི་སྤྱི་ལགས། བརྗོད་བྱ་ཕལ་ཆེ་བ་ཡན་ལག་གི་དོན་བཅོམ་ལྡན་འདས་ཀྱི་སྐབས་སུ་ཡི་གེའི་དོན་ཅུང་ཟད་འཇུག་པ་ལགས། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ཐུན་མོང་གི་ཐེག་པ་ལ་རིམ་གྱིས་སློབ་པ་དང་འབྲེལ། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོས་སྟོན་ཏེ། དེ་རྣམས་ཀྱིས་སྤྱི་དོན་བསྟན་ནས། ཚིག་དོན་ལ་ཐོས་པ་ཞེས་བྱ་བའི་ཚིག་དེ་བཤད་པའི་གཞིར་བཞག་ནས། ཁྱད་པར་གྱི་ཆོས་རྣམ་པ་ལྔ་དྲི་བའི་ཚུལ་དུ་སྦྱར་ནས། གང་ཐོས། གང་གིས་ཐོས། གང་གི་ཚེ་ཐོས། གང་ལས་ཐོས། གང་དུ་ཐོས་ཞེས་རྣམ་པ་ལྔར་འགྱུར་བ་ལགས། དེ་ལ་གང་ཐོས་ན་འདི་སྐད་ཐོས་ཏེ། ངས་སྡུད་པར་འགྱུར་བ་འདི་ཁོ་ན་སྐད་བཅོམ་ལྡན་འདས་ལས་ཐོས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་མང་སྟེ་སྒྲོ་བཏགས་པའམ། ཉུང་སྟེ་སྐུར་བ་བཏབ་པ་ཡང་མེད་པས། ཆོས་ཕུན་སུམ་ཚོགས་པ་འདི་ཁོ་ན་སྐད་ཐོས་ཞེས་སྟོན་པ་ལ། དེའང་སཾ་པུ་ཊ་ལས། འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི། དེ་སྐད་གསུངས་ནས། ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ཀྱི་ངེས་ཚིག་ལ་སྙེགས་སོ། །ཞེས་འབྱུང་བ་ལགས། གང་གིས་ཐོས་ན། བདག་གིས་ཐོས་ཏེ་སྟོན་པ་ཉིད་ལས། རྡོ་རྗེ་སྙིང་པོ་བདག་ཉིད་ཀྱིས་དངོས་སུ་ཐོས་ཞེས་བྱ་བས་གཞན་ལས་མ་བརྒྱུད་པར་བསྟན། དེའང་སཾ་པུ་ཊ་ལས། བདག་གིས་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སོ་ཞེས་གསུངས། གང་གི་ཚེ་ཐོས་ན་དུས་གཅིག་གི་ཚེ་ཐོས་ཏེ། སྤྱིར་སངས་རྒྱས་ཀྱི་དུས་ལ། སྟོན་པ་སྤྱོད་ལམ་གྱི་དུས། ཆོས་འཆད་ཅིང་བཞུགས་པའི་དུས། ནང་དུ་ཡང་དག་འཇོག་པའི་དུས། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་དུས་དང་བཞི་ཡོད་པ་ལས། ཆོས་འཆད་ཅིང་བཞུགས་པའི་དུས་སུ་ཐོས་པས་དུས་ཞེས་གསུངས། གཅིག་ན་ཞེས་བྱ་བས་ཤིན་ཏུ་མྱུར་བ་མཚོན་པས་སྐད་ཅིག་མ་གཅིག་ལ་ཐོས་ཞེས་བྱ་བར་འགྱུར་བ་ལགས། དེས་ཆེ་བ་གསུམ་བསྟན། དེའང་སྟོན་པས་གློག་དང་འདྲ་བའི་ལྗགས་བསྐྱོད་ནས་སྐད་ཅིག་ལ་གསུངས་པས་འཆད་བྱེད་སྟོན་པའི་ཆེ་བ། སྟོན་པས་སྐད་ཅིག་ལ་གསུངས་པ་དེ་སྐད་ཅིག་ལ་འཛིན་ནུས་པས་ཤེས་རབ་ཆེ་བ་དང༌། སྐད་ཅིག་གཅིག་ལའང་འདི་ཙམ་ཞིག་ཐོས་ན། དུས་གཞན་དུ་གཞན་ཡང་ཐོས་པས་ཐོས་པ་མང་བ་བསྟན་པས་ཉན་པ་པོ་འཁོར་གྱི་ཆེ་བ་དང༌། ཆོས་ཟབ་མོ་འདི་སྐད་ཅིག་ལས་ལན་ཅིག་གསུངས་ཀྱི་ཡང་ཡང་མ་གསུངས་པས་དཀོན་ཞིང་མཆོག་ཏུ་གྱུར་པས་བཤད་བྱ་ཆོས་ཀྱི་ཆེ་བ་བསྟན། དེའང་སཾ་པུ་ཊ་ལས། གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ལའོ་ཞེས་གསུངས། གང་ལས་ཐོས་ན་བཅོམ་ལྡན་འདས་ལས་ཐོས་ཏེ། དེའང་བཅོམ་ལྡན་འདས་ལ་རྒྱ་གར་སྐད་དུ་བྷ་ག་ཝཱན་ཟེར་ལ། བྷ་ག་ཝཱཉྫ་ན་ཞེས་དྲངས་ན་བཅོམ་པ་ལ་འཇུག དེའང་སངས་རྒྱས་ཀྱི་ལམ་གྱི་ཡེ་ཤེས་ཀྱིས་ནང་དུ་ཉོན་མོངས་པ་སྤངས་པས་ཉོན་མོངས་པའི་བདུད་བཅོམ། ཉོན་མོངས་པ་མེད་ན་གཞན་གྱིས་བར་ཆད་བྱ་མི་ནུས་པས་ལྷའི་བུའི་བདུད་བཅོམ། བར་ཆད་མེད་ཙམ་ན་འཆི་བ་མེད་པས་འཆི་བདག་གི་བདུད་བཅོམ། འཆི་བ་མེད་ཙ་ན་ཕུང་པོའི་ཉིང་མཚམས་སྦྱོར་བ་མེད་པས་ཕུང་པོའི་བདུད་བཅོམ་པ་ཡིན། དེའང་རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་གང༌། །དེ་བཅོམ་པས་ན་བཅོམ་ཞེས་བརྗོད། །ཅེས་གསུངས་པས་བདུད་བཞི་བཅོམ་པ་ལགས། ཡང་བྷ་ག་ཨཾས་ཞེས་དྲངས་ན་སྐལ་བ་དང་ལྡན་པ་ལ་འཇུག་པ་ལགས། དེའང་སྟོན་པ་འདིས་ལམ་གྱི་དུས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པས་འབྲས་བུའི་དུས་སུ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་སྐལ་ཞེས་བྱ། །ཞེས་འབྱུང་བའི་སྐལ་བ་དྲུག་དང་ལྡན་པས་ལྡན་ཞེས་བྱ་བ་ལགས། འདས་ཞེས་བྱ་བ་དེ་འཇིག་རྟེན་ལས་འདས་པ་དང༌། ཡི་གེ་ཁ་བསྐང་བའི་དོན་དུ་བོད་ཀྱི་ལོ་ཙཱ་བས་བསྣན་པར་གདའ། བཅོམ་ལྡན་འདས་དེ་ཉིད་ཆོས་ཀྱི་སྐུ་དེ་བཞིན་ཉིད་དུ་གཤེགས་ཤིང༌། གཟུགས་ཀྱི་སྐུ་དེ་བཞིན་ཉིད་ལ་གཤེགས་པས་དེ་བཞིན་གཤེགས་པ་ལགས་ཏེ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པ་ཡིས། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་གསུངས་པ་ལྟར་ཡིན། ཐམས་ཅད་ནི་དེ་ལྟ་བུའི་སངས་རྒྱས་ཕྱོགས་བཅུར་བཞུགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། སངས་རྒྱས་རྣམས་སྐུ་གསུང་ཐུགས་འདྲ་ཞིང༌། མཉམ་པས་འདྲ་བའི་སངས་རྒྱས་དེ་རྣམས་ཀྱི་བྱ་བའི་དོན་ཡིན། སྐུ་གསུང་ཐུགས་ཞེས་བྱ་བ། སྐུའི་གསང་བ་དབུའི་གཙུག་ཏོར་བལྟར་མི་མཐོང་བ། གསུང་གི་གསང་བ་གསུང་གི་མཐའ་མི་རྟོགས་པ། ཐུགས་ཀྱི་གསང་བ་ཐུགས་ཀྱི་ཚུལ་སུས་ཀྱང་མཐའ་མི་རྟོགས་པ་དཔག་པར་མི་ནུས་པའི་གསང་བ་གསུམ་མམ། ཡང་ན་སྐུ་མཚན་དང་དཔེ་བྱད་འབར་བ། གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ། ཐུགས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་ལ་ཟེར། སྙིང་པོ་ཞེས་བྱ་བ་དེ་རྣམ་པ་དབྱེར་མི་ཕྱེད་ཅིང་འདྲེས་པའི་རང་བཞིན་ཡིན་ལ། དེ་ཉིད་སྙིང་པོ་ཀྱེའི་རྡོ་རྗེ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ཟུང་དུ་འཇུག་པ་བདེ་བ་ཆེན་པོའི་སྐུ་ཕྱག་བཅུ་དྲུག་པ་ཡུམ་དང་ཞལ་སྦྱོར་གྱི་རྣམ་པ་དེ་ཉིད་སྟོན་པ་ཕུན་སུམ་ཚོགས་པ་ལགས་སོ། །དེ་གང་ན་བཞུགས་ན་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། རྡོ་རྗེ་ནི་སྟོང་པ་ཉིད་ཟག་པ་མེད་པའི་དབྱིངས་ཏེ་རྣམ་པར་ཐར་པའི་སྒོ་གསུམ་མཚོན་པས་གྲུ་གསུམ་པ། བཙུན་མོའི་བྷ་ག་ནི་སངས་རྒྱས་རྣམས་ཀྱིས་བསྟེན་པར་བྱ་བའི་གནས་བདེ་བའི་སྤྱོད་ཡུལ་ཡིན་ཏེ། སཾ་པུ་ཊ་ལས། གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་བཤད། །ཅེས་གསུངས་པ་ལགས། དེ་ལྟ་བུའི་ཁོང་དུ་ཆུད་པའི་རིན་པོ་ཆེའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པའི་ནང་ན་བཞུགས། དེའང་ཕྱི་མའི་ལེའུ་ལྔ་པ་ལས། འཁོར་ལོ་ཇི་ལྟར་སྔར་གསུངས་ནས། །དེ་ཡི་དབུས་སུ་ང་ཡོད་དེ། །ཞེས་པའི་བར་གྱིས་ཤེས་པར་ནུས་ལ། གཞན་ཡང་རྒྱལ་པོ་ཆེན་པོ་གྲོང་ཁྱེར་ན་བཞུགས་ཟེར་ཡང༌། སྲང་བར་དང༌། ཚོང་ཁང་ན་མི་བཞུགས་པར་ཁང་བཟངས་མཆོག་ན་བཞུགས་པར་ཤེས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཟེར་ཡང༌། དེའི་ཁོང་དུ་ཆུད་པའི་གཞལ་ཡས་ཁང་ན་བཞུགས་པར་ཤུགས་ལས་ཤེས་པ་ལགས། འོ་ན་གཞལ་ཡས་ཁང་མི་སྨོས་པར་རྡོ་རྗེ་བཙུན་མོའི་བྷ་ག་སྨོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། གདུལ་བྱ་འདོད་ཆགས་ཅན་གཞུག་པ་དང༌། ཆོས་ཐམས་ཅད་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ་སོགས་པའི་དགོས་པ་དཔག་ཏུ་མེད་པ་ཡོད། དེ་ལ་དགོངས་ནས་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས། བྷ་ག་བཅོམ་ལྡན་ཤེས་རབ་སྟེ། །དེས་ན་འདོད་ཆགས་སུན་མི་དབྱུང༌། །གང་ཞིག་དམ་ཚིག་གསུམ་པོ་རྣམས། །དེ་ཉིད་ཀྱི་ནི་ནང་དུ་འདུས། །ཞེས་གསུངས་པ་ལགས། འདི་བསྡུས་པའི་རྒྱུད་ཡིན་པས། འཁོར་རྒྱས་པར་མ་གསུངས་ཀྱང༌། སཾ་པུ་ཊ་དང༌། རྡོ་རྗེ་སྙིང་པོའི་འགྲེལ་པ་དང༌། དེ་ཉིད་ཀྱི་རྒྱུད་ཕྱི་མས་ཁ་བསྐངས་ནས། དེ་བཞིན་གཤེགས་པའི་འཁོར་ཏིལ་གྱི་གང་བུ་ཏིལ་གྱིས་གང་བ་དང་མཉམ་པ། དཔའ་བོའི་འཁོར་བྱེ་བ་ཕྲག་བརྒྱད་ཅུ་རྣལ་འབྱོར་མའི་འཁོར་རི་རབ་ཀྱི་རྡུལ་དང་མཉམ་པ། འགྲོ་བ་རྒྱུད་ཡོངས་སུ་དག་པ་ལྷ་དང༌། མིའི་འཁོར་ཕུན་སུམ་ཚོགས་པས་བསྐོར་བ་བསྟན་ནས་བཞུགས་སོ། །ཞེས་བྱ་བས་ཕུན་སུམ་ཚོགས་པ་ལྔའི་དོན་བསྡུས་ཏེ་བསྟན་པ་ལགས། དེའང་གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བཙུན་མོའི་བྷ་གའི་ཁོང་དུ་ཆུད་པའི་གཞལ་ཡས་ཁང་གྲུ་བཞི་པར། སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་སྙིང་པོ་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པ་དེ་ལ། འཁོར་ཕུན་སུམ་ཚོགས་པ་རྡོ་རྗེ་སྙིང་པོ་ལ་སོགས་པ་སྔར་སྨོས་པ་རྣམས་ཀྱིས་བསྐོར་ནས། དུས་ཕུན་སུམ་ཚོགས་པ་ཆོས་གསུང་ཞིང་བཞུགས་པའི་སྐད་ཅིག་ལ། ཆོས་ཕུན་སུམ་ཚོགས་པ་རྒྱུད་ཀྱི་རྒྱལ་པོ་འདི་གསུང་ཞིང་བསྟན་པ་ལགས། དེས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཐུན་མོང་ལྟར་གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་དུ་བཤད་པ་བསྟན་ཟིན་པ་ལགས།།  །།ད་འཁོར་དང་སྟོན་པ་ཐ་མི་དད་ཀྱི་དབང་དུ་བྱས་ནས། རྡོ་རྗེ་ཐེག་པ་ལྟར་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་ལྟར་བཤད་པ་སྟོན་པར་བྱེད། དེའང་འཁོར་གྱི་གཙོ་བོ་སྡུད་པ་པོ་སྟོན་པ་ལས་ཐ་དད་ཀྱི་ཚུལ་དུ་བསྟན་པ་ཡང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས། ངོ་བོ་ཐ་མི་དད་ལ། འདི་སྐད་ལ་སོགས་པའི་གླེང་གཞིའི་ཚིག་ཀྱང་བཅོམ་ལྡན་འདས་ཀྱང་གསུང་ཡིན། དེའང་སློབ་དཔོན་ཀ་མ་ལ་ཀུ་ལི་ཤྭའི་ཞལ་ནས། འདི་སྐད་ཐོས་པའི་ཚིག་གང་དང༌། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །ཞེས་གསུངས་པ་ལགས། འོ་ན་བདག་གིས་ཐོས་ཞེས་སྨོས་པས། སློབ་དཔོན་གཞན་ལས་ཐོས་ནས་སྟོན་པ་ཉན་ཐོས་ལྟར་མི་འགྱུར་རམ་སྙམ་ན། དེ་འདྲར་མི་འགྱུར་ཏེ། ཐོས་པ་ནི་ལྷག་པར་སོན་པ་ཞེས་གསུངས་པས། ཐོས་པའི་དོན་རྟོགས་པ་ལ་ཟེར་བས་ཉིད་ཀྱིས་རྟོགས་ཤིང་བྱང་ཆུབ་པ་སྟོན་པ་ལགས། འོ་ན་དེ་ལྟར་གླེང་གཞིའི་ཚིག་གསུངས་པ་ལ་དགོས་པ་ཅི་ཡོད་ན། འོག་ནས་སྟོན་པའི་ཆོས་ཐམས་ཅད་ཀྱི་དོན་བསྡུས་ཏེ་བསྟན་པས་དབང་པོ་རྣོན་པོས་དེ་ཙམ་ཉིད་ཀྱི་དོན་ཐམས་ཅད་རྟོགས་པར་འགྱུར་བ་དང༌། རྟུལ་པོས་ཀྱང་མདོ་རྒྱས་ཀྱི་ཚུལ་གྱིས་བདེ་བླག་ཏུ་འགྱུར་བའི་དགོས་པ་ཡོད་པས་དེ་སྐད་ཅེས་གསུངས་པ་ལ། དེའི་བཤད་ཚུལ་ལ་སྤྱི་དང་སྦས་པ་དང་མཐར་ཐུག་ལ་སྦྱར་བ་གསུམ་བདོག དེ་ལ་ཐོག་མར་བསྐྱེད་པའི་རིམ་པ་སྤྱི་ལ་སྦྱར་ན། སྤྱི་དོན་དང༌། ཚིག་དོན་གཉིས་སུ་ཡོད་པ་ལས། ཐོག་མར་སྤྱིའི་དོན་ལ་བརྗོད་བྱ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དང་ཐུན་མོང་གི་སྤྱིའི་དོན། རྗོད་བྱེད་ཡན་ལག་གི་དོན་གྱིས་བཤད། མངོན་པར་རྟོགས་པ་ཐབས་རྒྱུད་ཀྱི་ནང་ནས་རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་དང་པོ་དང༌། སཾ་པུ་ཊའི་བརྟག་པ་གཉིས་པ་དང༌། གསུམ་པའི་ཆ་ཤས་ཀྱིས་ཀྱང་གསལ་བར་བྱེད་པ་ལགས། ཚིག་གི་དོན་ལ། ཚིག་འདིས་བསྟན་པའི་ཉམས་ལེན་ཅི་འདྲ་ཞིག་སྟོན་ན། ཐོག་མར་རྒྱས་འབྲིང་གང་རུང་གི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསགས་ཏེ། དེ་ནས་དུས་སྐད་ཅིག་ལ་བདག་གཞན་ཐམས་ཅད་མི་དམིགས་པའི་སྟོང་པར་བསྒོམས་པས་ཡེ་ཤེས་ཀྱི་ཚོགས་བསགས། སྟོང་པའི་ངང་ལས་རྡོ་རྗེའི་རང་བཞིན་གྱི་སྲུང་བའི་འཁོར་ལོའི་ཆོས་ཀྱི་འབྱུང་གནས་ཀྱི་ཁོང་དུ་གཞལ་ཡས་ཁང་དང་གདན་བསྐྱེད་ནས། ཧེ་རུ་ཀ་བཞི་བདག་མེད་མ་དང་བཅས་པ་ལྔ་གང་རུང་གི་ལྷ་རྣམས་ལྷག་པར་མོས་ནས། སྐུ་གསུང་ཐུགས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་བསྐུར་རིགས་ཀྱི་བདག་པོས་དབུར་བརྒྱན། སྔགས་ཀྱི་བཟླས་པ་དང༌། ཉལ་བ་དང༌། ལྡང་བ་ལ་སོགས་པ་ཡན་ལག་གི་རྣལ་འབྱོར་རྣམས་ཉམས་སུ་ལེན་པ་བསྟན་པ་ལགས།།  །།ད་ཚིག་གང་གིས་སྟོན་ན། འདི་སྐད་ཅེས་བྱ་བའི་བསྐྱེད་པའི་རིམ་པའི་དངོས་གཞི་བསྙེན་སྒྲུབ་བཞི་དང༌། དེའི་ཡན་ལག་མ་ལུས་པ་སྟོན། ཐོས་པ་ནི་ལྷག་པར་སོན་པ་སྟེ། ཐོབ་པ་ལ་འཇུག་པས་སྒྲུབ་པ་པོའི་རྒྱུད་ལ་ཐོབ་པའི་བསོད་ནམས་ཀྱི་ཚོགས་ལ་ཟེར། དུས་གཅིག་ན་ཞེས་བྱ་བ་སྐད་ཅིག་མ་གཅིག་ལ་སྟོང་པ་ཉིད་དུ་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ལ་ཟེར། འོག་གི་ཚིག་ཡར་བླངས་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞེས་བྱ་བའི། རྡོ་རྗེ་ནི་རྡོ་རྗེའི་རང་བཞིན་ལས་གྲུབ་པའི་ས་གཞི་དང༌། རྭ་བ་དྲྭ་བ་ལ་སོགས་པའི་སྲུང་བའི་འཁོར་ལོ་ལ་ཟེར། བཙུན་མོའི་བྷ་ག་ཆོས་ཀྱི་འབྱུང་གནས་ཡིན་ཏེ། དེས་མཚོན་ནས་དེའི་ཁོང་དུ་ཆུད་པ་སྐུ་རྡོ་རྗེ་ལ་པདྨ་རྐྱང་པ་དང༌། གདན་དང༌། གཞན་རྣམས་ལ་གཞལ་ཡས་ཁང་གདན་དང་བཅས་པ་བསྟན། དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྱག་གཉིས་པ། གསུང་ཕྱག་བཞི་པ། ཐུགས་ཕྱག་དྲུག་པ། སྙིང་པོ་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པ་གཙོ་བོར་བསྟན། བདག་གིས་ཞེས་བྱ་བ་འཁོར་བསྟན་ཏེ། དེས་མཚོན་ནས་གཽ་རཱི་ལ་སོགས་པ་ལྷ་མོ་རྣམས་བསྟན་པ་ལགས། བཞུགས་སོ་ཞེས་བྱ་བས་མཇུག་བསྡུ་བ་བསྟན་པ་ལགས་ཏེ། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བཙུན་མོའི་བྷ་ག་ཆོས་འབྱུང་གི་ནང་གཞལ་ཡས་ཁང་གི་གདན་ལ། སྟོན་པ་ཕུན་སུམ་ཚོགས་པ་ཧེ་རུ་ཀ་བཞི། བདག་མེད་མ། འཁོར་ཕུན་སུམ་ཚོགས་པ་གཽ་རཱི་ལ་སོགས་པས་བསྐོར་ནས། དུས་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་ཚོགས་སྐད་ཅིག་མའི་རྗེས་ལ། ཆོས་ཕུན་སུམ་ཚོགས་པ་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་དང༌། སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་འབྱུང་ཞེས་བསྟན་པས་འོག་ནས་འབྱུང་བ་བསྐྱེད་པའི་རིམ་པ་མཐའ་དག་གིས་ལུས་རྣམ་པར་གཞག་པར་འགྱུར་བ་ལགས། དེས་བསྐྱེད་པའི་རིམ་པ་ལ་སྦྱར་བ་བཤད་ཟིན། ད་སྦས་པ་ལ་སྦྱར་བ་ལ་གཉིས། རང་བྱིན་བརླབ་ལ་སྦྱར་བ་དང༌། དཀྱིལ་འཁོར་འཁོར་ལོ་ལ་སྦྱར་བ་གཉིས་བདོག དེ་ལ་ཐོག་མར་རང་བྱིན་བརླབ་ལ་སྦྱོར་བའི་བཤད་ཚུལ་གཉིས་སུ་བདོག་པའི་སྤྱི་དོན་ལ། བརྗོད་བྱ་གསང་དབང་མ་ཐོབ་པ་ལ་གསང་བས་སྦས་པ་རྗོད་བྱེད་ཡན་ལག་དང་ཡི་གེའི་དོན་གཉིས་ཀྱིས་བཤད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ཀྱི་ནང་ནས། རྫོགས་རིམ་རང་བྱིན་བརླབ་དང་འབྲེལ། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་པས་གསལ་བར་འཆད་པ་ལགས། གཞུང་གི་དོན་ལ། གཞུང་འདིས་བསྟན་པའི་ཉམས་སུ་བླང་བའི་རིམ་པ་ཅི་འདྲ་བ་ཅིག་སྟོན་ན། རང་ལྷའི་སྐུར་བསྒོམས་ཤིང་ལུས་ཀྱི་འཁྲུལ་འཁོར་དང་ལྡན་པས་རྩ་གསུམ་དང་འཁོར་ལོ་བཞི་གསལ་བཏབ་ནས། ལྟེ་བར་གཏུམ་མོའི་མེ་སྦར་བས་གཡས་རོ་མའི་མེའི་ནུས་པ་དང་འགྲོགས་ཏེ་གྱེན་དུ་འབར་བས་འཁོར་ལོ་གོང་མ་རྣམས་བསྲེགས། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱས། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱན་དྲངས་པས་རང་གི་སྤྱི་བོ་ནས་བཞུགས། གཡོན་རྐྱང་མའི་ཐིག་ལེ་དང་བསྡོངས་ཏེ་བབས་པས། འཁོར་ལོ་རྣམས་རིམ་པ་བཞིན་གསལ་བཏབ། ཐིགས་པ་གཅིག་ལྟེ་བའི་གཏུམ་མོའི་མེ་ལ་རེག་པས། མེའི་ཟེར་མ་དབུ་མ་ནས་ཡར་སོང་བས་སྙིང་གའི་ཧཱུྃ་དང༌། མགྲིན་པའི་ཨོཾ་བཅོམ། སྤྱི་བོའི་ཧཾ་ལས་ཐིག་ལེའི་རྒྱུན་དབུ་མ་ནས་བབས། གཏུམ་མོའི་མེ་ཤིན་ཏུ་ཕྲ་བ་ཡར་སོང་བས་དབུ་མའི་ནང་དུ་རོ་གཅིག་ཏུ་འདྲེས་པ་ལ་ཡིད་གཏད་ནས་རླུང་ཁ་སྦྱར་བསྒོམས་པ་ལས། སྟོང་གསལ་གྱི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་ཡིན། ཉམས་སུ་བླང་བྱ་དེ་འདྲ་ཞིག་སྟོན་པ་ལགས། ཚིག་གང་གིས་ཇི་ལྟར་སྟོན་ན། འདི་སྐད་བདག་གིས་ཐོས་པ་ལ། སཾ་སྐྲྀ་ཏའི་སྐད་ཀྱིས། ཨེ་ཝཾ་མ་ཡ་ཟེར་ཞིང༌། དེས་འཁོར་ལོ་བཞིའི་གསལ་འདེབས་བསྟན་པ་ལགས། དེའང་སཾ་པུ་ཊ་ལས། ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་པོ་ཐབས་ཆེན་པོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་དེ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོ་རྣམ་པར་གནས། །ཝཾ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོ་ཡང་དག་གནས། །མ་ནི་མེ་རུ་བརྗོད་པར་བྱ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱིས། །ལྷ་མོ་པདྨའི་རིགས་བྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོ་རྣམ་པར་གནས། །ཡ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཞེས་གསུངས་པས། ཨེས་ལྟེ་བ་སྤྲུལ་པའི་འཁོར་ལོ། ཝཾ་གྱིས་སྙིང་ག་ཆོས་ཀྱི་འཁོར་ལོ། མས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། ཡས་སྤྱི་བོ་བདེ་བ་ཆེན་པོ་རྣམས་བསྟན། དེས་མཚོན་ནས་རྩ་གསུམ་ཀྱང་གསལ་གདབ། ཐོས་པ་ལ་ཤྲུ་ཏཾ་ཟེར་ལ། ཤྲུ་ལས་དྲངས་ན་ཤྲ་བ་ཞེས་བྱ་བ། འཛག་པ་ལ་ཟེར་ཏེ། གཏུམ་མོའི་མེ་འབར་བས། སྤྱི་བོ་ནས་ཁམས་བྱང་ཆུབ་ཀྱི་སེམས་གཡོན་ནས་འཛག་པ་བསྟན། ཏ་ལས་དྲངས་ན་བིསྟཱར་ཞེས་བྱ་བ་རྒྱས་པའམ་འཕེལ་བ་ལ་འཇུག དེ་ཡང་འབར་འཛག་དབུ་མར་ཐིམ་པས་ཁམས་དང་དྲོད་རྒྱས་ཤིང་བདེ་བ་འཕེལ་བ་བསྟན། དེའང་སཾ་པུ་ཊ་ལས། ཤྲུ་ཞེས་བྱ་བ་ནི་འཛག་པའོ། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ། །ཞེས་གསུངས་པ་ལགས། དུས་གཅིག་ན་ཞེས་བྱ་བའི་དུས་ཞེས་བྱ་བ་འདིས་དུས་གསུམ་བསྟན་ཏེ། གཡས་ནས་མེ་འབར་བ་སྡུག་བསྔལ་གྱི་དུས། གཡོན་ནས་ཁམས་འབབ་པ་བདེ་བའི་དུས། འབར་འཛག་དབུ་མར་ཐིམ་པས་བསམ་གྱིས་མི་ཁྱབ་པའི་དུས་གསུམ་ལགས། གཅིག་ན་ཞེས་བྱ་བ་བསམ་གྱིས་མི་ཁྱབ་པའི་དུས་དེའི་ཚེ་ན་རྣམ་པར་རྟོག་པའི་ཟླ་མེད་པས་གཅིག་ན་ཞེས་བྱ། དེའང་སཾ་པུ་ཊ་ལས། ས་མ་ཡས་ནི་དུས་གསུངས་ཏེ། །དུས་ནི་རྣམ་པ་གསུམ་དུ་བརྗོད། །བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །འོ་མའི་རྒྱུན་ལྟར་སྣ་བུག་ཏུ། །འོང་བ་བདེ་བའི་དུས་སུ་བརྗོད། །མེ་ཡི་གཟུགས་ཀྱིས་འགྲོ་བ་ནི། །སྡུག་བསྔལ་དུས་སུ་དེ་གཅིག་གྲགས། །དུས་ནི་བསམ་གྱིས་མི་ཁྱབ་དུས། །གཅིག་ནི་ལྷན་ཅིག་སྐྱེས་པ་ཡིན། །ཞེས་གསུངས་པ་ལགས། དེའི་ཚེ་མངོན་དུ་བྱས་པའི་ཡེ་ཤེས་དེས་མཚན་མ་དང་རྣམ་པར་རྟོག་པ་བཅོམ་ཞིང༌། ཡེ་ཤེས་ཆེན་པོའི་སྐལ་བ་དང་ལྡན་པས་བཅོམ་ལྡན་འདས། གཏུམ་མོའི་མེས་རོ་མའི་མེ་དེ་བཞིན་དུ་ཡར་གཤེགས་ཤིང་ཐིག་ལེ་རྐྱང་མའི་བྱང་སེམས་དེ་བཞིན་དུ་མར་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ནི་བདུད་རྩིའི་དྭངས་མ་དང་དབང་པོ་དང་འབྱུང་བའི་དྭངས་མ་ཐམས་ཅད་ལ་ཟེར། དེ་རྣམས་ཀྱི་སྐུ་ཞུ་བ། གསུང་བདེ་བ། ཐུགས་མི་རྟོག་པ། སྙིང་པོ་རང་རིག་པ་གསལ་བ་སྟེ། ཆོས་བཞི་ལྡན་བསྟན། རྡོ་རྗེ་ནི་རྡོ་རྗེའི་ལུས། བཙུན་མོའི་བྷ་ག་ནི་བདེ་བ་དང༌། ཡེ་ཤེས་སྐྱེ་བའི་གནས། འཁོར་ལོ་བཞི་དང་ཁྱད་པར་དུ་ལྟེ་བ་སྤྲུལ་པའི་འཁོར་ལོ་བྷ་གའི་རྣམ་པ་ཅན་ལགས། བཞུགས་སོ་ཞེས་བྱ་བས་དོན་དུས་ནས་བསྟན་ཏེ། གནས་ཕུན་སུམ་ཚོགས་པ་རྩ་དང་འཁོར་ལོ་རྣམས་ལ་ཁྱད་པར་དུ་ལྟེ་བར། སྟོན་པ་ཕུན་སུམ་ཚོགས་པ་རང་བྱུང་གི་ཡེ་ཤེས་ཆོས་བཞི་ལྡན་དེ། འཁོར་ཕུན་སུམ་ཚོགས་པ་བདུད་རྩི་དང༌། དབང་པོ་དང་འབྱུང་བའི་དངས་མས་བསྐོར་ནས། དུས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་དུས་སུ། ཆོས་ཕུན་སུམ་ཚོགས་པ་གསལ་སྟོང་གི་ཏིང་ངེ་འཛིན་མཆོག་འདི་འབྱུང་ཞེས་བསྟན་ཏེ། དེས་འོག་ནས་འབྱུང་བ་བདག་བྱིན་གྱིས་བརླབ་པ་ཡན་ལག་དང་བཅས་པ་ཐམས་ཅད་ཀྱི་ལུས་རྣམ་པར་གཞག་པ་བསྟན་པ་ལགས། དེས་རང་བྱིན་བརླབ་ལ་སྦྱར་བ་བསྟན་ནས། ད་སྦས་པ་དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ནས་བཤད་ནའང༌། སྤྱི་དོན་དང༌། གཞུང་དོན་གཉིས་བདོག སྤྱི་དོན་ལ་བརྗོད་བྱ་དབང་གསུམ་པ་མ་ཐོབ་པ་ལ་གསང་བས་ན་སྦས་པ། རྗོད་བྱེད་ཡན་ལག་དང་ཡི་གེའི་དོན་གཉིས་ཀྱིས་འཆད། མངོན་པར་རྟོགས་པ་ཐབས་རྒྱུད་ཀྱི་ནང་ན་དཀྱིལ་འཁོར་འཁོར་ལོ་དང་འབྲེལ། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་པས་གསལ་བར་འཆད་པ་ལགས། ད་གཞུང་གི་དོན་ལ་གཉིས་བདོག་པའི་ཐོག་མར་གཞུང་འདིས་བསྟན་པ་ཉམས་སུ་བླང་བའི་ཚུལ་ཅི་འདྲ་ཞིག་སྟོན་ན། ཐོག་མར་བདག་དང་ཕྱག་རྒྱ་ལྷར་བསྐྱེད་པ་ལྷའི་འདུ་ཤེས། མཁའ་དང་གསང་བ་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པ། ཆོས་ཀྱི་འདུ་ཤེས་དང་ལྡན་པས། སྙོམས་པར་ཞུགས་པས་ཐ་མལ་པའི་འདོད་ཆགས་ཞི་བར་བྱེད་པ་འདོད་ཆགས་ཆེན་པོས་ཁམས་བྱང་ཆུབ་ཀྱི་སེམས་རྣམས་དབང་གི་གནས་སུ་ཕབ་པས་བདེ་བ་རྒྱས་པར་བྱས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་ཅིང༌། ཁམས་རྣམས་ལུས་ལ་ཁྱབ་པར་བྱས་ནས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་རྒྱུན་དུ་བསྐྱངས་པས། འབྲས་བུ་རྣམ་གྲོལ་གྱི་ཡེ་ཤེས་མངོན་དུ་བྱེད་པ་ལགས། ད་གཞུང་གང་གིས་སྟོན་ན། འདི་སྐད་ལ་སོགས་པའི་གླེང་གཞིའི་ཚིག་རྣམས་ཀྱིས་སྟོན་པ་ལགས། དེའང་འདི་སྐད་ལ་སཾ་སྐྲྀ་ཏའི་སྐད་དུ་ཨེ་ཝཾ་ཟེར། ཨེས་ཤེས་རབ་བདག་མེད་མ་དང༌། དེའི་བྷ་ག་པདྨར་བསྐྱེད་པ་བསྟན། ཝཾ་གྱིས་ཐབས་ཀྱེའི་རྡོ་རྗེ་དང༌། དེའི་གསང་གནས་རྡོ་རྗེར་བསྐྱེད་པ་བསྟན། ཡང་ཨེས་ཐབས་ཀྱི་གསང་གནས་ཀྱི་འཁོར་ལོའི་ཕྱི་སྐོར་འདོམ་གྲུ་གསུམ་པ་དང༌། ཝཾ་གྱིས་ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོ་བསྟན། ཨེ་ཝཾ་གཉིས་ཀས་ཐབས་ཤེས་རབ་སྟེང་འོག་ཏུ་སྙོམས་པར་འཇུག་པ་བསྟན། དེ་རྣམས་སཾ་པུ་ཊ་ལས། ཨེ་ནི་ཤེས་རབ་བརྗོད་པར་བྱ། །ཝཾ་གྱིས་ཐབས་དང་ལྡན་པ་ཉིད། །ཝཾ་གྱིས་རྣམ་པར་བརྒྱན་པ་ཉིད། །ཨེས་ནི་ངེས་པར་མཛེས་པར་འགྱུར། །ཐབས་དང་ཤེས་རབ་རང་བཞིན་གྱིས། །སྟེང་དང་འོག་ཏུ་སྙོམས་པར་འཇུག །ཨེ་ཉིད་དང་ནི་ཝཾ་ཉིད་ནི། །གཉིས་གཉིས་སུ་ནི་བརྗོད་པ་ཉིད། །ཅེས་གསུངས་པ་བསྟན་པ་ལགས། མ་ཡ་ལས་དྲངས་ན། མ་ཧཱ་རཱ་ག་ཞེས་བྱ་བ་འདོད་ཆགས་ཆེན་པོ་ལ་འཇུག་སྟེ། སྙོམས་པར་ཞུགས་པའི་འདོད་ཆགས་ཆེན་པོའི་མེས་བསྐུལ་ནས་བྱང་ཆུབ་ཀྱི་སེམས་དབང་གི་གནས་སུ་འདུ་ལ། ཡ་ལས་དྲངས་ན། བ་ཡུ་རླུང་ལ་འཇུག་སྟེ། དལ་བར་རྒྱུ་བའི་རླུང་གིས་ལུས་ཐམས་ཅད་ལ་ཁྱབ་པ་བྱེད་པ་ཡིན་པར་གདའ། ཁམས་དབང་གི་གནས་སུ་འཛག་པ་ཤྲུས་བསྟན། ཁམས་དེ་ལུས་ལ་རྒྱས་པར་བྱེད་པ་ཏས་བསྟན། དེའང་སཾ་པུ་ཊ་ལས། མ་ཡ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོ་སྟེ་འདི་ལ་རྟག་ཏུ་གནས་པའོ། །ཤྲུ་ཞེས་བྱ་བ་ནི་འཛག་པའོ། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོ་ཞེས་གསུངས་པ་ལགས། དུས་ཞེས་བྱ་བ་ནི་མཚན་ཉིད་དང་བྲལ་བའི་དུས་ལ་ཟེར། གཅིག་ན་ཞེས་བྱ་བ་དེའི་དུས་ན་རྣམ་པར་རྟོག་པའི་ཟླ་མེད་པས་ན་གཅིག་ན་ཞེས་བྱ་བ་ཡིན། དེའང་སཾ་པུ་ཊ་ལས། དུས་ནི་བསམ་གྱིས་མི་ཁྱབ་དུས། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །ཞེས་གསུངས། དེའི་ཚེ་མངོན་དུ་བྱས་པའི་ཡེ་ཤེས་དེས་མཚན་མ་དང་རྣམ་པར་རྟོག་པ་བཅོམ་ཞིང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པས་བཅོམ་ལྡན་འདས། ཡས་འབབ་ཀྱི་དགའ་བ་བཞི་དབང་གི་གནས་སུ་གཤེགས་ཤིང༌། མས་བརྟན་གྱི་དགའ་བ་བཞིས་སྤྱི་བོར་གཤེགས་པས་དེ་བཞིན་གཤེགས་པ། ཐམས་ཅད་ནི་བདུད་རྩིའི་དྭངས་མ་ཐམས་ཅད། དེ་རྣམས་ཀྱི་སྐུ་དགའ་བ། གསུང་མཆོག་དགའ། ཐུགས་དགའ་བྲལ་གྱི་དགའ་བ། སྙིང་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རྡོ་རྗེ་རིགས་ལྔ། བཙུན་མོ་དེས་བཟུང་པའི་རིག་མ། བྷ་ག་དེའི་ཉེར་གནས་ལ་ཟེར། བཞུགས་སོ་ཞེས་བྱ་བས་དོན་བསྡུས་ནས་བསྟན་ཏེ། གནས་ཕུན་སུམ་ཚོགས་པ་དབང་གི་གནས་སུ། སྟོན་པ་ཕུན་སུམ་ཚོགས་པ་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་བཞི་ལྡན་དེ་ལ། འཁོར་ཕུན་སུམ་ཚོགས་པ་བདུད་རྩིའི་དྭངས་མས་བསྐོར་ནས། དུས་ཕུན་སུམ་ཚོགས་པ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ། ཆོས་ཕུན་སུམ་ཚོགས་པ་བདེ་སྟོང་གི་ཏིང་ངེ་འཛིན་འབྱུང་ངོ་ཞེས་བསྟན་པས། འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་ལམ་ཡན་ལག་དང་བཅས་པ་ཐམས་ཅད་ཀྱི་ལུས་རྣམ་པར་གཞག་པར་འགྱུར་བ་ལགས། དེས་དཀྱིལ་འཁོར་འཁོར་ལོ་ལ་སྦྱར་བ་བསྟན་པ་ཡིན་ཏེ། དེ་རྣམས་ཀྱི་སྦས་པ་ལ་སྦྱར་བ་གཉིས་བསྟན་པ་ལགས། དམ་ཚིག་དེ་དག་ཉིད་མཐར་ཐུག་ལ་སྦྱར་བ་བསྟན་ན། སྤྱི་དོན་དང་གཞུང་དོན་གཉིས་སུ་བདག་པའི་སྤྱི་དོན་ལ། འདིའི་བརྗོད་བྱ་མཐར་ཐུག་འབྲས་བུ་སྟོན། རྗོད་བྱེད་ཡན་ལག་དང་ཡི་གེའི་དོན་གྱིས་འཆད། མངོན་པར་རྟོགས་པ་མཐར་ཐུག་གི་འབྲས་བུ་དང་འབྲེལ། བཤད་པའི་རྒྱུད་སཾ་པུ་ཊའི་ལེའུ་དང་པོས་གསལ་བར་འཆད་པ་ལགས། གཞུང་གི་དོན་ལ། ཚིག་འདིས་དོན་ཇི་ལྟ་བུ་ཞིག་སྟོན་ན། མཐར་ཐུག་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ངང་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་རོ་གཅིག་ཅིང་དབྱེར་མི་ཕྱེད་ན་སངས་རྒྱས་ཀྱི་སྐུ་དང་མཛད་པ་ཐམས་ཅད་སྨོས་མི་དགོས་ཤིང༌། དེ་དང་རྗེས་སུ་མཐུན་པར་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་བསྡུས་པའི་དམིགས་པ་དང་བཅས་པ་དང༌། ཐབས་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་ཐམས་ཅད་ཀྱང་དབང་བཞི་པའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དུ་དབྱེར་མི་ཕྱེད་པ་སྟོན། དེ་ཚིག་གང་གིས་ཇི་ལྟར་སྟོན་ན། ཐོག་མར་ཐོས་པ་ཞེས་བྱ་བ་ཡར་བླངས་ནས། ཐོས་པའི་དོན་ཐོབ་པ་ལ་འཇུག དེའང་སངས་རྒྱས་ཀྱི་ལམ་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་མཐར་ཐུག་འབྲས་བུའི་གོ་འཕང་ཐོབ་པའི་ཚེ། དབྱིངས་དང་ཡེ་ཤེས་རོ་གཅིག་པའི་བརྙེས་ནས་དེའི་ངང་ལས་མ་གཡོས་བཞིན་དུ། གདུལ་བྱ་དག་པའི་སྣང་བ་ལ། འདི་སྐད་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་དུ་མ་དང༌། བདག་གིས་ཞེས་བྱ་བ་འཁོར་གྱི་དཀྱིལ་འཁོར་དུ་མ་དང༌། དུས་གཅིག་ན་ཞེས་དུས་ཀྱི་སྣང་བ་དང༌། བཅོམ་ལྡན་འདས་ལ་སོགས་པ་སྟོན་པའི་སྣང་བ་དང༌། རྡོ་རྗེ་བཙུན་མོའི་བྷ་གས་གནས་ཕུན་སུམ་ཚོགས་པ་རྣམས་སུ་སྣང་བ་བསྟན་ཡང༌། དེ་དང་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བ་དང༌། རྟེན་ཟག་པ་མེད་པའི་དབྱིངས་སུ་རོ་གཅིག་པ་ལགས་པར་གདའ། དེའང་སཾ་པུ་ཊ་ལས་ཐོས་པ་ཞེས་བྱ་བ་ནི་ལྷག་པར་སོན་པ་སྟེ། འདིས་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལྷག་པར་མོས་པའི་ཏིང་ངེ་འཛིན་རྙེད་དོ། །ཞེས་བྱ་བར་སྙེགས་སོ། །ཞེས་གསུངས། ཡང་སྟོན་པ་དང་སྡུད་པ་པོའང་ཐ་མི་དད་པ་སཾ་པུ་ཊ་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །དེ་དག་ཐ་དད་ཀྱི་སྣང་བ་ལ་ཇི་ལྟར་འཚལ་བར་བགྱི་གང་དུ་བདེ་བ་ཆེན་པོའི་མགོན་པོ་གར་མཛད་པ་ན་གཅིག་ཉིད་དུ་མའི་རོ་ཞེས་བྱ་བའི་ཚིག་གིས་རོལ་པར་མཛད་དོ། །ཞེས་གསུངས་ཤིང༌། སློབ་དཔོན་ཀ་མ་ལ་ཀུ་ལི་ཤའི་ཞལ་ནས་ཀྱང༌། འདི་ལ་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབབ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་བ་པོ་དེ་སྡུད་པའང་དེ། །ཞེས་གསུངས་པ་ལགས། བཞུགས་སོ་ཞེས་བྱ་བ་སྐུ་གསུམ་གྱི་བཞུགས་ཚུལ་བསྟན་ཏེ། དེ་ལ་བཞུགས་པ་པོ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ། བཞུགས་པའི་གནས་འཁོར་འདས་ཐམས་ཅད་ལ། བཞུགས་པའི་ཚུལ་འཁོར་འདས་དབྱེར་མེད་རོ་གཅིག་པའི་ཚུལ་གྱིས་བཞུགས། ལོངས་སྐུ་ལ་སྦྱར་ན། བཞུགས་པ་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཟུང་དུ་འཇུག་པ་བདེ་བ་ཆེན་པོ་དེ་ཉིད་བཞུགས་པའི་གནས་འོག་མིན་ཆོས་ཀྱི་འབྱུང་གནས་ཀྱི་ནང་གཞལ་ཡས་ཁང་དུ། བཞུགས་པའི་ཚུལ་ལྷན་ཅིག་སྤྱོད་པའི་བཙུན་མོ་དང་ཞལ་སྦྱོར་ཞིང༌། གཟུགས་རྡོ་རྗེ་མ་ལ་སོགས་པའི་རྗེས་སུ་འབྲང་མའི་འཁོར་གྱིས་བསྐོར་ནས། ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད། བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་གསུང་ཞིང་བཞུགས། དེའང་སཾ་པུ་ཊ་ལས། རང་གི་ཡེ་ཤེས་ལ་རང་གི་ཡེ་ཤེས་ཀྱིས་ལོངས་སྤྱོད་པ་ནི་སངས་རྒྱས་རྣམས་ཀྱང་སྤོང་བ་མི་མཛད། ཅེས་བྱ་བ་དང༌། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་མཁྱེན་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པ་བདེ་དོན་གང༌། །བཙུན་མོ་ཉེ་བར་མཛད་པ་པོ། །ཞེས་གསུངས་པ་ལགས། བཞུགས་པ་པོ་སྤྲུལ་པའི་སྐུ་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང༌། རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ། བཞུགས་པའི་གནས་གདུལ་བྱ་རྣམས་ཀྱི་རྒྱུད་ལ། བཞུགས་པའི་ཚུལ་གང་ལ་ཅིས་འདུལ་དེ་ལ་དེའི་རྣམ་པས་བསྟན་ནས། གདུལ་བྱའི་སྐྱེ་བོའི་ཡིད་འཕྲོག་ཅིང་བཞུགས། དེའང་བཞུགས་པ་ལ་བི་ཛ་ཧཱ་ར་ཟེར། བི་བི་ཙི་ཏྲ་སྣ་ཚོགས་ལ་འཇུག ཛ་ཛནྨ་གདུལ་བྱའི་སྐྱེ་བོ་ལ་འཇུག ཧ་ཧར་ཡིད་འཕྲོག་པ་ལ་ཟེར། དེའང་སཾ་པུ་ཊ་ལས། ཀྱེ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བས་ཅི་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ་ཐབས་སྣ་ཚོགས་ཀྱིས། གདུལ་བྱའི་སྐྱེ་བོའི་ཡིད་འཕྲོག་པ་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལགས། དེ་མཐར་ཐུག་པ་ལ་སྦྱར་བ་བསྟན་ཏེ། འོག་ནས་འབྱུང་བའི་མཐར་ཐུག་འབྲས་བུ་དང་དབང་བཞི་པ་དང༌། དེ་དང་འབྲེལ་ཐམས་ཅད་ཀྱི་ལུས་རྣམ་པར་གཞག་པར་འགྱུར་བ་ལགས། དེ་རྣམས་ཀྱིས་གླེང་གཞི་ཕུན་སུམ་ཚོགས་པ་བཤད་ཟིན་པ་ལགས། ད་གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་ཡན་ལག་རྒྱས་པར་བཤད་པ་སྟོན། དེ་ལ་གཉིས། མངོན་པར་རྟོགས་པའི་རིམ་པའི་དབང་དུ་བྱ་སྟེ། བརྟག་པ་དང་པོ་རྩ་བའི་རྒྱུད་ཀྱི་ཚུལ་དུ་བཤད་པ་དང༌། དེ་མི་གསལ་བ་དང༌། མ་ཚང་བ་ཁ་སྐོང་བ་རྒྱུད་ཕྱི་མ་སྟོན་པ་ལགས། དེའང་ཐོག་མར་བརྟག་པ་དང་པོ་ལ། བརྟག་པ་དངོས་དང༌། མཚན་སྨོས་པ་གཉིས་བདོག བརྟག་པ་དངོས་ལ་གང་ལ་དམིགས་ཏེ་གྲུབ་པ་འབྲས་བུའི་རྒྱུད་དང༌། དེ་ཐོབ་པར་བྱེད་པ་ཐབས་ཀྱི་རྒྱུད་གཉིས་ཡོད། འབྲས་བུའི་རྒྱུད་སྟོན་པའི་གཞུང་དུམ་བུ་འདིའི་སྤྱི་དོན་ལ། བརྗོད་བྱའི་དོན་མཐར་ཐུག་འབྲས་བུ་སྟོན། རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་འཆད། མངོན་པར་རྟོགས་པ་འབྲས་བུའི་རྒྱུད་དང་འབྲེལ་བས། འབྲས་བུ་སངས་རྒྱས་ཀྱི་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པ་ལ་གྲགས་པ་སྐུ་བཞི་ཡན་ལག་ལྔ་དང་ལྡན་པ་དེ་སྟོན་པ་ཡིན་པར་གདའ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང༌། བརྒྱད་པ་དང༌། བཅུ་བཞི་པ་དང༌། སཾ་པུ་ཊའི་བརྟག་པ་བཅུ་པའི་རབ་ཏུ་བྱེད་པ་གཉིས་པ། གསུམ་པ། བཞི་པས་གསལ་བར་སྟོན། གཞུང་གི་དོན་ལ། འབྲས་བུ་སྐུ་བཞིའི་དངོས་གྲུབ་ལ་ཞུས་ཤིང་མཉན་པར་གདམས་པ་དང༌། སོ་སོའི་མཚན་གྱི་ངེས་ཚིག་ལ་ཞུས་པ་དང་ལན་གཉིས་བདོག དེ་ལ་འདི་བསྡུས་པའི་རྒྱུད་ཡིན་པས་ཞུ་བ་བསྡུས་པ་ལས་མ་སྨོས་པས། རྒྱུད་རྒྱས་པ་ལས་འབྱུང་བ་རྡོ་རྗེ་སྙིང་པོའི་འགྲེལ་པར་དྲངས་པས་འདིར་ཁ་བསྐངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས། རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ། །འཛུམ་པ་མཛད་མ་ཐག་ཏུ་དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཀྱི་དབང་པོ་ཞེས་བྱ་བ་རྣམས་ཁ་བསྐངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བའང་ཉན་པར་འཚལ་ནས། ཞེས་བྱ་བ་འདི་ཉིད་ལས་འབྱུང་ལ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་གང༌། གསུང་ནི་གང༌། ཐུགས་ནི་གང༌། སྙིང་པོ་རྗེ་བཙུན་གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་གང་ལགས་བཤད་དུ་གསོལ་ཞེས་ཁ་བསྐངས་ནས་ཞུས་སོ། །དེའི་དོན་ནི་གསང་སྔགས་ཀྱི་མཐར་ཐུགས་འབྲས་བུ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སྙིང་པོའི་ཚུལ་ཇི་ལྟར་ལགས་ཞུས་པ་ལ། དེའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཨེ་མ་ཧོ་ངོ་མཚར་གྱི་ཚིག་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་སྤྱིའི་མིང་དང༌། རྡོ་རྗེ་སྙིང་པོ་ཞེས་བྱེ་བྲག་ཏུ་ཞུ་བ་པོའི་མིང་དང༌། སྙིང་རྗེ་ཆེན་པོ་ཞེས་ཡོན་ཏན་གྱི་མིང་ནས་བོས་ནས། ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འབྲས་བུའི་རྒྱུད་ཞུ་བ་ལེགས་སོ་ལེགས་སོ་ཞེས་གཏང་རག་གནང་བ་ལགས། ལེགས་སོ་ཞེས་ལན་གཉིས་གསུངས་པ་དེའང་དགེས་ཤིང་ངོ་མཚར་བའི་བརྡ་ཡིན་ཏེ། འཇིག་རྟེན་པའི་བསྟན་བཅོས་ཆེན་པོ་དག་ལས། ངོ་མཚར་དང་ནི་རྩོད་པ་དང༌། །ཁྲོ་དང་ཞུམ་དང་ངེས་གཟུང་དང༌། །དད་དང་དགའ་བ་དག་ལ་ནི། །ཚིག་གཅིག་ལན་གཉིས་འབྱུང་བ་ཡིན། །ཞེས་བཤད་པ་ཡིན་པར་གདའ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཁྱོད་ཀྱིས་ཞུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསུམ་པོ་རིམ་པ་བཞིན། རྡོ་རྗེ་སེམས་དཔའ་དང༌། སེམས་དཔའ་ཆེན་པོ་དང༌། དམ་ཚིག་སེམས་དཔའ་ཞེས་བྱ་བར་ཉོན་ཅིག ཅེས་གསུངས་པ་ལགས། སོ་སོའི་མཚན་གྱི་ངེས་ཚིགས་ལ་ཞུས་ནས། ལན་ལ། རྡོ་རྗེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡིན། དེ་རྣམ་པར་རྟོག་པས་དབྱེ་མི་ནུས་པས། མི་ཕྱེད་པ་ཞེས་བྱ་བར་བརྗོད་ལ། སེམས་དཔའ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་ལམ་གྱི་གནས་སྐབས་ཀྱི་སེམས་ཀྱི་རྒྱུད་ལ་སྲིད་པ་གསུམ་གྱི་སེམས་དང༌། སེམས་ལས་བྱུང་བ་སྣ་ཚོགས་པ་ཡོད་པ་དེ། ཉེ་བའི་རྒྱུས་སྦྱངས་པས། རང་བཞིན་དབྱིངས་ཀྱི་ངང་དུ་རོ་གཅིག་པར་གྱུར་པའི་ཤེས་རབ་དང་རིགས་པ་འདིས་རྡོ་རྗེ་སེམས་དཔའ་ཞེས་བརྗོད་ལ། དེ་ཉིད་དག་པ་གཉིས་ལྡན་གྱི་ཆོས་ཀྱི་སྐུ་ཡིན་ཞིང༌། དེས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་གཞི་བྱེད་པས་སྐུ་ཞེས་ཀྱང་བརྗོད་པ་ལགས། དེ་ལྟར་དག་པ་གཉིས་དང་ལྡན་པ་དེ་ཉིད་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ཆེན་པོ་ལྔ་བདེ་བའི་རོ་དང་འདྲེས་པས་ཡོངས་སུ་གང་བས། རང་ཉིད་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་ཅིང༌། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་གཞི་མཛད་པས། སེམས་དཔའ་ཆེན་པོ་ཞེས་བརྗོད་ལ། དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞིང༌། དེའི་གསུང་གིས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མཛད་པས་གསུང་ཞེས་ཀྱང་བརྗོད་པ་ལགས་པར་གདའ། ལམ་གྱི་དུས་སུ་རྟག་ཏུ་གསང་སྔགས་ཀྱི་དམ་ཚིག་ལས་མི་འདའ་བར་སྤྱད་པའི་ཕྱིར། འབྲས་བུའི་དུས་སུ་ཟག་པ་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་རྣམ་པར་འཕྲུལ་པ་སྣ་ཚོགས་པས། སེམས་ཅན་རྣམས་ཀྱི་དོན་མཛད་པ་ལས་མི་འདའ་བས་དམ་ཚིག་སེམས་དཔའ་ཞེས་བརྗོད་ལ། དེ་ཉིད་སྤྲུལ་པའི་སྐུ་ཡིན་ཞིང༌། དེས་དམ་ཚིག་རྣམས་ཐུགས་ཀྱིས་བསྐྱངས་པས་ཐུགས་ཞེས་ཀྱང་བརྗོད་པ་ལགས་པར་གདའ། སྐུ་གསུམ་པོ་དེ་ཕ་རོལ་ཏུ་ཕྱིན་པ་ལའང་གྲགས་པས། ཐུན་མོང་གི་ཧེ་རུ་ཀ་གསུམ་ཞེས་གསུངས་པ་ལགས། དེས་ཐུན་མོང་གི་ཧེ་རུ་ཀ་གསུམ་གྱི་ངེས་ཚིག་ལ་ཞུས་པ་དང་ལན་གྱི་དོན་བཤད་པ་ལགས། ད་ཐུན་མོང་མ་ཡིན་པའི་ཧེ་རུ་ཀ་བཞི་པའི་ངེས་ཚིག་ལ་ཞུས་ནས་ལན་ལ། གོང་དུ་བསྟན་པའི་སྐུ་གསུམ་པོའི་ངོ་བོའམ་རྩ་བ་གང་ཡིན་ན། རྡོ་རྗེ་ཡིན་ཏེ། རྒྱ་གར་སྐད། ཧེ་དང༌། བོད་སྐད་ཀྱེ་ཞེས་བྱ་བ་ནི་འབོད་ཅིང་བསྐུལ་བ་ཡིན་པས། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རང་ཉིད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་སེམས་ཅན་ཐམས་ཅད་ཀྱང་ལམ་ལ་བསྐུལ་བ་སྟོན། བཛྲ་རྡོ་རྗེ་ཡིན་ལ། དེ་རྣམ་པར་རྟོག་པས་མི་ཕྱེད་པ་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་དོན་ལགས། དེའང་རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་གསུངས་པ་ལགས། དེ་གཉིས་དེ་བཞིན་གཤེགས་པའི་ཐུགས་རྒྱུད་ལ་ཟུང་འཇུག་ཏུ་གྱུར་པས་གདུལ་བྱ་ལ་སྐུ་གསུམ་དང༌། སྐུ་གསུང་ཐུགས་ཀྱི་སྣང་བ་འབྱུང་ཞིང༌། དེ་སངས་རྒྱས་ཀྱི་ངོ་བོ་ཡིན་པས། ངོ་བོ་ཉིད་ཀྱི་སྐུ། སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ལགས། དེ་ཉིད་ས་བཅུའི་བྱང་ཆུབ་སེམས་དཔའ་མན་ཆད་ཀྱི་སྤྱོད་ཡུལ་ལས་འདས་ཤིང༌། ཕ་རོལ་ཏུ་ཕྱིན་པ་ལ་མ་གྲགས་པས་ཐུན་མོང་མ་ཡིན་པའི་ཧེ་རུ་ཀ་ཞེས་བརྗོད་ལ། འབྲས་བུ་ཀྱེའི་རྡོ་རྗེ་ཡིན་པས་དེ་སྒྲུབ་བྱེད་ཀྱི་ལམ་ཡང་ཀྱེའི་རྡོ་རྗེ། སྒྲུབ་པ་པོའི་ཤེས་རྒྱུད་ཀྱང་ཀྱེའི་རྡོ་རྗེ་ཡིན་པས། རྒྱུད་གསུམ་པོ་དེ་འདིའི་བརྗོད་བྱ་ལགས། དེ་ལྟར་ཤེས་པ་དགོས་པ། དེ་ཉམས་སུ་བླངས་པས་འབྲས་བུ་ཀྱེའི་རྡོ་རྗེ་འགྲུབ་པ། དགོས་པའི་དགོས་པ། དེ་རྣམས་སྔ་མ་སྔ་མ་ལ་རག་ལས་པས་འབྲེལ་པ་ལགས་ཏེ། དེས་དགོས་འབྲེལ་བཞི་ཤུགས་ལས་བསྟན་པ་ཡིན། དེ་རྣམས་ཀྱིས་འབྲས་བུའི་རྒྱུད་བཤད་ཟིན་པ་ལགས། དེ་ཐོབ་པར་བྱེད་པའི་རྒྱུད་ལ་གཉིས་ཡོད་པའི་བཤད་པར་དམ་བཅའ་བ་ལ། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་པའི་དོན། རྒྱུད་གསུམ་པོ་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་ཡིན་ཏེ། རྒྱུའི་རྒྱུད་ཀྱི་དབང་དུ་བྱས་ནས། རྒྱུ་སེམས་ཅན་གྱི་རིག་པ་སྣ་ཚོགས་སུ་སྣང་བ་ཐབས། སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ཤེས་རབ། རིག་སྟོང་ཟུང་དུ་འཇུག་པ་བདག་ཉིད། ཐབས་ཀྱི་རྒྱུད་ལ། དབང་ལས་བུམ་པའི་དབང༌། ལམ་ལས་བསྐྱེད་པའི་རིམ་པ། སྤྲོས་བཅས་ཀྱི་སྤྱོད་པ། ཉེ་རྒྱུའི་སྒྲུབ་པ་པོ་རྣམས་ཐབས། དབང་གོང་མ་གསུམ་རྫོགས་པའི་རིམ་པ། སྤྲོས་མེད་ཀྱི་སྤྱོད་པ། ཉེ་རྒྱུའི་རིག་མ་རྣམས་ཤེས་རབ། གང་ཟག་གཅིག་གིས་ཟུང་འཇུག་ཏུ་ཉམས་སུ་ལེན་པས་ན་བདག་ཉིད། འབྲས་བུ་སངས་རྒྱས་གཟུགས་ཀྱི་སྐུ་ཐབས། ཆོས་ཀྱི་སྐུ་ཤེས་རབ། ཟུང་འཇུག་གི་ངོ་བོར་གནས་པས་ན་བདག་ཉིད། ཐམས་ཅད་ཀྱང་འབྲེལ་ཅིང་རྒྱུན་མ་ཆད་པས་ན་རྒྱུད། དེ་ལྟར་བརྗོད་བྱ་རྒྱུད་གསུམ་པོ་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྒྱུད་ཡིན་པས། དེ་སྟོན་པའི་རྗོད་བྱེད་ཀྱང༌། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་ཏེ། དེ་སྟོན་པ་རྡོ་རྗེ་འཆང་ངས་བཤད་ཀྱིས། རྡོ་རྗེ་སྙིང་པོ་ཉོན་ཅིག ཅེས་བྱ་བས་བཤད་པར་དམ་བཅའ་བ་བཤད་ནས། དོན་དངོས་ལ་ལུས་རྣམ་གཞག་དང༌། ཡན་ལག་རྒྱས་བཤད་གཉིས། ཡན་ལག་རྒྱས་བཤད་ལ་གསུམ་གྱི། དེས་མི་འཆིང་ཞིང་གྲོལ་བའི་རྒྱུར་བསྟན་པ་ལ། བཤད་ཚུལ་གཉིས་བདོག་པའི་ཐོག་མར་བསྐྱེད་རིམ་ལ་སྦྱར་ན། རྡོ་རྗེ་སྙིང་པོ་ཞེས་མིང་དང༌། སྙིང་རྗེ་ཆེན་པོ་ཞེས་ཡོན་ཏན་གྱི་སྒོ་ནས་བོས་ནས། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་ཞེས་བྱ་བ་ནི། ཕྱི་ནང་གི་ཇི་ལྟར་སྣང་བའི་དངོས་པོ་འདི་དག་ཉིད་ཀྱིས་གྲོལ་བར་འགྱུར་བའི་རྐྱེན་ཡང་བྱེད་ཅེས་པ་ལ་དགོངས། དངོས་པོའི་འཆིང་བས་འཆིང་བར་འགྱུར་ཞེས་བྱ་བས་དངོས་པོ་དེ་དག་ལ་ཞེན་ཅིང་ཆགས་ན་འཆིང་བར་འགྱུར་བ་ཡིན་ཞེས་གསུངས། འོ་ན་ཇི་ལྟར་གྲོལ་ན། དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཞེས་གསུངས་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་ཞིང༌། རྣམ་པ་ལྷ་སོ་སོར་ཡོངས་སུ་ཤེས་ཤིང་བསྒོམས་ནས་གྲོལ་བར་འགྱུར་བ་ཡིན་ཞེས་གསུངས། འོ་ན་གཟུགས་ལྟ་བུའི་དངོས་པོ་དག་རྣམ་པར་སྣང་མཛད་ལྟ་བུའི་ལྷ་བསྒོམ་ན། དངོས་པོ་མེད་ན་ཇི་ལྟར་བསྒོམ་ཞེ་ན། དངོས་པོ་མེད་པ་ཡོངས་ཤེས་པས། །ཞེས་གསུངས་པའི་དོན། དངོས་མེད་ནམ་མཁའ་ལྟ་བུ་ཡང༌། ཆོས་ཀྱི་དབང་ཕྱུག་མ་ལྟ་བུར་ཡོངས་སུ་ཤེས་པས་མེད་པར་ཞེན་པ་སེལ་བར་བྱེད་ལ། དངོས་པོ་བསྒོམ་འགྱུར་ཞེས་བྱ་བའི་དོན་དེ་ལྟར་ན། དངོས་པོ་དང༌། དངོས་པོ་མེད་པ་ཐམས་ཅད། ལྷའི་དངོས་པོར་བསྒོམ་པར་འགྱུར་རོ། །ཤེས་རབ་ཅན་ཞེས་རྡོ་རྗེ་སྙིང་པོ་ལ་བོས་པ་ལགས། དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་བྱ་བ་དེ་ལྟར་བསྐྱེད་པའི་རིམ་པ། ཧེ་རུ་ཀ་ལ་སོགས་པའི་ལྷ་བསྒོམ་པར་བྱ། ཞེས་གསུངས་པ་ལགས། དེས་བསྐྱེད་པའི་རིམ་པ་ལ་སྦྱར་བ་བསྟན་ནས། ད་རྫོགས་པའི་རིམ་པ་ལ་སྦྱར་ན། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་བྱ་བ། ཕྱི་ནང་གི་དངོས་པོ་ཐམས་ཅད་ལྷའི་དངོས་པོར་བསྒོམས་པས་གྲོལ་ཞེས་བསྟན། དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་བྱ་བས་ལྷའི་དངོས་པོ་ཉིད་ལ་མཚན་མར་ཞེན་ན་འཆིང་བར་འགྱུར་ཞེས་བསྟན། དེ་ཡོངས་ཤེས་པས་གྲོལ་བར་འགྱུར་ཏེ། ལྷ་དངོས་པོར་བསྒོམ་པ་དེ་ཉིད་རྫོགས་པའི་རིམ་པས་སྤྲོས་བྲལ་དུ་ཤེས་ན་གྲོལ་བར་འགྱུར་བ་ལགས། དངོས་པོ་མེད་པའང་ཡོངས་ཤེས་པས། ཞེས་བྱ་བ། ཁ་དོག་དང་དབྱིབས་ཀྱི་དངོས་པོ་མེད་པ། རྫོགས་པའི་རིམ་པའི་ཡེ་ཤེས། རང་ཡང་རང་བཞིན་མེད་པར་ཤེས་པས་ཞེས་བྱ་བར་འགྱུར། དངོས་པོ་བསྒོམ་འགྱུར་ཞེས་བྱ་བ་ལམ་གྱི་དངོས་པོ་བསྒོམ་པར་འགྱུར་རོ། །ཤེས་རབ་ཅན་ཞེས་བོས་པ་ལགས། དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་བྱ་བ། ཚུལ་དེ་ལྟར་རྫོགས་རིམ་གྱི་ཡེ་ཤེས། ཧེ་ནི་རྒྱུ་སོགས་སྟོང་པ་ལ་སོགས་པ་ཡི་གེ་བཞིའི་དོན་བསྒོམ་པར་བྱ། ཞེས་གསུངས་ཏེ། རིམ་པ་གཉིས་ལ་སྦྱར་བས། དེས་མི་འཆིང་ཞིང་གྲོལ་བའི་རྒྱུར་བསྟན་པ་ལགས། རྒྱས་པར་བཤད་པ་དངོས་ཀྱི་སྐབས་སུ། ཇི་ལྟར་མོས་པར་བྱ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པའི་ལྟ་བའི་ལེའུ་དང་པོས་སྟོན། དེའི་སྤྱི་དོན་ལ། བརྗོད་བྱ་སྤྱི་དང༌། སྦས་པ་གཉིས་སྟོན། རྗོད་བྱེད་ཡན་ལག་དང༌། དབྱིབས་མཐུན་གྱི་ཡི་གེའི་དོན་ཅུང་ཟད་ཀྱིས་འཆད། མངོན་པར་རྟོགས་པ་ལྟ་བ་དང༌། རྫོགས་རིམ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་དྲུག་པ་དང༌། བརྒྱད་པ། བཅུ་བཞི་པ། སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་པ། གཉིས་པའི་གཉིས་པ། ལྔ་པའི་གཉིས་པ། དྲུག་པའི་རབ་བྱེད་བཞི་ཀར་གྱིས་གསལ་བར་འཆད། ལུས་རྣམ་པ་གཞག་པ་ཡེ་ཤེས་ཀྱི་རྒྱས་པར་བཤད་པ་ལགས། དེ་རྣམས་ཀྱིས་སྤྱི་དོན་བཤད་ནས། གཞུང་གི་དོན་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད། ལུས་ལ་ཡེ་ཤེས་ཆེན་པོ་གནས་ལ་སོགས་པ་ཚིག་བཞི་པ་གཅིག་གསུངས། འདི་ལ་བཤད་ཚུལ་གཉིས་བདོག་པའི་རང་བཞིན་ལྷན་སྐྱེས་ལ་སྦྱར་ན་ཆོས་ལྔ་བདོག་པའི་ལུས་ལ་ཞེས་བྱ་བས་རྟེན་བསྟན་ཏེ། འཁོར་འདས་ཀྱི་ཆོས་དངོས་པོ་ཐམས་ཅད་ལ་ཞེས་བསྟན། ཡེ་ཤེས་ཆེན་པོ་གནས་ཞེས་བྱ་བས་ངོ་བོ་བསྟན་ཏེ། ཡེ་ཤེས་ཆེན་པོ་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཉིད་བསྟན། རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་བྱ་བ། རང་བཞིན་གྱིས་གྲུབ་པའི་རྟོག་པ་དང་བྲལ་བ་ལ་དགོངས། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་བ། རང་བཞིན་སྤྲོས་བྲལ་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པ་དོན་ཡིན། ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་བྱ་བ། ཆོས་ཐམས་ཅད་ལ་ཁྱབ་ཀྱང༌། ཆོས་ཅན་ལས་ཆོས་ཉིད་སྐྱེས་པ་མ་ཡིན་པར་མེའི་རང་བཞིན་ཚ་བའམ། བྱས་པའི་རང་བཞིན་མི་རྟག་པ་ལྟར། ཆོས་ཉིད་ངོ་བོ་དབྱེར་མེད་དུ་གྱུར་པ་ཡིན། དེས་རང་བཞིན་ལྷན་སྐྱེས་ལ་སྦྱར་བ་བསྟན། ཞུ་བདེ་ལྷན་སྐྱེས་ལ་སྦྱར་ན། རྟེན་སྒྲུབ་པ་པོའི་རྡོ་རྗེའི་ལུས་ལ་བརྟེན་པ་ཤེས་རབ་ཡེ་ཤེས་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ལས་བྱུང་བ་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བ་གནས་པས་ཡེ་ཤེས་ཆེན་པོ་གནས་སོ། །དེའི་མཚན་ཉིད་གློ་བུར་གྱི་རྟོག་པ་དང་བྲལ་བས་རྟོག་པ་ཐམས་ཅད་ཡང་དག་པར་སྤངས་པ་ཡིན་ལ། ཡེ་ཤེས་དེ་ཞུ་བ་ལ་བརྟེན་ནས་འབྱུང་ཞིང༌། ཞུ་བ་དང༌། དེའི་རྟེན་རྩས་ལུས་ཐམས་ཅད་ལ་ཁྱབ་པས། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་གསུངས། དེ་ལྟར་རྟེན་དང་བརྟེན་པའི་ཚུལ་གྱིས་ཁྱབ་ཀྱང༌། ལུས་ལས་སྐྱེས་པ་མ་ཡིན་པས། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་ཏེ། ལུས་བེམས་པོ་ལས་སེམས་རིག་པ་མི་སྐྱེ་བ་ཡིན་པས་བསྐྱེད་བྱ་སྐྱེད་བྱེད་མ་ཡིན་པར་བསྟན། དེས་ཞུ་བདེ་ལྷན་སྐྱེས་ལ་སྦྱར་བ་བསྟན་པ་ལགས་ཏེ། དེ་གཉིས་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་བཤད་པ་ལགས། ཆོས་གསུམ་པ་དེ་མངོན་དུ་བྱེད་པའི་ཐབས། ལྟེ་བར་གཏུམ་མོ་འབར་བ་ཡིས། །ལ་སོགས་པ་གསུངས། འདི་ལ་བཤད་ཚུལ་གཉིས་བདོག་པ་ལས། ཐོག་མར་རང་བྱིན་བརླབ་པར་སྦྱར་ན་གོང་དུ་བསྟན་པ་ལྟར། འཁོར་ལོ་བཞི་གསལ་བཏབ་ནས། འོག་གི་རླུང་གིས་ལྟེ་བའི་གཏུམ་མོའི་མེ་བསྐུལ་བས་ཆེར་འབར་བ་ནི། ལྟེ་བར་གཏུམ་མོ་འབར་བ་ཡིས། །ཞེས་པའི་དོན་ལགས། མེའི་ནུས་པ་དེ་གཡས་རོ་མའི་མེ་དང་བསྡོངས་ནས། གྱེན་དུ་མཆེད་ཅིང་འབར་བས་དེ་བཞིན་གཤེགས་པ་ལྔའི་ངོ་བོ། བྷྲཱུྃ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ། གི་གནས་སྙིང་ག་ཆོས་ཀྱི་འཁོར་ལོ་བསྲེགས་པ་ནི་དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་ཞེས་པས་བསྟན། ཡང་ཡར་འབར་བས་ལྷ་མོ་བཞིའི་ངོ་བོ། ཡ་ར་ལ་ཝ་གནས་པ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བསྲེགས་པ་ནི། སྤྱན་ལ་སོགས་པ་ཡང་བསྲེགས་ཏེ་བསྟན། སླར་ཡང་གྱེན་དུ་འབར་བས། སྤྱི་བོ་བདེ་ཆེན་གྱི་ཧཾ་ལ་བསྣུན་པས། ཟླ་བ་ལྟར་དཀར་བའི་ཐིག་ལེའི་རྒྱུན་གཡོན་རྐྱང་མའི་ཐིག་ལེ་དང་བསྡོངས་ནས་བབས་པས། འཁོར་ལོ་རྣམས་གསལ་བཏབ་ནས། མཐར་རྩ་དབུ་མའི་ནང་དུ་འབར་བ་དང༌། འཛག་པ་ཟུང་དུ་ཆུད་པས་དྲོད་དང་བདེ་བ་དང༌། མི་རྟོག་པའི་ཡེ་ཤེས་བསྐྱེད་པ་ནི། བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་པས་བསྟན། དེ་ཉིད་དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ན། ལྟེ་བ་ཐབས་ཀྱི་རིགས་བདག་གི་ཁ་དང༌། ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོ་ལ་ཟེར། གཏུམ་མོ་འབར་བ་བསྲུབ་པ་དང་སྲུབ་པའི་སྦྱོར་བས་བདེ་བའི་དྲོད་བསྐྱེད་པ་ལ་དགོངས། དེ་བཞིན་གཤེགས་པ་ལྔ་བདུད་རྩི་ལྔ་སྤྱན་ལ་སོགས་པ་འབྱུང་བ་བཞིའི་དྭངས་མ་བཞུ་ཞིང་བསྐྱོད་ནས། དབང་གི་གནས་སུ་མངོན་དུ་བྱས་པའི་དོན་ལགས། བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་པ་དེའི་ཚེ། སྤྱི་བོའི་ཧཾ་ལས་ཐིག་ལེའི་རྒྱུན་བབས་པས། ཡས་འབབ་ཀྱི་དགའ་བ་བཞི་མངོན་དུ་བྱས་པ་བསྟན། མས་བརྟན་གྱི་དགའ་བ་བཞི་ཤུགས་ཀྱིས་བསྟན་པ་ལགས། དེས་ཐབས་བཤད་དེ། དེ་དག་གིས་དོན་དངོས་བསྟན་ནས། དོན་གཉིས་པ་ལེའུའི་མིང་ནི། རྡོ་རྗེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རིགས་ཏེ་སྐྱེ་བའི་རྟེན་ལུས་དང་མངོན་དུ་བྱེད་པའི་ཐབས་ལ་ཟེར། དེ་དག་སྟོན་པའི་དུམ་བུ་དངོས་ཡིན་པས། རྡོ་རྗེ་རིགས་ཀྱི་ལེའུ་སྟེ་དང་པོའོ། །ཞེས་གསུངས་པ་ལགས།།  །།གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ལེའུ་གཉིས་པའི་སྤྱི་དོན་ལ། བརྗོད་བྱ་བསྐྱེད་པའི་རིམ་པ་སྤྱི་ཤས་ཆེ་ཞིང་སྦས་པ་ཡང་ཅུང་ཟད་སྟོན། རྗོད་བྱེད་ཕལ་ཆེར་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀར་གྱིས་འཆད། མངོན་པར་རྟོགས་པ་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལྔ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་གཉིས་པ། གསུམ་པ། བཞི་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་བཞི་པ། བཅོ་ལྔ་པ་སྟེ། ལེའུ་བཅུ་གཅིག་དང༌། སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་པ་དང༌། བརྒྱད་པའི་དང་པོ་དང༌། གཉིས་པ་དང༌། བཞི་པ་རྣམས་ཀྱིས་འཆད། ལུས་རྣམ་པར་གཞག་པ། དགུག་པ་དང་དོན་བྱེད་རྣམ་མང་དང༌། རེངས་པར་བྱེད་དང་སྐྲོད་པ་དང༌། སྡེ་རེངས་བྱེད་དང༌། མངོན་སྤྱོད་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལགས།།  །།ལེའུ་གསུམ་པ་དང་བཞི་པའི་སྤྱི་དོན་ལ། བརྗོད་བྱ་བསྐྱེད་པའི་རིམ་པ་སྤྱི། རྗོད་བྱེད་ཡན་ལག་དང༌། ཡི་གེའི་དོན་གཉིས་ཀྱིས་འཆད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ལས། གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་སྟོན། བཤད་པའི་རྒྱུད་རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་ནས། འདི་ཉིད་ནས་སྟོན་པའི་ཧེ་རུ་ཀ་གསུམ་གྱི་མངོན་པར་རྟོགས་པ་འབྱུང་ལ་ཆ་མཐུན་པ་ལེའུ་བཅོ་ལྔ་པ་ཕལ་ཆེར་བས་སྟོན། སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་གསུམ་པ་དང༌། རྒྱུད་ཕྱི་མ་ནས་ཧེ་རུ་ཀ་གསུམ་གྱི་མངོན་པར་རྟོགས་པ་འབྱུང་ངོ༌། །ཉིས་པའི་བཞི་པ་དང༌། གསུམ་པའི་རབ་ཏུ་བྱེད་པ་བཞི་སྟེ། དྲུག་གིས་བསྐྱེད་པའི་རིམ་པའི་སྤྱིའི་དོན། ལུས་རྣམ་པར་གཞག་པ་ལྷ་རྣམས་ཇི་ལྟར་འབྱུང་བའི་རྒྱས་བཤད་ལགས།།  །།ལེའུ་ལྔ་པའི་སྤྱི་དོན་ལ། བརྗོད་བྱ་ཆོས་ཅན་ལ་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ཕ་རོལ་ཏུ་ཕྱིན་པ་དང་ཡང་སྤྱི་ཡིན་ལ། གཞན་རྣམས་སྦས་པ་ལགས། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་གྱིས་འཆད། མངོན་པར་རྟོགས་པ་ལྟ་བ་དང༌། རྫོགས་རིམ་དཀྱིལ་འཁོར་འཁོར་ལོ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང༌། བཞི་པ་དང༌། དྲུག་པ། བདུན་པ། བརྒྱད་པ། བཅུ་བཞི་པ་སྟེ་དྲུག་དང༌། སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་ཀ་དང༌། གཉིས་པའི་གཉིས་པ་དང༌། ལྔ་པའི་གཉིས་པ་རྣམས་ཀྱིས་སྟོན། ལུས་རྣམ་པར་གཞག་པ་ཡེ་ཤེས་ཀྱི་རྒྱས་བཤད་ལགས།།  །།ལེའུ་དྲུག་པའི་སྤྱི་དོན་ལ། བརྗོད་བྱ་སྦས་པ་རང་བྱིན་བརླབ་སྟོན་པར་བྱེད་པས་སྦས་པ་དང་འབྲེལ། མངོན་པར་རྟོགས་པ་དྲོད་ཀྱི་ཆོས་དྲུག་དང༌། དྲོད་ཐོབ་ནས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྤྱོད་པའི་ཆོས་དྲུག་སྟོན། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཅུ་པ་དང་སཾ་པུ་ཊའི་བརྟག་པ་ལྔ་པས་གསལ་བར་འཆད། ལུས་རྣམ་པར་གཞག་པ་དོན་བྱེད་ཀྱི་རྒྱས་པར་བཤད་པ་ལགས།།  །།ལེའུ་བདུན་པའི་སྤྱི་དོན་ལ། བརྗོད་བྱ་ཚོགས་ཀྱི་འཁོར་ལོ་བསྐྱེད་པའི་རིམ་པའི་སྤྱི། སྤྱོད་པ་སྦས་པ། བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་འབྲས་བུ་རྣམས་སྟོན། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀས་འཆད། མངོན་པར་རྟོགས་པ་བསྐྱེད་རིམ་གྱི་ཡན་ལག བཟའ་བའི་དམ་ཚིག་ཚོགས་ཀྱི་འཁོར་ལོ་དང༌། རྫོགས་རིམ་བརྟན་པར་བྱེད་པ་སྤྱོད་པ་དང༌། གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས་རྣམས་སྟོན། བཤད་པའི་རྒྱུད། རྡོ་རྗེ་གུར་གྱི་ལེའུ་གཉིས་པ། བརྒྱད་པ། བཅུ་པ། བཅུ་བཞི་པ། སཾ་པུ་ཊའི་བརྟག་པ་དགུ་པ། ལྔ་པའི་ཆ་ཤས་རྣམས་ཀྱིས་འཆད། ལུས་རྣམ་པར་གཞག་པ་བརྡ་ཆེན་དང༌། དོན་བྱེད་ཀྱི་ཡན་ལག་རྒྱས་བཤད་ལགས།།  །།ལེའུ་བརྒྱད་པས་སྤྱོད་པ་མཐར་ཕྱིན་ནས། འབྲས་བུ་ལ་མཚམས་སྦྱོར་བའི་ཉེ་རྒྱུ་བསྟན་པའི་དབང་དུ་བྱས་ན་བརྗོད་བྱ་སྦས་པ། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀས་འཆད། མངོན་པར་རྟོགས་པ་ཉེ་རྒྱུ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་དང༌། སཾ་པུ་ཊའི་དགུ་པའི་དང་པོ་དང༌། བཅུ་པའི་དང་པོས་འཆད། ལུས་རྣམ་གཞག ཇི་ལྟར་རིགས་པར་རྣལ་འབྱོར་མའི། བསྐྱེད་དང་གནས་དང་བྱེད་རྒྱུ་དང་གིས་ཡན་ལག་རྒྱས་བཤད་ལགས། གཞུང་ཡི་གེ་ཇི་ལྟ་བ་བཞིན་བཤད་པའི་དབང་དུ་བྱས་ནས། དུམ་བུ་གསུམ་དུ་གནས་པ་ལས། བསྐྱེད་རིམ་སྟོན་པའི་དུམ་བུ་བརྗོད་བྱ་བསྐྱེད་པའི་རིམ་པ་སྤྱི། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀས་འཆད། མངོན་པར་རྟོགས་པ་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་ཕལ་ཆེ་བ་དང༌། སཾ་པུ་ཊའི་བརྟག་པ་གསུམ་པའི་རབ་བྱེད་གསུམ་པས་བསྟན། ལུས་རྣམ་པར་གཞག་པ་ལྷ་རྣམས་ཇི་ལྟར་འབྱུང་བའི་ཡན་ལག་རྒྱས་བཤད་ལགས། རིམ་གཉིས་སྤྱིའི་དོན་ལ། བུམ་བུ་གཉིས་པའི་དབང་དུ་བྱས་ནས། བརྗོད་བྱ་སྤྱི་དང་སྦས་པ། རྗོད་བྱེད་ཡན་ལག་གི་དོན་གྱིས་འཆད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ལས་གཙོ་བོར་མཆོག་སྒྲུབ་པའི་མངོན་པར་རྟོགས་པ་དེ་ལས་ཀྱང་རིམ་པ་གཉིས་སྤྱིའི་རྣམ་པར་གཞག་པ་སྟོན། དེ་ལ་རིམ་པ་གཉིས། དབྱེ་བའི་གཞི། དབྱེ་བའི་དོན། གྲངས་ངེས་པ། མིང་གི་དོན། བསྒོམ་པའི་གོ་རིམ། གྲོལ་བའི་རྒྱུ་མཚན་ཏེ་དྲུག་བདོག དེ་ལ་དབྱེ་བའི་གཞི། དབང་བཞིས་སྨིན་པར་བྱས་པའི་གང་ཟག་གིས་ཉམས་སུ་བླང་བར་བྱ་བ་ཟུང་དུ་འཇུག་པའི་ལམ་ཙམ་ཞིག་ལགས། དབྱེ་བའི་དོན་བུམ་དབང་ཐོབ་པས་བསླབ་པར་བྱ་བ། བསྐྱེད་པའི་རིམ་པ་དང༌། མཆོག་གི་དབང་གསུམ་ཐོབ་པས་བསླབ་པར་བྱ་བ་རྫོགས་པའི་རིམ་པ་སྟེ་རིམ་པ་གཉིས་ལགས། དེའང་གསང་བ་འདུས་པ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་གསུངས་པ་ལགས། གྲངས་ངེས་པ་ལ་གཉིས། སྦྱང་གཞི་ཐ་མལ་པའི་རྣམ་པར་རྟོག་པ་དང༌། གྱ་ནོམ་པ་ལྷར་ཞེན་པའི་རྟོག་པ་གཉིས་སུ་ངེས་པས་ཀྱང༌། རིམ་པ་གཉིས་སུ་གྲངས་ངེས་ཏེ། རྡོ་རྗེ་གུར་ལས། ཕལ་པའི་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །རང་བཞིན་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཉིད་ཀྱང་བསྒོམ་པ་མིན། །ཞེས་གསུངས་པ་ལགས། ལམ་རང་གི་ངོ་བོ་རྟེན་བསྐྱེད་པའི་རིམ་པ་མེད་ན། བརྟེན་པ་རྫོགས་པའི་རིམ་པ་མི་འབྱུང་བས། རྟེན་དང་བརྟེན་པ་གཉིས་སུ་གྲངས་ངེས་ཏེ། བརྟག་པ་གཉིས་པ་ལས། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་གསུངས་པ་ལགས། འབྲས་བུ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་གཉིས་སུ་གྲངས་ངེས་པས། རིམ་པ་གཉིས་སུ་གྲངས་ངེས་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་ངེས་པར་འགྲུབ། །ཅེས་པ་དང༌། སཾ་པུ་ཊ་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །མིང་གི་དོན་ནི་སྦྱང་གཞི་སྐྱེ་བ་སྦྱོང་བ་དང༌། རང་གི་ངོ་བོ་བློས་བསྐྱེད་ཅིང་རིམ་གྱིས་གསལ་འདེབས་པ་དང༌། འབྲས་བུ་ནི་ཐུན་མོང་གི་དངོས་གྲུབ་ཀྱིས་མཆོག་གི་དངོས་གྲུབ་ལ་བྲོད་པ་བསྐྱེད་པས་ན་བསྐྱེད་པའི་རིམ་པ་ཞེས་བྱ་ཞིང༌། སྦྱང་གཞི་འཆི་བ་རྫོགས་པའི་གནས་སྐབས་སྦྱོང་བ་རང་གི་ངོ་བོ་ལུས་ལ་རྫོགས་ཟིན་པ་རྩ་ཡིག་དང་ཁམས་རྣམས་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་རྫོགས་ཟིན་པ་རིམ་གྱིས་གསལ་འདེབས་པ་དང༌། འབྲས་བུ་མཆོག་གི་དངོས་གྲུབ་ཡོངས་སུ་རྫོགས་པ་རིམ་གྱིས་བསྒྲུབས་པས་རྫོགས་པའི་རིམ་པ་ཞེས་བྱ་བ་ལགས་པར་གདའ། བསྒོམ་པའི་གོ་རིམ་ནི། ལས་དང་པོ་པས་བསྐྱེད་པའི་རིམ་པ་གཙོ་བོར་བསྒོམས་ནས། རྫོགས་པའི་རིམ་པ་ཅི་ནུས་ཀྱིས་བསྒོམ། སེམས་བརྟན་པ་ཐོབ་པས་རིམ་པ་གཉིས་ཆ་མཉམ་པར་བསྒོམ། བརྟན་པ་ཆེར་ཐོབ་པས་བསྐྱེད་རིམ་ལམ་གྱི་རྟེན་ཙམ་དུ་བསྒོམས་ནས། དངོས་གཞི་རྫོགས་པའི་རིམ་པ་བསྒོམ་པ་ཡིན། གང་ལྟར་ཡང་བསྐྱེད་རིམ་སྔོན་དུ་འགྲོ་བའི་རིམ་པ་གཉིས་ཟུང་འཇུག་ཏུ་བསྒོམ་པ་ཡིན་ཏེ། འདི་ཉིད་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པ་ལྟ་བུ་ལགས། གྲོལ་བའི་རྒྱུ་མཚན་ལ་གསུམ་དུ་བདོག་པ་ལས། ཐོག་མར་དག་པ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་གྲོལ་བར་འཐད་པ་ནི། རྒྱུ་སེམས་ཅན་གྱི་ཁམས་རང་བཞིན་གྱིས་དག་པ། དེ་བཞིན་ཉིད་ཀྱི་དག་པ། ལུས་ལྷའི་ཞལ་ཕྱག་གི་རྣམ་པར་གྲུབ་པས་ལྷ་སོ་སོའི་དག་པ། སེམས་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་རང་རིག་པའི་དག་པ་སྟེ། རྒྱུའི་རྒྱུད་ཀྱི་དག་པ་གསུམ་ལགས། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ལ་དེ་ལྟར་ཤེས་པ་ལྟ་བ་དེ་བཞིན་ཉིད་ཀྱི་དག་པ། རྟེན་དང་བརྟེན་པར་བཅས་པའི་བསྐྱེད་པའི་རིམ་པ་བསྒོམ་པ་ལྷ་སོ་སོའི་དག་པ། རྫོགས་པའི་རིམ་པ་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱེད་པ་རང་རིག་པའི་དག་པ་སྟེ། ཐབས་ཀྱི་རྒྱུད་ཀྱི་དག་པ་གསུམ། དག་པ་གཉིས་དང་ལྡན་པའི་ཆོས་ཀྱི་སྐུ་མངོན་དུ་བྱས་པ་དེ་བཞིན་ཉིད་ཀྱི་དག་པ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ལྷ་སོ་སོའི་དག་པ། ལོངས་སྤྱོད་རྫོགས་པའི་སྐུ་ཟུང་འཇུག་གི་བདེ་བ་ཆེན་པོ་བརྙེས་པ་རང་རིག་པའི་དག་པ་སྟེ། འབྲས་བུའི་རྒྱུད་ཀྱི་དག་པ་གསུམ་ལགས་ཏེ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་བརྗོད་ནས། །འདི་ལྟར་འགྲོ་བ་སངས་རྒྱས་འགྱུར། །ཞེས་གསུངས་པ་ལགས། དེ་ལྟར་རྒྱུ་དང༌། ལམ་དང་འབྲས་བུ་དག་པ་གསུམ་གྱི་རང་བཞིན་ཡིན་པས་ཀྱང་གྲོལ་བར་འཐད་པ་ལགས་སྐད། རིགས་དང་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར། གྲོལ་བར་འཐད་པ་ནི། སྤྱིར་མ་དག་པ་འཁོར་བའི་སེམས་ཅན། དག་པ་སངས་རྒྱས་ཀྱི་རྒྱུའམ་རིགས་ཡིན་ཞིང༌། སངས་རྒྱས་དེ་འབྲས་བུའམ་རིགས་བདག་ཡིན་ལ། ཁྱད་པ་དུ་སེམས་ཅན་གྱི་ལུས་ངག་ཡིད་ལས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང༌། ཕུང་པོ་ལྔ་ལས་རིགས་ལྔ་དང༌། ཉོན་མོངས་པ་ལྔ་ལས་ཡེ་ཤེས་ལྔ་འབྱུང་སྟེ། རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་པའི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་གསུངས་པས་སེམས་ཅན་དང༌། སངས་རྒྱས་དང༌། རྒྱུ་དང༌། འབྲས་བུ་དང༌། རིགས་དང༌། རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་གྱིས་ཀྱང་གྲོལ་བར་འཐད་པ་ལགས་པར་གདའ། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་གྲོལ་བར་འཐད་པ་ནི། དུག་གི་དུམ་བུ་གང་ཉིད་ཀྱིས། །ཞེས་པ་ནས། དུག་གིས་དུག་ནི་འབིགས་པར་བྱེད། །ཅེས་པའི་བར་གྱིས་གསུངས། དཔེར་ན་ཁྱི་སྨྱོན་གྱི་མཆེ་བ་ལ་སོགས་པ་གཡོ་བའི་དུག་གི་གཉེན་པོར། བཙན་དུག་ལ་སོགས་པ་བརྟན་པའི་དུག་འགྲོ་བ་ལྟར། ཐ་མལ་པའི་རྣམ་པར་རྟོག་པའི་གཉེན་པོར་ལམ་གྱི་རྣམ་པར་རྟོག་པ་བསྒོམ་པ་རིགས་འདྲ་གཉེན་པོར་ཆེ་བ་དང༌། ཇི་ལྟར་རླུང་གིས་ཟིན་པ་ལ། །ཞེས་པ་ནས། རླུང་ལ་རླུང་གིས་སྣུན་པར་བྱེད། །ཅེས་པའི་བར་གྱིས་སྣོད་དང་བཅུད་ཀྱི་སྲིད་པའི་གཉེན་པོར་གཞལ་ཡས་ཁང་དང༌། ལྷ་བསྒོམ་པ་བཟློག་པ་གཉེན་པོར་ཆེ་བ་དང༌། ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཞེས་པ་ནས། རྣམ་པར་ངེས་པར་སྦྱང་བར་བྱ་བའི་བར་གྱིས་མགོ་བོ་གཅིག་ཏུ་ཞེན་པའི་རྣམ་པར་རྟོག་པ་སྦྱང་བའི་དོན་དུ། ཞལ་བརྒྱད་བསྒོམ་པ་ལ་སོགས་པ་བསྣན་པ་གཉེན་པོར་ཆེ་བ་དང༌། ཇི་ལྟར་འཚེད་པས་ཚིག་པ་ལ། །ཞེས་པ་ནས། འདོད་ཆགས་མེ་ཡིས་གདུང་བར་བྱའི་བར་གྱིས། ཐ་མལ་གྱི་འདོད་ཆགས་ཀྱི་གཉེན་པོར། དཀྱིལ་འཁོར་འཁོར་ལོའི་འདོད་ཆགས་བསྒོམ་པ་སྦམས་པ་གཉེན་པོར་ཆེ་བ་སྟེ། ཐབས་ཁྱད་པར་ཅན་བཞི་པོ་དེ་དག་དང་ལྡན་པས་ཀྱང་གྲོལ་བར་འཐད་པ་ལགས། དེས་གྲོལ་བའི་རྒྱུ་མཚན་བསྟན་ཏེ། དེ་ལྟར་དྲུག་གིས་སྤྱིའི་དོན་མངོན་པར་རྟོགས་པ་གང་འབྲེལ་བ་བསྟན་པ་ལགས། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་དང༌། བཅུ་བཞི་པ། སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་པ་རྣམས་ཀྱིས་འཆད། ལུས་རྣམ་པར་གཞག་པ་ལྷ་རྣམས་ཇི་ལྟར་འབྱུང་བ་དང༌། ཡེ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལགས། དེ་རྣམས་ཀྱིས་སྤྱིའི་དོན་བཤད་ནས། ཚིག་གི་དོན་ལ་འཆད་བྱེད་སྟོན་པ་ལ་སྦྱར་བ་དང༌། སྒྲུབ་བྱེད་གང་ཟག་ལ་སྦྱར་བ་གཉིས་བདོག དེ་ལ་ཐོག་མར་འཆད་བྱེད་སྟོན་པ་ལ་སྦྱར་ན། འོག་ན་ཡོད་པའི་འཆད་དོ་ཞེས་བྱ་བ་དེ་བཤད་པའི་གཞིར་བཞག་ནས། གང་བཤད། གང་གིས་བཤད། ཇི་ལྟར་བཤད་ཅེས་པ་དྲི་བ་གསུམ་སྦྱར་ནས། གང་འཆད་ན། རྣལ་འབྱོར་བླ་ན་མེད་པ་གསང་སྔགས་ཀྱི་ཆོས་འཆད་དོ། །གང་གིས་འཆད་ན། སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་དང་ལྡན་པའི་རྡོ་རྗེ་ཅན་གྱིས་འཆད་དོ། །ཇི་ལྟར་འཆད་ན་རྟེན། བསྐྱེད་པའི་རིམ་པ་ཉིད་དང་ནི། །བརྟེན་པ། རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་པའི་ཚུལ་གྱིས་འཆད་དེ། གསང་བ་འདུས་པ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་གསུངས་པ་ལྟར་ལགས། ད་སྒྲུབ་བྱེད་གང་ཟག་ལ་སྦྱར་ན། མཉམ་པར་གནས་ནས་ནི་ཞེས་པ་བཤད་པའི་གཞིར་བཞག་ནས། གང་གནས། གང་ལ་གནས། གནས་ནས་ཇི་ལྟར་བྱེད། ཅེས་དྲི་བ་གསུམ་སྦྱར་ནས། གང་གནས་ན་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་དང་ལྡན་པའི་རྡོ་རྗེ་ཅན་སྒྲུབ་པ་པོ་གནས། གང་ལ་གནས་ན། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པ་ཉིད་ཀྱི་རྣལ་འབྱོར་ལ་གནས་པ་ལགས། གནས་ནས་ཅི་བྱེད་ན། ཆོས་འཆད་པ་དང༌། ཉན་པ་དང༌། སྤྱོད་ལམ་དང༌། བཟླས་པ་ལ་སོགས་པ་བྱེད་ཅིང༌། ཀུན་ཏུ་སྤྱོད་པ་ཐམས་ཅད་ཀྱང་རིམ་པ་གཉིས་ཟུང་དུ་འཇུག་པའི་ངང་ནས་བྱེད་ཅེས་པའི་དོན་ལགས། དེས་རིམ་པ་གཉིས་ཀྱི་སྤྱིའི་དོན་བཤད་པ་ལགས། རྫོགས་པའི་རིམ་པ་སྟོན་པ་དུམ་བུ་གསུམ་པ་འདིའི་བརྗོད་བྱ་སྦས་པ། རྗོད་བྱེད་ཡན་ལག་གི་དོན་གྱིས་འཆད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ལས། གཙོ་བོར་མཆོག་བསྒྲུབ་པའི་མངོན་པར་རྟོགས་པ། རང་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་འཁོར་ལོ་གཉིས་ཀས་སྟོན། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་གཉིས་པ་ལ་སོགས་པའི་ལེའུ་བཞི་དང༌། སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་པ་དང༌། གཉིས་པའི་རབ་ཏུ་བྱེད་པ་གཉིས་ཀྱིས་འཆད། ལུས་རྣམ་པར་གཞག་པ་ཡེ་ཤེས་ཀྱི་རྒྱས་བཤད་ལགས།།  །།ལེའུ་དགུ་པའི་བརྗོད་བྱ་སྤྱི་དང་སྦས་པ། རྗོད་བྱེད་ཡན་ལག་གི་དོན་གྱིས་འཆད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ལས། ལྟ་བ་དང༌། བསྐྱེད་རིམ་དང༌། རྫོགས་རིམ་གསུམ་སྟོན། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་དྲུག་པ་དང༌། བཅུ་བཞི་པ་དང༌། སཾ་པུ་ཊའི་བརྟག་པ་དང་པོའི་རབ་བྱེད་དང་པོ་དང༌། གཉིས་པའི་གཉིས་པ་དང༌། ལྔ་པའི་གཉིས་པ་རྣམས་ཀྱིས་འཆད། ལུས་རྣམ་པར་གཞག་པ་ཡེ་ཤེས་དང༌། ལྷ་རྣམས་ཇི་ལྟར་འབྱུང་བའི་རྒྱས་བཤད་ལགས།།  །།ལེའུ་བཅུ་པའི་བརྗོད་བྱ་སྤྱི་དང་སྦས་པ་གཉིས་སྟོན། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀས་འཆད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ལས། སྨིན་པར་བྱེད་པ་དབང་བསྐུར་སྟོན། །བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་གཞུང་ཕལ་ཆེ་བ་དང༌། སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་དང་པོ་དང༌། གསུམ་པའི་བཞི་པ་དང༌། རྒྱུད་ཕྱི་མ་རྣམས་ཀྱིས་འཆད། ལུས་རྣམ་པར་གཞག་པ་དོན་བྱེད་ཀྱི་ཡན་ལག་རྒྱས་པར་བཤད་པ་ལགས།།  །།ལེའུ་བཅུ་གཅིག་པའི་བརྗོད་བྱ་སྤྱི་དང་སྦས་པ། རྗོད་བྱེད་ཡན་ལག་དང་ཡི་གེའི་དོན་གྱིས་འཆད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ལས་སྤྱོད་པའི་སྐབས་སུ་བྱ་བ་ལྟ་སྟངས་དང༌། སེམས་ཅན་དམན་པ་རྗེས་སུ་འཛིན་པའི་ཆ་ནས་ལས་ཀྱི་ཚོགས་དང༌། བཟའ་བའི་དམ་ཚིག་ཀྱང་སྟོན། ལུས་རྣམ་པར་གཞག་པ་ལྟ་སྟངས་ཀྱི་རྒྱས་བཤད་ལགས། ལྟ་སྟངས་ལ་སྤྱི་དོན་དང༌། གཞུང་དོན་གཉིས་བདོག་པའི་སྤྱི་དོན་གྱི་དབང་དུ་བགྱིས་ན། ལྟ་སྟངས་གང་གིས་བྱེད་པའི་གང་ཟག ཇི་ལྟར་བྱ་བའི་ལྟ་སྟངས། དེ་ལྟར་བྱས་པའི་དགོས་པ་དང་གསུམ་བདོག དེ་ལ་ཐོག་མ་གང་ཟག་བསྐྱེད་པའི་རིམ་པ་མཐར་ཕྱིན་པ་ཅིག་གིས་བྱེད་པ་ཡིན། ལམ་མཐར་ཕྱིན་པའང་གསུམ་དུ་ཡོད་པ་ལས། འབྲས་བུ་མཐར་ཕྱིན་པ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ། གྲུབ་པ་མཐར་ཕྱིན་པ་ས་དྲུག་པ། དམིགས་པ་མཐར་ཕྱིན་པ་རྡུལ་ཕྲན་གཅིག་གི་ནང་དུ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་དཀྱིལ་འཁོར་བསྒོམ་པ་དང༌། དཀྱིལ་འཁོར་ཆུང་ངུ་གཅིག་གིས་ཀྱང་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་པ་ལ་སོགས་པ་ཇི་ལྟར་འདོད་པའི་དམིགས་པ་གསལ་ཞིང༌། མཉམ་པར་འཇོག་པ་དང༌། མཉམ་པར་བཞག་པ་ལས་ལྡང་བ་ལ་སོགས་པ་རང་དབང་ཐོབ་པ་ལ་ཟེར་ཏེ། དེ་ལྟར་གསུམ་ལས་འདི་དམིགས་པ་མཐར་ཕྱིན་པས་བྱེད་པ་ལགས་པར་གདའ། ཇི་ལྟར་བྱ་བའི་ལྟ་སྟངས་དངོས་ནི་སྤྱོད་པ་བྱེད་པའི་ཚེ་རང་གི་ཏིང་ངེ་འཛིན་གྱི་རྩལ་སྦྱང་བ་དང༌། གཞན་རྗེས་སུ་གཟུང་བའི་ཕྱིར་ལྷའི་ང་རྒྱལ་དང་ལྡན་པས། བསྒྲུབ་བྱའི་གཟུགས་མིག་འབྲས་གཉིས་ལ་ཤར་བར་བྱས་ནས་དབང་དུ་བྱ་བ་ལ་སོགས་པ་འདོད་པའི་བསམ་པས། མིག་གིས་ལྟ་བའི་ལྟ་སྟངས་སོ་སོར་བྱས་པས་ལས་སོ་སོར་འགྲུབ་པར་འགྱུར་ཏེ། དེའང་འདི་ཉིད་ནས་གསུངས་པའི་རྩ་བའི་ལྟ་སྟངས། ལྟུང་བ་དང༌། དབང་དུ་བྱ་བ་དང༌། རེངས་པ་དང༌། དགུག་པ་བཞི་དང༌། སཾ་པུ་ཊ་ལས་གསུངས་པ། ནམ་མཁའ་ལ་འགྲོ་བ་དང༌། བདུད་ཀྱི་དཔུང་འཇོམས་པ་ལ་སོགས་པ་ཡན་ལག་གི་ལྟ་སྟངས་བཞི་དང༌། ཕྲན་ཚེགས་དཔག་ཏུ་མེད་པ་རྣམས་སྒྲུབ་པ་ལགས་པར་གདའ། དེ་ལྟར་བྱས་པའི་འབྲས་བུ་གདུལ་བྱ་མོས་པར་བྱས་ནས་ལམ་ལ་འཇུག་པ་ཡིན་ཏེ། ལྟ་སྟངས་བཞི་པོ་བསྒྲུབས་ནས་ནི། །མཁས་པས་སེམས་ཅན་གཞུག་པར་བྱ། །ཞེས་གསུངས་པ་ལགས། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བདུན་པ་དང༌། བཅུ་པ། སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་བཞི་པ་དང་བདུན་པའི་རབ་ཏུ་བྱེད་པ་དང་པོས་གསལ་བར་འཆད། ལུས་རྣམ་གཞག་ལྟ་སྟངས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལགས། དེ་རྣམས་ཀྱིས་བརྟག་པ་དང་པོའི་དོན་དངོས་བཤད་ནས། མཚན་གྱི་དོན་ནི། ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་དོན། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ནམ་མཁའ་ལ་གཟུགས་ཀྱི་སྐུ་གཉིས་འགྲོ་ཞིང་སེམས་ཅན་གྱི་དོན་མཛད་པའི་སྐུ་གསུམ་དང་ལྡན་པ་མཁའ་འགྲོ་མ། སྐུ་གསུམ་པོ་དེ་འབྲེལ་ཞིང་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཁྱབ་པས་དྲྭ་བ། བདེ་བ་བརྙེས་པ་དང༌། མི་མཐུན་པའི་ཕྱོགས་བསྡམས་ཤིང༌། ཡོན་ཏན་གྱི་ཚོགས་རྫོགས་པས་སྡོམ་པ་སྟེ། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སཾ་ཞེས་བྱ་བ་བདེ་བར་བཤད། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་བདེ་བའི་མཆོག །ཅེས་གསུངས། ཞུ་བ་པོ་རྡོ་རྗེ་སྙིང་པོས་ཞུས་པའི་དོན་དུ་གསུངས་པས། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་སྟེ། དེའང་རྡོ་རྗེ་རྩེ་མོ་ལས། གདུལ་བྱ་འཕགས་པའི་སྐྱེས་མཆོག་ཉིད། །དེ་འདིར་རྡོ་རྗེ་སྙིང་པོར་བརྗོད། །ཅེས་གསུངས་པ་ལགས། ཡང་ན་རྡོ་རྗེ་སྟོང་པ་ཉིད། །སྙིང་པོ་དེ་མངོན་དུ་གྱུར་པ། སངས་རྒྱས་ཉིད་རྡོ་རྗེ་སྙིང་པོ་ཉིད་དེ་མངོན་དུ་གྱུར་པའི་ཐབས་བསྟན་པས་མངོན་པར་བྱང་ཆུབ་པ་ཡིན་ལ། དེ་སྟོན་པའི་གཞུང་འདི་ཡང༌། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བཏགས་པ་ལགས། ཡང་དག་པར་ན་ཆོས་ཐམས་ཅད་བདག་མེད་པས། མིང་དུ་བཏགས་པ་དང༌། བསྟན་པར་བྱ་བའི་ཆོས་མ་གྲུབ་ཀྱང༌། སངས་རྒྱས་ཀྱི་ཐབས་ལ་མཁས་པས་མིང་དང་ཐ་སྙད་དུ་བཏགས་ཤིང༌། བཏགས་ནས་བསྟན་པས་བརྟག་པ་ལགས། །དེའང་རྡོ་རྗེ་རྩེ་མོ་ལས། ཆོས་ཀུན་གཟུགས་ཅན་མ་ཡིན་ཡང༌། །གཟུགས་སུ་ཡང་ནི་འདི་རུ་བརྟགས། །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདི་རུ་བརྟགས། །དེས་ན་ངོ་མཚར་ཆོས་འདི་ལ། །རྟོག་པས་བརྟགས་པ་ཡིན་པར་བཤད། །ཅེས་གསུངས་པ་ལགས། གཞུང་གི་དུམ་བུ་སྔ་མ་ཚར་བས་ན་བརྟག་པ་དང་པོ་རྫོགས་སོ། །ཞེས་གསུངས་པ་ལགས། བརྟག་པ་དང་པོའི་སྤྱི་དོན་ཉེ་བར་མཁོ་བ་རྣམས་རྫོགས་སོ།།  །། ༄༅། །དེ་ལྟར་བརྟག་པ་དང་པོ་གཙོ་བོར་སྐྱེས་པའི་དོན་དུ་གསུངས་ཤིང༌། ཐབས་ཀྱི་ཆ་གཙོ་བོར་སྟོན་པ། བརྟག་པ་དང་པོ་རྩ་རྒྱུད་ཀྱི་ཚུལ་དུ་བཤད་ཟིན་པ་ལགས། ད་བརྟག་པ་ཕྱི་མ་གཙོ་བོར་བུད་མེད་ཀྱི་དོན་དུ་གསུངས་ཤིང༌། ཤེས་རབ་ཀྱི་ཆ་གཙོ་བོར་སྟོན་པ། བརྟག་པ་ཕྱི་མ་བཤད་རྒྱུད་ཀྱི་ཚུལ་དུ་སྟོན་པ་ལགས། དེ་ཡང་རྡོ་རྗེ་གུར་ལས། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོ་རྒྱལ་བ་རྣམས་ཀྱིས་བསྟན། །ཕྱི་མ་རྣལ་འབྱོར་མ་རྒྱུད་ནི། །དེ་ནི་བུད་མེད་གཟུང་ཕྱིར་རོ། །ཞེས་གསུངས་པ་ལགས། དེ་ལ་བརྟག་པ་དང་པོའི་མི་གསལ་བ་གསལ་བར་བྱེད་པ་དང༌། མ་ཚང་བ་ཁ་སྐོང་བར་བྱེད་པའི་བརྟག་པ་ཕྱི་མ་ལེའུ་བཅུ་གཉིས་སུ་བཞུགས་པ་རྣམས་མངོན་པར་རྟོགས་པ་དང༌། དོན་ལོགས་པ་མི་སྟོན་པས་སྤྱིའི་ཆིངས་ཀྱིས་མི་འཆིང་བར་ལེའུ་རེ་རེ་བཞིན་འཆད་པར་གདའ། དེ་ལ་ལེའུ་དང་པོའི་བརྗོད་བྱ་བསྐྱེད་པའི་རིམ་པ་སྤྱི་བསྟན། རྗོད་བྱེད་ཡན་ལག་དང་ཡི་གེས་འཆད། མངོན་པར་རྟོགས་པ་གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལས། རབ་ཏུ་གནས་པ་དང༌། སྦྱིན་སྲེག་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་དང༌། དགུ་པ་དང༌། བཅུ་བཞི་པ་དང༌། སཾ་པུ་ཊའི་བརྟག་པ་བདུན་པའི་རབ་ཏུ་བྱེད་པ་དང་པོ་དང༌། བཞི་པས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་གཉིས་པར་ཁ་སྐོང་བ་ལགས། ལེའུ་གཉིས་པའི་བརྗོད་བྱ་སྤྱི་དང་སྦས་པ་མཐར་ཐུག་གསུམ་ཀ་སྟོན། རྗོད་བྱེད་ཡན་ལག་ཡི་གེ བསྡུས་དོན་གསུམ་ཀས་འཆད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ལས་གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པ་ཕལ་ཆེ་བ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་ཕལ་ཆེ་བ་དང༌། སཾ་པུ་ཊའི་བརྟག་པ་གཉིས་པ་དང༌། ལྔ་པ་དང༌། བཅུ་པ་དང༌། དགུ་པ་རྣམས་ཀྱིས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་དང་པོར་མི་འཆིང་ཞིང་གྲོལ་བའི་རྒྱུའི་སྐབས་སུ་བསྐྱེད་པའི་རིམ་པ་དང༌། ལེའུ་དྲུག་པར་སྤྱོད་པ་དང༌། ལེའུ་བརྒྱད་པར་ཉེ་རྒྱུ་དང༌། རིམ་པ་གཉིས་སྤྱིའི་དོན་རྣམས་ཁ་བསྐང་ཞིང་གསལ་བར་འཆད་པ་ལགས།།  །།ལེའུ་གསུམ་པའི་བརྗོད་བྱ་སྤྱི་དང་སྦས་པ་གཉིས་ཀྱིས་སྟོན། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀས་འཆད། མངོན་པར་རྟོགས་པ་ཐབས་རྒྱུད་ལས་སྨིན་པར་བྱེད་པ་དབང་སྔོན་དུ་འགྲོ་བ་དང༌། གཙོ་བོར་མཆོག་སྒྲུབ་པའི་རིམ་པའི་མངོན་པར་རྟོགས་པ་ལྔ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་ཕལ་ཆེ་བ་དང༌། སཾ་པུ་ཊའི་རབ་ཏུ་བྱེད་པ་དང་པོ། གཉིས་པ། བཞི་པ། ལྔ་པ། བདུན་པ་རྣམས་ཀྱིས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་དང་པོ་དང༌། བཅུ་པ་དང༌། དྲུག་པ་དང༌། དགུ་པ་དང༌། བདུན་པ་རྣམས་ཀྱིས་ཁ་སྐོང་བ་དང༌། གསལ་བར་བྱེད་པ་ལགས།།  །།ལེའུ་བཞི་པའི་བརྗོད་བྱ་སྤྱི་དང་སྦས་པ་གཉིས་ཀྱིས་སྟོན། རྗོད་བྱེད་ཡན་ལག ཡེ་གེ བསྡུས་དོན་གསུམ་ཀས་འཆད། མངོན་པར་རྟོགས་པའི་རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་ལས། ཉེ་རྒྱུ་མ་གཏོགས་པའི་གཙོ་བོ་མཆོག་སྒྲུབ་པའི་མངོན་པར་རྟོགས་པ་རྣམས་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང༌། བཅུ་བཞི་པ་ལ་སོགས་པ་ཕལ་ཆེ་བ་དང༌། སཾ་པུ་ཊའི་བརྟག་པ་དང་པོ། བཞི་པ། དྲུག་པ། དགུ་པ་རྣམས་ཀྱིས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་དྲུག་པ། བཞི་པ་རྣམས་སུ་ཁ་སྐོང་ཞིང་གསལ་བར་འཆད།།  །།ལེའུ་ལྔ་པ་བརྗོད་བྱ་སྤྱི་དང་སྦས་པས་སྟོན། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀས་འཆད། མངོན་པར་རྟོགས་པ་དབང་དང༌། བསྐྱེད་རིམ་དང༌། བཟླས་པ་རྣམས་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་ཕལ་ཆེ་བ་དང༌། སཾ་པུ་ཊའི་བརྟག་པ་གསུམ་པ་དང༌། བརྒྱད་པ་དང༌། གཉིས་པ་དང༌། རྒྱུད་ཕྱི་མ་རྣམས་ཀྱིས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་གསུམ་པ་དང༌། གཉིས་པ་དང༌། བརྒྱད་པ་དང༌། བཅུ་པ་རྣམས་སུ་ཁ་སྐོང་ཞིང༌། ཕན་འདོགས་པར་བྱེད་པ་ལགས།།  །།ལེའུ་དྲུག་པའི་བརྗོད་བྱ་སྤྱི་དང་སྦས་པས་སྟོན། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་པའི་དོན་གསུམ་ཀས་འཆད། མངོན་པར་རྟོགས་པ་ཐབས་ཀྱི་རྒྱུད་ཀྱི་གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང༌། སྡོམ་པ་ལས་མི་འབྲལ་བ་དང༌། བཟའ་བའི་དམ་ཚིག་དང་འབྲེལ། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་དགུ་པའི་རབ་ཏུ་བྱེད་པ་གསུམ་པ་དང༌། བཞི་པས་འཆད། བརྟག་པ་དང་པོའི་ལེའུ་དྲུག་པ་དང༌། གསུམ་པ་དང༌། བརྒྱད་པར་ཕན་འདོགས་པ་ལགས།།  །།ལེའུ་བདུན་པའི་བརྗོད་བྱ་སྤྱི། རྗོད་བྱེད་ཡན་ལག་དང༌། བསྡུས་པའི་དོན་གཉིས་ཀྱིས་འཆད། མངོན་པར་རྟོགས་པ་ཐབས་རྒྱུད་ལས་དམ་ཚིག་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང༌། བཅུ་བཞི་པ་དང༌། སཾ་པུ་ཊའི་བརྟག་པ་དགུ་པས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་གཉིས་པ་དང༌། གསུམ་པ་དང༌། བརྒྱད་པ་རྣམས་སུ་ཕན་འདོགས་པ་ལགས།།  །།ལེའུ་བརྒྱད་པའི་བརྗོད་བྱའི་སྤྱི་དང་སྦས་པ་གཉིས་ཀྱིས་སྟོན། རྗོད་བྱེད་ཡན་ལག་དང༌། བསྡུས་དོན་གཉིས་ཀྱིས་འཆད། མངོན་པར་རྟོགས་པ་རྫོགས་པའི་རིམ་པ་དང་འབྲེལ། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་གཉིས་པ་དང༌། དགུ་པའི་གཉིས་པས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་ལྔ་པ་དང༌། བདུན་པ་དང༌། བཅུ་པར་ཕན་འདོགས་པ་ལགས།།  །།ལེའུ་དགུ་པ་དང༌། བཅུ་པའི་བརྗོད་བྱ་སྤྱི་སྟོན། རྗོད་བྱེད་ཡན་ལག་གི་དོན་གྱིས་འཆད། མངོན་པར་རྟོགས་པར་བསྐྱེད་རིམ་དང༌། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལྔ་ཀ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་དྲུག་པ་དང༌། སཾ་པུ་ཊའི་བརྟག་པ་ལྔ་པའི་རབ་བྱེད་གཉིས་པ་དང༌། བརྟག་པ་བདུན་པས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་བདུན་པ་དང༌། དགུ་པ་དང༌། གཉིས་པ་རྣམས་སུ་ཕན་འདོགས་པ་ལགས།།  །།ལེའུ་བཅུ་གཅིག་པའི་བརྗོད་བྱ་སྤྱི་དང་སྦས་པ་སྟོན། རྗོད་བྱེད་ཡན་ལག་དང༌། བསྡུས་དོན་གཉིས་ཀྱིས་འཆད། མངོན་པར་རྟོགས་པ་རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་ཀྱི་དམ་ཚིག་དང༌། དཀྱིལ་འཁོར་གཉིས་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང༌། བདུན་པ་དང༌། བཅུ་བཞི་པ་དང༌། སཾ་པུ་ཊའི་བརྟག་པ་བཅུ་པ་དང༌། བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པས་འཆད། བརྟག་པ་དང་པོ་ལེའུ་ལྔ་པ་དང༌། བཅུ་པར་ཕན་འདོགས་པ་ལགས།།  །།ལེའུ་བཅུ་གཉིས་པའི་བརྗོད་བྱ་སྤྱི་དང་སྦས་པ་གཉིས་སྟོན། རྗོད་བྱེད་ཡན་ལག་དང༌། ཡི་གེ་གཉིས་ཀྱིས་འཆད། མངོན་པར་རྟོགས་པ་སྨིན་པར་བྱེད་པ་དབང་དང༌། བསྐྱེད་རིམ་རྫོགས་རིམ་གཉིས་ཀ་དང་འབྲེལ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང༌། བདུན་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་རྣམས་དང༌། སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་དང་པོ་དང༌། རྒྱུ་ཕྱི་མས་གསལ་བར་འཆད། བརྟག་པ་དང་པོའི་ལེའུ་བཅུ་པ་དང༌། ལྔ་པ་དང༌། གཉིས་པར་ཕན་འདོགས་ཤིང༌། གསལ་བར་བྱེད་པ་ལགས། དེ་རྣམས་ཀྱིས་རྒྱུད་ཕྱི་མ་བཤད་རྒྱུད་ཀྱི་ཚུལ་དུ་བཤད་པའི་དོན་དངོས་བསྟན་ནས། མཚན་སྨོས་པའི་དོན། བརྗོད་བྱ་རྒྱུད་གསུམ་རྒྱུན་མ་ཆད་ཅིང༌། རྗོད་བྱེད་ཀྱི་ཚིག་རྒྱུན་ཆགས་པས་ན་རྒྱུད། བརྗོད་བྱ་སེམས་ཅན་གྱི་རྒྱུད་རང་བཞིན་གྱིས་གསལ་ཞིང་རྗོད་བྱེད་གསལ་བར་སྟོན་པའམ། ཆོས་གཞན་ལས་ཁྱད་པར་འཕགས་པས་རྒྱལ་པོའོ། །བུད་མེད་སྒྱུ་མས་ཞུས་ཤིང༌། དེ་གདུལ་བའི་དོན་དུ་གསུངས་པས་ན་སྒྱུ་མ་ཞེས་བརྗོད་དེ། སངས་རྒྱས་མཉམ་སྦྱོར་ལས། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་སུ་མེད་པར་བརྗོད། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་པ་ལགས། ཡང་དག་པར་ན་ཆོས་ཐམས་ཅད། རང་བཞིན་མེད་པ་མིང་དུ་གདགས་པ་དང༌། བསྟན་པའི་བྱ་བའི་ཆོས་མ་གྲུབ་ཀྱང༌། སངས་རྒྱས་ཀྱི་ཐབས་མཁས་པས་མིང་དང་ཐ་སྙད་དུ་བཏགས་ནས་བསྟན་པས་བརྟག་པ་ལགས། དེའང་རྡོ་རྗེ་རྩེ་མོ་ལས། ཆོས་ཀུན་ཞེས་པ་ལ་སོགས་པ་གསུངས་པའི་གོང་གི་དང་འདྲའོ་ཞེས་གསུངས་པ་ལ། རྒྱུད་རྒྱས་པའི་དོན་བསྡུས་པ་བརྟག་པ་ཕྱི་མ་གཉིས་ཕྱུང་བས་ན། བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ། རང་གི་ངོ་བོ་བརྟག་པ་གོང་འོག་གཉིས་སུ་བཞུགས་པས་ན། བརྟག་པ་གཉིས་ཀྱི་བདག་ཉིད། བརྟག་པ་གཉིས་ཀ་བསྡམ་པའི་མཚན། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲྭ་བའི་སྡོམ་པ་ཞེས་བྱ་བ་དེའི་དོན་གོང་དུ་བཤད་པ་དང་མཐུན། རྫོགས་སོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་ལྟར། སྡུད་པ་པོས་བསྡུས་པ་ཡོངས་སུ་རྫོགས་པར་བསྟན་ཞེས་བྱ་བའི་དོན་ལགས། བརྟག་པ་ཕྱི་མའི་སྐབས་སུ་བབ་པ་སྤྱི་དོན་བཤད་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*