༼པ༽
༄༅། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན་བཞུགས།།
༄༅། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྒྱུད་ཀུན་གྱི་ནི་གླེང་བ་པོ་སྟེ་གསང་བ་གསུམ་གྱི་བདག་ཉིད་ཅན། །ཡང་དག་སྦྱོར་བའི་ཐབས་ལས་བྱུང་ཞིང་སྐུ་གསུམ་མི་ཕྱེད་མཉམ་པར་སྦྱོར། །མཚན་གཞི་མཚོན་པའི་མཚན་ཉིད་ཡོངས་རྫོགས་ཁྲོ་ཆགས་ཟབ་མོའི་སྐུར་སྟོན་པ། །རྡོ་རྗེ་སེམས་དཔའ་དཔལ་ལ་བཏུད་ནས་ཡང་དག་སྦྱོར་བའི་བསྡུས་དོན་བཤད། །དེ་ལ་གཉིས། རྒྱུད་ཐམས་ཅད་ཀྱི་དོན་གསལ་བར་བྱེད་པ་བརྟག་པ་དང་པོ་དང༌། དེ་ཉིད་གསལ་བར་བྱེད་པ་རྒྱུད་ཕྱི་མའོ། །དང་པོ་ལ་གསུམ། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ། གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ། འཁོར་གྱི་དཀྱིལ་འཁོར་རྗེས་སུ་ཡི་རང་བས་མཇུག་ཡོངས་སུ་རྫོགས་པར་བསྟན་པའོ། །གཉིས་པ་ལ་གཉིས། མཚན་གྱི་དོན་བསྟན་པས་བརྗོད་བྱ་ངོས་གཟུང་བ་དང༌། མཚན་དེ་དང་ལྡན་པའི་རྒྱུད་དངོས་སོ། །དང་པོ་ལ་ལྔ། རྒྱུད་ཞུ་བ་ལ་བསྐུལ་བའི་ཕྱིར་སྟོན་པས་གླེང་བསླང་བ། མཚན་དོན་བསྡུས་ཏེ་ཞུས་པ། དེ་ལ་གཏང་རག་བྱིན་ནས་སྐབས་ཕྱེ་བ། མཚན་དོན་རྒྱས་པར་ཞུས་པ། དེའི་ལན་རྒྱས་པར་གསུངས་པའོ། །དེ་ལ་གཉིས། མཚན་གྱི་དོན་རྒྱུད་གསུམ་དུ་བཤད་པ་དང༌། སྟོན་པ་དང་ཆོས་ལྟར་བཤད་པའོ། །གཉིས་པ་མཚན་དེ་དང་ལྡན་པའི་རྒྱུད་དངོས་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས། བརྟག་པ་དང་པོས་མདོར་བསྟན་པ་དང༌། ལྷག་མ་བརྟག་པ་དགུས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དོན་དངོས་དང༌། བརྟག་པའི་གྲངས་སོ། །དང་པོ་ལ་བཞི། ཡུལ་དེ་བཞིན་ཉིད་ཀྱི་དག་པ་གསང་བའི་དོན། ཡུལ་ཅན་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བའི་དོན། རྒྱུད་ཐམས་ཅད་ཀྱི་གླེང་གཞི་བརྗོད་བྱའི་དོན། དེ་ལས་བྱུང་བ་མཚན་ཉིད་འབྲས་བུའི་དོན་ནོ། །དང་པོ་ལ་གསུམ། ཡུལ་སྟོང་པ་ཉིད་ཐོག་མར་བསྟན་པའི་དགོས་པ། དགོས་པ་ཅན་སྟོང་པ་ཉིད་ཀྱི་རང་བཞིན། དེ་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་གསང་བར་བསྟན་པའོ། །གཉིས་པ་ལ་བཞི། སྟོན་པས་ཡུལ་དྲུག་སྟོང་པར་བསྟན་པ། རྡོ་རྗེ་སྙིང་པོས་ཡུལ་མ་གྲུབ་པས་ཡུལ་ཅན་མ་གྲུབ་པའི་རིགས་པ་བཀོད་པ། དེ་ཉིད་ཀྱི་ཕྱིར་ཁམས་བཅོ་བརྒྱད་སྟོང་པར་བསྟན་པ། གཉིས་སུ་མེད་པའི་རང་བཞིན་ནོ། །གསུམ་པ་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་གསང་བར་བསྟན་པ་ལ་གཉིས། རྟོག་གེའི་ཡུལ་མ་ཡིན་པ་དང༌། འཕགས་པའི་ཡུལ་མ་ཡིན་པའོ། །གཉིས་པ་ཡུལ་ཅན་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་ལ་གཉིས། ལམ་གྱི་སྔོན་དུ་འགྲོ་བ། བྱང་ཆུབ་ཀྱི་སེམས་གཉིས་ཡང་དག་པར་སྦྱོར་བ་དང༌། ལམ་གྱི་དངོས་གཞི་ཐབས་གཉིས་ཡང་དག་པར་སྦྱོར་བའོ། །དང་པོ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། ཐུན་མོང་གི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །དང་པོ་ལ་གཉིས། ཇི་ལྟར་སེམས་བསྐྱེད་པའི་ཚུལ་དང༌། དེ་ལྟར་སྒོམས་པར་གདམས་པའོ། །དང་པོ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །སྒོམས་པར་གདམས་པ་ལ་གཉིས། བསྒོམས་པའི་ཕན་ཡོན་དང༌། མ་བསྒོམས་པའི་ཉེས་དམིགས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་གསུམ། ལྟ་བ་དང་འབྲེལ་པ་ཅན་དུ་བསྒོམ་པ། ཇི་ལྟར་བསྒོམ་པའི་ཚུལ་དངོས། དེ་ལྟར་བསྒོམས་པའི་གནས་སྐབས་ཀྱི་ཕན་ཡོན་ནོ། །གཉིས་པ་ལ་བཞི། བསྒོམ་བྱ་ལུས་ཀྱི་གནད་གཙོ་བོར་བསྟན་པ། གནད་ཀྱི་སྒོ་དགག་པ་གཙོ་བོར་བསྟན་པ། བསྒོམས་པའི་ཡེ་ཤེས་གཙོ་བོར་བསྟན་པ། སྒྲུབ་བྱེད་དཀྱིལ་འཁོར་འཁོར་ལོ་གཙོ་བོར་བསྟན་པའོ། །དང་པོ་ལ་གཉིས། དཔྱིད་དང་ཐིག་ལེའི་གནས་ལུགས། རྩ་དབུ་མའི་གནས་ལུགས་སོ། །བསྒོམས་པའི་ཡེ་ཤེས་གཙོ་བོར་བསྟན་པ་ལ་དྲུག ཡུལ་དང་ཡེ་ཤེས་ཀྱིས་གང་ལ་ཁྱབ་པ། ཡེ་ཤེས་ཀྱི་རྒྱུ་གང་ཡིན་པ། སྐྱེ་བའི་གནས་གང་ཡིན་པ། ཐབས་ཀྱིས་མ་ཟིན་པའི་ཉེས་དམིགས་གང་ཡིན་པ། སྐྱེད་པའི་ཐབས་གང་ཡིན་པ། སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་གང་ཡིན་པའོ། །དེ་ལ་བཞི། ཇི་ལྟར་གྲོལ་བའི་ཚུལ། དེ་ཐམས་ཅད་ལ་ཁྱབ་པ། རང་བཞིན་གྱིས་སྤྲོས་པ་མེད་པ། གློ་བུར་གྱི་དྲི་མ་དང་བྲལ་བའོ། །བཞི་པ་སྒྲུབ་བྱེད་དཀྱིལ་འཁོར་འཁོར་ལོ་གཙོ་བོར་བསྟན་པ་ལ་ལྔ། གང་བསྟེན་པར་བྱ་བའི་ཕྱག་རྒྱ། ཅི་ལྟར་བསྟེན་པའི་ཚུལ། རིགས་དང་རིགས་བདག་གི་རྣམ་གཞག་མྱོང་བའི་ཡེ་ཤེས་ཀྱི་རང་བཞིན་ངེས་པར་བྱ་བ། ཕྱག་རྒྱའི་ངེས་པའི་ཚིག་བསྟན་པའོ། །དང་པོ་ལ་གཉིས། དབང་གི་སྒོ་ནས་བཞིར་དབྱེ་བ་དང༌། རིགས་ཀྱི་སྒོ་ནས་བརྒྱད་དུ་དབྱེ་བའོ། །ཇི་ལྟར་བསྟེན་པའི་ཚུལ་ལ་གསུམ། བསྟེན་པའི་ཐབས་དངོས་དང༌། དེའི་དམ་ཚིག་བསྲུང་བ། མ་བསྲུངས་པའི་ཉེས་དམིགས་བསྟན་པའོ། །རིགས་དང་རིགས་བདག་གི་རྣམ་པར་གཞག་པ་ལ་གཉིས། ཕྱག་རྒྱའི་རིགས་དང་རིགས་བདག་དང༌། རྒྱུ་འབྲས་ཀྱི་རིགས་དང་རིགས་བདག་གོ །དང་པོ་ལ་གཉིས། གང་ཞིག་གང་གི་རིགས་ཡིན་པ་དང༌། རིགས་བདག་གི་དབྱེ་བསྡུའོ། །དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །རིགས་བདག་གི་དབྱེ་བསྡུ་ལ་གཉིས། དེ་བཞིན་གཤེགས་པའི་རིགས་གཅིག་ཏུ་བསྡུ་བ་དང༌། ལྔ་ལ་སོགས་པར་དབྱེ་བའོ། །རྒྱུ་འབྲས་ཀྱི་རིགས་དང་རིགས་བདག་ལ་གཉིས། སྦྱང་གཞི་རྒྱུ་རིགས་དང༌། སྦྱོང་བྱེད་འབྲས་བུའི་རིགས་བདག་གོ །མྱོང་བ་ཡེ་ཤེས་ཀྱི་རང་བཞིན་ངེས་པར་བྱ་བ་ལ་བཞི། ཁྱད་པར་གྱི་གཞི་ཟུང་འཇུག་ཏུ་བསྟན་པ། ཁྱད་པར་གྱི་ཆོས་རིགས་དྲུག་དང་མཚུངས་པ། ལྷ་དང་མཚུངས་པ། བཅོམ་ལྡན་འདས་དང་མཚུངས་པར་བསྟན་པའོ། །གསུམ་པ་དེ་ལྟར་བསྒོམས་པའི་ཕན་ཡོན་ལ་ལྔ། ངག་ཏུ་བརྗོད་པ་སྔགས་སུ་འགྱུར་བ། རྐང་པའི་རྗེས་དཀྱིལ་འཁོར་དུ་འགྱུར་བ། ལག་པའི་བྱ་བ་ཕྱག་རྒྱར་འགྱུར་བ། བདེ་བའི་ཡེ་ཤེས་རྣམ་གྲོལ་གྱི་རྒྱུར་འགྱུར་བའོ། །རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་ལམ་གྱི་དངོས་གཞི་ཐབས་གཉིས་ཡང་དག་པར་སྦྱོར་བ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས། ཐུན་མོང་གི་ཐབས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཐུན་མོང་མ་ཡིན་པའི་ཐབས་ལུས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་བཞི། ཚོགས་ཀྱི་ལམ་གྱིས་བསྡུས་པ། སྦྱོར་བའི་ལམ་གྱིས་བསྡུས་པ། མཐོང་བའི་ལམ་གྱིས་བསྡུས་པ། བསྒོམ་པའི་ལམ་གྱིས་བསྡུས་པའོ། །དང་པོ་ལ་གསུམ། དྲན་པ་ཉེ་བར་གཞག་པ། ཡང་དག་པར་སྤོང་བ། རྫུ་འཕྲུལ་གྱི་རྐང་པ་བཞིའོ། །སྦྱོར་ལམ་ལ་གཉིས། དབང་པོ་ལྔ་དང༌། སྟོབས་ལྔའོ། །ཐུན་མོང་མ་ཡིན་པའི་ཐབས་ལ་གཉིས། ལམ་དང་འབྲས་བུ་ནང་དུ་བཞག་པ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། སྒྲུབ་བྱེད་བྱང་ཆུབ་ཀྱི་ཕྱོགས་སུ་ལུས་གཏན་ལ་དབབ་པ་དང༌། བསྒྲུབ་བྱ་སངས་རྒྱས་ཀྱི་ཡེ་ཤེས་ལུས་ལ་གནས་པའོ། །རྒྱས་པར་བཤད་པ་ལ་གཉིས། ཡེ་ཤེས་རྒྱས་པར་བཤད་པ་དང༌། ལུས་ཀྱི་གནས་ལུགས་རྒྱས་པར་བཤད་པའོ། །དེ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། འཁོར་ལོ་བཞི་དང་འབྲེལ་བའི་རྩ་བརྒྱ་ཉི་ཤུར་བསྟན་པ། བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་སོ་གཉིས་སུ་བསྟན་པ། དེ་དག་ཐུན་མོང་གི་བྱེད་ལས་བསྟན་པའོ། །རབ་ཏུ་བྱེད་པ་གཉིས་པའོ།། །།གསུམ་པ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་བརྗོད་བྱའི་དོན་ལ་གཉིས། རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིས་འབྲས་བུ་རྒྱས་པར་བཤད་ཅིང་ལམ་མདོར་བསྟན་པ་དང༌། རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིས་ཐབས་རྒྱས་པར་བཤད་ཅིང༌། འབྲས་བུ་མདོར་བསྟན་པའོ། །དང་པོ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་དེ་ཁོ་ན་ཉིད་ཀྱི་མིང་ངོ༌། །དང་པོ་ལ་གཉིས། བསྒྲུབ་བྱའི་འབྲས་བུའི་རྣམ་གཞག་དང༌། སྒྲུབ་བྱེད་ཐབས་ཀྱི་བྱེ་བྲག་གོ །དང་པོ་ལ་གསུམ། ཞུས་པའི་ཚུལ་གྱིས་མདོར་བསྟན་པ། ལན་གྱི་ཚུལ་གྱིས་རྒྱས་པར་བཤད་པ། བསྟོད་པའི་ཚུལ་གྱིས་མཇུག་བསྡུ་བའོ། །གཉིས་པ་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་དང༌། གང་གསུངས་པའི་དོན་ནོ། །དེ་ལ་གཉིས། ཐུན་མོང་མ་ཡིན་པའི་འབྲས་བུའི་རྣམ་གཞག་དང༌། ཐུན་མོང་གི་འབྲས་བུའི་རྣམ་གཞག་གོ །དང་པོ་ལ་གཉིས། གཙོ་བོར་གནས་ཀྱི་སྒོ་ནས་མདོར་བསྟན་པ་དང༌། གཙོ་བོར་སྟོན་པའི་སྒོ་ནས་རྒྱས་པར་བཤད་པའོ། །དེ་ལ་གཉིས། ཐབས་ཀྱི་ཆ་ནས་སྨོས་པ་རྡོ་རྗེ་སེམས་དཔའ་དང༌། ཤེས་རབ་ཀྱི་ཆ་ནས་སྨོས་པ་མཁའ་འགྲོ་མའི་དོན་ནོ། །དང་པོ་ལ་གཉིས། སྟོན་པ་སྐུ་བཞིའི་བདག་ཉིད་དུས་དང་བཅས་པ། ཆོས་སྣ་ཚོགས་ཀྱི་བདག་ཉིད་ཕྲིན་ལས་དང་བཅས་པའོ། །གཉིས་པ་ཤེས་རབ་ཀྱི་ཆ་ནས་སྨོས་པ་མཁའ་འགྲོ་མའི་དོན་ལ་གཉིས། འབྲས་བུའི་རང་བཞིན་བདེ་སྟོང་ཟུང་འཇུག་གི་གནས་བསྟན་པ། དེའི་དབང་གིས་འབྲས་བུ་དང་ལམ་གྱི་ཁྱད་པར་འབྱུང་བའོ། །དེ་ལ་བཞི། མཁའ་འགྲོ་དྲྭ་བའི་སྡོམ་པར་བསྟན་པ། སྒྱུ་མ་ཆེན་པོར་བསྟན་པ། མཁའ་འགྲོའི་ངེས་ཚིག་གི་སྐུ་གསུམ་བསྟན་པ། རིགས་དང་ཕྱག་རྒྱའི་དབྱེ་བའི་ཞར་ལ་འཁོར་བསྟན་པའོ། །གཉིས་པ་ཐུན་མོང་གི་འབྲས་བུའི་རྣམ་གཞག་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་དང༌། གང་གསུངས་པའི་དོན་ནོ། །དེ་ལ་གསུམ། ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྤྱོད་རྫོགས་པའི་སྐུ་ཟུང་དུ་འཇུག་པ། སྤྲུལ་པའི་སྐུ་སྒྱུ་མ་ལྟ་བུ་ལས་ཆོས་སྒྲ་བརྙན་ལྟ་བུ་འབྱུང་བའི་ཚུལ་ལོ། །གཉིས་པ་ལ་གསུམ། ཐབས་ཤེས་རབ་ཟུང་འཇུག་ཏུ་བསྟན་པ། དོན་དམ་པར་བསྒོམ་དུ་མེད་པ། ཀུན་རྫོབ་ཏུ་མོས་པས་འཇུག་པའི་ཚུལ་ལོ། །གཉིས་པ་སྒྲུབ་བྱེད་ཐབས་ཀྱི་བྱེ་བྲག་བཤད་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་ལྔ། ཡུལ་དྲུག་ལ་དམིགས་ཏེ་རང་བཞིན་ལྷན་ཅིག་སྐྱེས་པ་བསྒོམ་པ། ཡེ་ཤེས་རང་ལ་གནས་ཀྱང༌། ཐབས་མེད་ན་མི་རྟོགས་པས། རྟོགས་བྱེད་ཀྱི་ཐབས་སྣ་ཚོགས་གསུངས་པའི་ཚུལ། ལམ་སྣ་ཚོགས་གསུངས་ཀྱང་མཐར་ཐུག་གཅིག་ཡིན་པ། ཐབས་གང་ལ་རག་ལས་པའི་སྒོ་བསྟན་པའོ། །རབ་ཏུ་བྱེད་པ་གསུམ་པའོ།། །།གཉིས་པ་རྣལ་འབྱོར་གྱི་གླེང་གཞིས་ཐབས་རྒྱས་པར་བཤད་ཅིང༌། འབྲས་བུ་མདོར་བསྟན་པ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གསུམ། བརྗོད་བྱ་རྒྱུད་གསུམ་མདོར་བསྟན་པ། རྗོད་བྱེད་གླེང་གཞིའི་ཚིག་གི་རྒྱས་པར་བཤད་པ། དོན་བསྡུ་བའི་ཚུལ་གྱིས་མཚན་ཉིད་ཀྱི་དོན་ལ་མཚམས་སྦྱར་བའོ། །དང་པོ་ལ་གསུམ། རང་བཞིན་དུ་གནས་པའི་རྒྱུ་རྒྱུད། མངོན་དུ་བྱེད་པའི་ཐབས་རྒྱུད། གྲུབ་པ་འབྲས་བུའི་རྒྱུད་དོ། །དང་པོ་ལ་གསུམ། སེམས་ཀྱི་རང་བཞིན་རྣམ་པར་དག་པ། དེ་རྟོགས་ན་དངོས་གྲུབ་ཐམས་ཅད་འབྱུང་བ། མ་རྟོགས་ན་འཁོར་བར་འཆིང་བའི་ཚུལ་ལོ། །དང་པོ་ལ་གཉིས། ཨེས་མཚོན་པའི་ཆོས་ཉིད་གཞི་ཡིན་པ་དང༌། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཞག་པའོ། །དེ་རྟོགས་ན་དངོས་གྲུབ་འབྱུང་བ་ལ་གཉིས། མཐར་ཐུག་སངས་རྒྱས་འགྲུབ་པ་དང༌། གནས་སྐབས་སུ་ཐུན་མོང་གི་དངོས་གྲུབ་འགྲུབ་པའོ། །མ་རྟོགས་ན་འཁོར་བར་འཆིང་བ་ལ་གསུམ། རྒྱུ་གང་གིས་འཆིང་བ། ངོ་བོ་གང་བཅིངས་པ། བཅིངས་པས་འཁོར་བར་འཁྱམ་པའི་ཚུལ་ལོ། །གཉིས་པ་ཐབས་ཀྱི་རྒྱུད་ལ་གསུམ། སྟོན་པ་གང་གིས་གསུངས་པ། ཡུལ་གང་གི་ཆེད་དུ་གསུངས་པ། ཐབས་གང་གསུངས་པའོ། །དེ་ལ་གཉིས། ཐབས་ཀྱི་ངོ་བོ་ཟུང་དུ་འཇུག་པ་དང༌། ཐབས་དེའི་ཁྱད་པར་རོ། །དེ་ལ་གཉིས། གནས་ཡོངས་སུ་བསྒྱུར་བ་དང༌། སྤང་བྱ་ཉིད་ལམ་དུ་བྱེད་པའོ། །འབྲས་བུ་ལ་གསུམ། འགྲུབ་ཚུལ་གནས་གྱུར་པ། གྲུབ་པའི་ཡོན་ཏན་གྱི་དབྱེ་བ། དེའང་བླ་མ་ལ་རག་ལས་པར་བསྟན་པའོ། །གཉིས་པ་རྗོད་བྱེད་གླེང་གཞིས་རྒྱས་པར་བཤད་པ་ལ་གཉིས། སྒྲུབ་བྱེད་ལམ་དུ་བཤད་པ་དང༌། བསྒྲུབ་བྱ་མཐར་ཐུག་ཏུ་བཤད་པའོ། །དང་པོ་ལ་གཉིས། ཡི་གེ་བཞིའི་སྦས་དོན་འབའ་ཞིག་ལ་སྦྱར་བ་དང༌། ཡི་གེ་བཅུ་གཉིས་ཀྱིས་སྤྱི་སྦས་པ་མཐར་ཐུག་ཐུན་མོང་དུ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། རང་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་འཁོར་ལོའོ། །དང་པོ་ལ་གཉིས། ཨེ་ཝཾ་གྱིས་མཚོན་པ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་པ་དང༌། ཨེ་ཝཾ་མ་ཡས་མཚོན་པ་འཁོར་ལོ་བཞིའི་གནས་ལུགས་བསྟན་པའོ། །དང་པོ་ལ་གཉིས། རྟེན་འཁོར་ལོའི་གནས་ལུགས་དང༌། དེ་ལམ་དུ་བྱས་པས་དངོས་གྲུབ་འབྱུང་བའི་ཚུལ་ལོ། །དང་པོ་ལ་དྲུག ཕྱིའི་དབྱིབས། ནང་གི་རྩ་འདབ་ལ་ཡི་གེ་དགོད་པ། ཡི་གེ་ཉིད་སྔགས་སུ་བསྟན་པ། དེ་ལ་ཆོས་ཐམས་ཅད་འབྱུང་བ། འདབ་མའི་ཡི་གེ་དགོད་པ་རྒྱས་པར་བསྟན་པ། ལྟེ་བའི་ཡི་གེ་ནུས་པ་དང་བཅས་པ་བསྟན་པའོ། །དེ་ལམ་དུ་བྱས་པས་དངོས་གྲུབ་འབྱུང་བ་ལ་གསུམ། གྲུབ་ཆེན་བརྒྱད་ལ་སོགས་པ་འགྲུབ་པ། ཐུན་མོང་གི་དངོས་གྲུབ་དང་ཕྱིའི་སྔགས་འབྱུང་བ། མཆོག་གི་དངོས་གྲུབ་འབྱུང་ཞིང་དོན་དམ་པའི་སྔགས་མཚོན་པའོ། །གཉིས་པ་ཨེ་ཝཾ་མ་ཡས་མཚོན་པ་འཁོར་ལོ་བཞིའི་གནས་ལུགས་བསྟན་པ་ལ་གཉིས། བཤད་པར་དམ་བཅའ་དང༌། དོན་དངོས་སོ། །གཉིས་པ་བསྒྲུབ་བྱ་མཐར་ཐུག་ཏུ་བཤད་པ་ལ་བཞི། ཁྱད་པར་གྱི་གཞི་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ། ཁྱད་པར་གྱི་ཆོས་ཡོན་ཏན་ཕུན་སུམ་ཚོགས་པ། མཛད་པ་ཕྲིན་ལས་ཕུན་སུམ་ཚོགས་པ། གང་ལ་བརྟེན་པའི་གནས་ཕུན་སུམ་ཚོགས་པའོ། །སྤྱི་དོན་བཞི་པ་དེ་ལས་བྱུང་བའི་འབྲས་བུ་ལ་གསུམ། ཐབས་ཀྱི་གྲུབ་པ་འབྲས་བུའི་ངོ་བོ། སྡང་བས་བསྟེན་ན་མནར་མེད་པར་ལྟུང་བ། བསམ་པ་དགེ་བས་བསྟེན་ན་མཚན་གཞི་མཚོན་པའི་མཚན་ཉིད་འགྲུབ་པའོ། །བརྟག་པ་དང་པོའོ།། །།སྤྱི་དོན་གཉིས་པ་ལྷག་མ་བརྟག་པ་དགུས་རྒྱས་པར་བཤད་པ་ལ་བཞི། གཞི་སྨིན་པར་བྱེད་པ་དབང་བསྐུར་བ། ལམ་གྲོལ་བར་བྱེད་པ་ཐབས་ཀྱི་རྒྱུད། གྲུབ་པ་འབྲས་བུའི་རྒྱུད། ལམ་གྱི་ཡན་ལག་དམ་ཚིག་དང་སྡོམ་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་བཞི། བུམ་པའི་དབང༌། གསང་བའི་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། དབང་བཞི་པའོ། །དང་པོ་ལ་བདུན། གང་དུ་དབང་བསྐུར་བའི་ཡུལ་དཀྱིལ་འཁོར། དེར་བདག་ཉིད་འཇུག་ཅིང་དབང་བླང་བ། དབང་མ་བསྐུར་བའི་ཉེས་དམིགས། དབང་གི་དོན་དུ་སློབ་མས་མཆོད་ཅིང་གསོལ་བ་གདབ་པ། དཀྱིལ་འཁོར་བསྒྲུབ་པ། དབང་གི་རྫས་བསྒྲུབ་པ། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ལ་གསུམ། སའི་ཆོ་ག དཀྱིལ་འཁོར་བྲི་བ། བསྒྲུབ་པའི་རྟེན་གཞུག་པའོ། །སློབ་མས་མཆོད་ཅིང་གསོལ་བ་གདབ་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི། རྟེན་རིག་མ་དབུལ་བ། མཆོད་པར་བྱ་བ། བསྟོད་པ་བརྗོད་པ། གསོལ་བ་གདབ་པའོ། །དང་པོ་ལ་ལྔ། དབང་ལ་སྦྱར་ཏེ་མདོར་བསྟན་པ། དངོས་ཀྱི་མེད་ན་ཡེ་ཤེས་ཀྱི་རིག་མ་ལ་བརྟེན་པ། དངོས་ཀྱི་རིག་མའི་མཚན་ཉིད་རྒྱས་པར་བཤད་པ། དེ་ཇི་ལྟར་སྦྱང་བ། སྦྱང་བའི་རིག་མ་དབུལ་བའི་ཚུལ་ལོ། །གསུམ་པ་ལ་གསུམ། རིགས་ཀྱི་མཚན་ཉིད། གཟུགས་ཀྱི་མཚན་ཉིད། དེ་མ་རྙེད་ན་གང་གིས་བྱ་བའོ། །སློབ་མ་ལ་དབང་བསྐུར་བ་ལ་གཉིས། དབང་བསྐུར་བའི་ཚུལ་དང༌། དེ་ལ་དམ་ཚིག་སྦྱིན་པའོ། །དེ་ལ་གཉིས། བཟའ་བའི་དམ་ཚིག་དང༌། བསྲུང་བའི་དམ་ཚིག་གོ །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ལྔ། རྟེན་ཤེས་རབ་སྦྱིན་པ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མཚན་ཉིད། དབང་དེའི་ཕན་ཡོན། བླ་མས་རྗེས་གནང་སྦྱིན་པ། སློབ་མའི་རྗེས་ཀྱི་བྱ་བའོ། །གཉིས་པ་ལ་གཉིས། ཡེ་ཤེས་ཀྱི་རང་བཞིན་ངེས་པར་བྱ་བ་དང༌། དེ་སྐྱེ་བའི་རིམ་པ་དགའ་བའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གཉིས། ཡེ་ཤེས་ཀྱི་ངོ་བོ་དང༌། དེའི་ཁྱད་པར་རོ། །དགའ་བའི་རབ་ཏུ་བྱེད་པ་ལ་གསུམ། དཔེའི་སྒོ་ནས་དབྱེ་བ། དུས་ཀྱི་སྒོ་ནས་དབྱེ་བ། དབང་བཞི་དང་སྦྱར་བའོ། །སློབ་མའི་རྗེས་ཀྱི་བྱ་བ་ལ་བཞི། ཚིག་གིས་བསྔགས་པ་བརྗོད་པ། ཡོན་དབུལ་བ། སངས་རྒྱས་ལ་གསོལ་བ་གདབ་པ། ལམ་ལ་གནས་པར་ཁས་བླང་བའོ། །དབང་བཞི་པ་ལ་གཉིས། ཚིག་གི་བཞི་པས་ངོ་སྤྲད་པ་དང༌། ལམ་དུ་བྱེད་པའི་བཞི་པས་ཡེ་ཤེས་བསྐྱང་བའོ། །གཉིས་པའི་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་ལམ་གྲོལ་བར་བྱེད་པ་ཐབས་ཀྱི་རྒྱུད་ལ་གསུམ། གཙོ་བོར་མཆོག་གི་དངོས་གྲུབ་བསྒྲུབ་པ། གཙོ་བོར་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ། དེ་གཉིས་ཀའི་མི་གསལ་བ་གསལ་བར་བྱེད་པའོ། །དང་པོ་ལ་ལྔ། དབང་གི་ཡེ་ཤེས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ། རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ། བསྐྱེད་རིམ་གྱི་ལྷ་ཡེ་ཤེས་སུ་རྟོགས་པར་བྱེད་པའི་ཐབས་རྫོགས་པའི་རིམ་པ། རིམ་པ་གཉིས་ལ་བརྟེན་པ་ཐོབ་ནས་སྤྱོད་པ་སྤྱད་པ། རྫོགས་རིམ་རང་བྱིན་བརླབ་རྟེན་དང་བཅས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གསུམ། ཐབས་ལ་འཇུག་པའི་ཀུན་སློང་བསམ་པ། ཐབས་ཀྱི་ཡན་ལག་དམ་ཚིག་བསྲུང་བ། ཐབས་དངོས་དེ་བཞིན་ཉིད་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དེ་ལ་གཉིས། གྲོལ་བའི་ལམ་བསྒོམ་པའི་ཚུལ་དང༌། ཕྱག་རྒྱའི་ལམ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། བསྒོམ་པའི་ཚུལ་རྒྱས་པར་བཤད་པ་དང༌། དོན་བསྡུས་ཏེ་སྒོམས་པར་གདམས་པའོ། །དང་པོ་ལ་གཉིས། ཐབས་ཤེས་རབ་ཟུང་འཇུག་བསྒོམ་པ་དང༌། འཁོར་འདས་གཉིས་ཟུང་འཇུག་བསྒོམ་པའོ། །དང་པོ་ལ་གཉིས། ཉམས་སུ་བླངས་པའི་ཚུལ་དངོས་དང༌། བསྒོམ་དགོས་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས། མཉམ་གཞག་ལ་ཇི་ལྟར་བསྒོམ་པ་དང༌། རྗེས་ལ་ཡེ་ཤེས་བསྐྱང་བའི་ཚུལ་ལོ། །དང་པོ་ལ་གཉིས། ཟུང་འཇུག་གི་རང་བཞིན་ངེས་པར་བྱ་བ་དང༌། དེ་ཉིད་མི་དམིགས་པའི་ཚུལ་གྱིས་བསྒོམ་པའོ། །དང་པོ་ལ་གཉིས། ལམ་སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཏུ་བསྒོམ་པའི་ཚུལ་དང༌། འབྲས་བུ་སྟོང་པ་དང་སྙིང་རྗེ་ཟུང་འཇུག་འགྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། སྟོང་པ་ཉིད་དུ་བསྒོམ་པའི་ཚུལ་དང༌། སྙིང་རྗེ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། ཕྱིན་ཅི་ལོག་ཏུ་ལྟ་བ་སྤང་བ་དང༌། ཇི་ལྟར་བསྒོམ་པའི་ཚུལ་ལོ། །དེ་ཉིད་མི་དམིགས་པའི་ཚུལ་གྱིས་བསྒོམ་པ་ལ་གཉིས། འཁོར་གསུམ་མི་དམིགས་པར་བསྒོམ་པ་དང༌། ལྟ་བ་དང་མཚན་མ་མི་དམིགས་པར་བསྒོམ་པའོ། །རྗེས་ཡེ་ཤེས་བསྐྱང་བའི་ཚུལ་ལ་གཉིས། ཟུང་དུ་འཇུག་པ་དཔེས་མཚོན་པ་དང༌། ཡུལ་དྲུག་ལ་རྒྱས་བཏབ་ནས་རྒྱུན་མི་འཆད་དུ་བསྒོམ་པའོ། །དང་པོ་ལ་གཉིས། ཕྱིའི་དཔེ་དང༌། ནང་གི་དཔེའོ། །བསྒོམ་དགོས་པའི་རྒྱུ་མཚན་ལ་གཉིས། གསུང་རབ་དང༌། མིང་དུ་མའི་མཚོན་བྱ་ཡིན་པ་དང༌། ཆོས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའོ། །གཉིས་པ་འཁོར་འདས་ཟུང་འཇུག་བསྒོམ་པ་ལ་གསུམ། བསྒོམ་པར་བྱ་བ་ཡུལ་གྱི་རང་བཞིན། དེ་ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམས་པས་འབྲས་བུ་འགྲུབ་པའི་ཚུལ་ལོ། །དང་པོ་ལ་གསུམ། འཁོར་བའི་གནས་ལུགས། མྱ་ངན་ལས་འདས་པའི་རང་བཞིན། ཟུང་དུ་འཇུག་པའི་ངོ་བོའོ། །གཉིས་པ་ཕྱག་རྒྱའི་ལམ་བསྒོམ་པ་ལ་གཉིས། ཕྱག་རྒྱའི་ལམ་བསྒོམ་པའི་ཚུལ་རྒྱས་པར་བཤད་པ་དང༌། དོན་བསྡུས་ཏེ་བསྟེན་པའོ། །དང་པོ་ལ་གཉིས། ཕྱག་རྒྱ་བསྟེན་ཚུལ་དང༌། དེའི་དམ་ཚིག་གོ །དང་པོ་ལ་གསུམ། དངོས་ཀྱི་ཕྱག་རྒྱ་བསྟེན་པའི་ཚུལ། ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པའི་ཚུལ། དངོས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་མ་རྙེད་ན་གང་ལ་གོམས་པར་བྱ་བའོ། །དང་པོ་ལ་དྲུག གང་དུ་བསྟེན་པའི་གནས། བསྟེན་པའི་ཕན་ཡོན། ཕྱག་རྒྱ་བཞིར་དབྱེ་བ། ཇི་ལྟར་བསྟེན་པའི་ཚུལ། ནམ་བསྟེན་པའི་དུས། མ་བསྟེན་པའི་ཉེས་དམིགས་སོ། །གཉིས་པ་དེའི་དམ་ཚིག་ལ་གཉིས། དམ་ཚིག་དངོས་དང༌། ཉམས་ན་བཅོས་པའི་ཐབས་སོ། །གཉིས་པའི་རབ་ཏུ་བྱེད་པ་གཉིས་པའོ།། །།གཉིས་པ་རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་ལ་གཉིས། བསྐྱེད་པའི་རིམ་པ་ཉིད་བསྒོམ་པའི་ཚུལ་དང༌། དེའི་ཡན་ལག་བཟའ་བའི་དམ་ཚིག་གོ །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས། སྤྱིའི་རྣམ་པར་གཞག་པ་དང༌། ལྷ་སོ་སོའི་སྒྲུབ་པའི་ཐབས་སོ། །དང་པོ་ལ་ལྔ། གང་བསྒོམ་པ་རྡོ་རྗེའི་ཚིག་གིས་མདོར་བསྟན་པ། གང་དུ་བསྒོམ་པའི་གནས། ཇི་ལྟར་བསྒོམ་པའི་རྣམ་གྲངས་སྣ་ཚོགས་པ། དོན་དམ་པར་བསྒོམ་དུ་མེད་ཀྱང་ཀུན་རྫོབ་ཏུ་བསྒོམ་པར་གསུངས་པ། བསྒོམ་བྱ་ལྷའི་རིགས་དབྱེ་བའོ། །གཉིས་པ་སོ་སོའི་སྒྲུབ་པའི་ཐབས་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། ཧེ་རུ་ཀ་གསུམ་གྱི་སྒྲུབ་པའི་ཐབས། གཙོ་བོར་ལས་རྒྱས་པ་བསྒྲུབ་པའི་ལྷའི་རྣལ་འབྱོར། གཙོ་བོར་མཆོག་བསྒྲུབ་པའི་ལྷའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཧེ་རུ་ཀ་གསུམ་བསྐྱེད་པ་ཐུན་མོང་གི་ཆོ་ག་དང༌། སོ་སོའི་ཆོ་གའོ། །དང་པོ་ལ་གསུམ། བསྡུས་པ་བསྒོམ་པའི་ཚུལ། འབྲིང་བསྒོམ་པའི་ཚུལ། རྒྱས་པ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསག་པ་དང༌། བསྙེན་སྒྲུབ་བཞིས་འབྲས་བུ་ལྷར་བསྐྱེད་པའོ། །འབྲིང་ལ་གསུམ། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། གདན་བསྒོམ་པ། རྡོ་རྗེ་ཆོ་གས་ལྷ་བསྐྱེད་པའོ། །རྒྱས་པ་ལ་གསུམ། ཚོགས་ཀྱི་ཞིང་མཆོད་པ། ཡེ་ཤེས་ཀྱི་ཚོགས་བསག་པ། མངོན་བྱང་ལྔས་ལྷ་བསྐྱེད་པའོ། །སོ་སོའི་ཆོ་ག་ལ་གསུམ། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་བསྒོམ་པའོ། །དེ་ལ་བདུན། གཙོ་བོ་བསྐྱེད་པ། ལྷ་མོ་བཅུ་གཉིས་བསྐྱེད་པ། སྔགས་བསྟན་པ། མཆོད་པའི་ལྷ་མོ་བསྐྱེད་པ། བསྒོམས་པའི་ལྷ་མཆོད་པ། དངོས་གྲུབ་ཀྱི་དོན་དུ་སྔགས་བཟླ་བ། ནང་གི་རྣལ་འབྱོར་མ་རྣམས་ཀྱི་མིང་བསྟན་པའོ། །གཉིས་པའི་རབ་ཏུ་བྱེད་པ་གསུམ་པའོ།། །།གཉིས་པ་གཙོ་བོར་ལས་རྒྱས་པའི་ལྷའི་རྣལ་འབྱོར་བསྟན་པ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། བརྟག་པའི་གྲངས་སོ། །གཉིས་པ་ལ་གཉིས། ལྷ་མོ་གསུམ་གྱི་སྒྲུབ་པའི་ཐབས་དང༌། རིགས་བཞིའི་སྒྲུབ་པའི་ཐབས་སོ། །དང་པོ་ལ་གསུམ། སྒྲོལ་མ། ཀུ་རུ་ཀུལླེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་མའོ། །དང་པོ་ལ་གསུམ། འབྲས་བུ་ལས་གང་འགྲུབ་པ། ཐབས་འཁོར་ལོ་ཇི་ལྟར་བྱ་བ། བདག་གི་རྣལ་འབྱོར་ཇི་ལྟར་བསྒོམ་པའོ། །འཁོར་ལོ་བྱ་བ་ལ་གཉིས། ཇི་ལྟར་བྲི་བའི་ཚུལ་དང༌། རབ་ཏུ་གནས་པ་ཕན་ཡོན་དང་བཅས་པའོ། །བདག་གི་རྣལ་འབྱོར་ལ་བཞི། ལྷ་བསྐྱེད་པ། ཡན་ལག་དྲུག་བྱིན་གྱིས་བརླབ་པ། ལྷའི་རྣམ་པ། བཟླས་པ་ལས་བསྒྲུབ་པའོ། །ཀུ་རུ་ཀུལླེ་ལ་ལྔ། བཟླས་པའི་སྔགས། ལས་གང་དག་འགྲུབ་པ་སྲུང་བའི་འཁོར་ལོའི་ཆོ་ག བདག་གི་རྣལ་འབྱོར་དབང་གིས་ལས་བསྒྲུབ་པའི་བསྙེན་པའི་གྲངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བཞི། འཁོར་ལོའི་ཆོ་ག སྔགས་བསྟན་པ། ལྷའི་རྣལ་འབྱོར། བཟླས་པས་ཤེས་རབ་འཕེལ་བར་འགྱུར་བའོ། །གཉིས་པ་རིགས་བཞིའི་སྒྲུབ་པའི་ཐབས་ལ་གཉིས། རིགས་ཀྱི་བདག་པོ་ཡབ་རྣམས་དང༌། རིགས་སུ་གྱུར་པ་ཡུམ་རྣམས་སོ། །དང་པོ་ལ་བཞི། རྣམ་པར་སྣང་མཛད། རིན་ཆེན་འབྱུང་གནས། འོད་དཔག་མེད། དོན་ཡོད་གྲུབ་པའོ། །རིགས་སུ་གྱུར་པ་ཡུམ་གྱི་སྒྲུབ་པའི་ཐབས་ལ་བཞི། སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། སྒྲོལ་མའི་རྣལ་འབྱོར་རོ། །བརྟག་པ་གཉིས་པའོ།། །།གཉིས་པ་གཙོ་བོར་མཆོག་སྒྲུབ་པའི་ལྷའི་རྣལ་འབྱོར་སྟོན་པ་བརྟག་པ་གསུམ་པ་ལ་གཉིས། དོན་དངོས་དང༌། བརྟག་པའི་གྲངས་སོ། །དང་པོ་ལ་ལྔ། ཧེ་རུ་ཀ་ཕྱག་བཅུ་དྲུག་པ་སྒྲུབ་པའི་ཐབས། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྡོ་རྗེ་བདག་མེད་མ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ། །དྲག་པོ་གདན་ཅན་གྱི་སྒྲུབ་པའི་ཐབས་སོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གཉིས། དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང༌། དཀྱིལ་འཁོར་རྒྱལ་མཆོག་གྱི་ཏིང་ངེ་འཛིན་ནོ། །དང་པོ་ལ་བཞི། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། རྗེས་སུ་ཆགས་པས་འོད་དུ་ཞུ་བ། ལྷ་མོ་བཞིས་གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའོ། །དཀྱིལ་འཁོར་རྒྱལ་མཆོག་ལ་གཉིས། བྷ་གའི་དཀྱིལ་འཁོར་དུ་ས་བོན་དགོད་པ་དང༌། དེ་ལྟར་གྱུར་པ་སྤྲོས་ནས་ཕྱི་རོལ་དུ་དགོད་པའོ། །དེ་ལ་གཉིས། གཙོ་བོ་བསྐྱེད་པ་དང༌། འཁོར་བསྐྱེད་པའོ། །དེ་ལ་གཉིས། ནང་གི་ལྷ་མོ་བརྒྱད་བསྐྱེད་པ་དང༌། ཕྱིའི་ལྷ་མོ་བརྒྱད་བསྐྱེད་པའོ། །གསུམ་པའི་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྒྲུབ་པའི་ཐབས་ལ་གསུམ། མཉན་པར་གདམས་པ། དོན་དངོས། རབ་ཏུ་བྱེད་པའི་གྲངས་སོ། །གཉིས་པ་ལ་གཉིས། སྔོན་དུ་འགྲོ་བ་དག་པ་གསུམ་བསྒོམ་པ་དང༌། དངོས་གཞིའི་ལྷའི་རྣལ་འབྱོར་རོ། །དེ་ལ་གཉིས། གང་དུ་བསྒོམ་པའི་གནས་དང༌། ཇི་ལྟར་བསྒོམ་པའི་ཚུལ་ལོ། །དེ་ལ་གཉིས། ལྷག་པར་མོས་པ་ཙམ་གྱིས་བསྒོམ་པ་མདོར་བསྡུས་པ་དང༌། དབུགས་ཀྱི་སྤྲོ་བསྡུ་ལས་བསྐྱེད་པ་རྒྱས་པར་བསྒོམ་པའོ། །དང་པོ་ལ་གསུམ། རྟེན་ཡོངས་སུ་དག་པ། སྔོན་དུ་ཚོགས་བསག་པ། དངོས་གཞི་ལྷའི་རྣལ་འབྱོར་རོ། །དབུགས་ཀྱི་སྤྲོ་བསྡུ་ལས་རྒྱས་པར་བསྒོམ་པ་ལ་བཞི། རྟེན་གཞལ་ཡས་ཁང་དང༌། གདན་བསྐྱེད་པ། བརྟེན་པ་ལྷ་བཅུ་གསུམ་དབུགས་ཀྱི་སྤྲོ་བསྡུ་ལས་བསྐྱེད་པ། ལྷ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བ། ལྷ་རྣམས་མཆོད་པའི་ཕྱིར་བདུད་རྩི་མྱང་བའོ། །གསུམ་པའི་རབ་ཏུ་བྱེད་པ་གཉིས་པའོ།། །།གསུམ་པ་རྡོ་རྗེ་བདག་མེད་མའི་སྒྲུབ་པའི་ཐབས་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་གྲངས་སོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། གཞལ་ཡས་ཁང་བསྐྱེད་པ་དང༌། གདན་བསྒོམ་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་གཉིས། གང་གིས་བསྐྱེད་པའི་མངོན་བྱང་དང༌། གང་བསྐྱེད་པའི་མཚན་ཉིད་དོ། །དང་པོ་ལ་གསུམ། ལྷ་མོ་རྣམས་ཀྱི་མངོན་བྱང་དང༌། རྒྱུ་རྡོ་རྗེ་འཛིན་པའི་ཁྱད་པར། དེ་དག་གིས་དཀྱིལ་འཁོར་བསྐྱེད་པར་བསྟན་པའོ། །དང་པོ་ལ་གསུམ། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པ། ལྟོས་པའི་མངོན་བྱང༌། ཡེ་ཤེས་ལྔ་དང་སྦྱར་བའོ། །རྒྱུ་རྡོ་རྗེ་འཛིན་པའི་ཁྱད་པར་ལ་གཉིས། གཙོ་བོ་མཉམ་སྦྱོར་ལས་བསྐྱེད་པ་དང༌། འཁོར་མི་མཉམ་སྦྱོར་ལས་བསྐྱེད་པའོ། །གཉིས་པ་གང་བསྐྱེད་པ་ལྷའི་མཚན་ཉིད་ལ་གཉིས། ཕྱོགས་གང་དུ་ལྷ་མོ་དགོད་པ། ལྷ་མོ་རྣམས་ཀྱི་སྐུའི་རྣམ་པ་གསལ་གདབ་པའོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། གཙོ་མོའི་རྣམ་པ་དང༌། འཁོར་གྱི་རྣམ་པའོ། །དེ་ལ་བཞི། ཁ་དོག་མི་འདྲ་བའི་ཁྱད་པར། རྣམ་པ་ཕྱག་མཚན་དང་བཅས་པ། ཉམས་མཛད་པ་དང་བཅས་པ། དབུས་མ་གསུམ་གྱི་རྣམ་དག་གོ །གསུམ་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།བཞི་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གསུམ། རྡུལ་ཚོན་གྱི་དཀྱིལ་འཁོར་ཇི་ལྟར་བྱ་བ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་པ། ལུགས་མ་ལ་སོགས་པས་ཀྱང་ཕྱིའི་དཀྱིལ་འཁོར་རུང་བར་བསྟན་པའོ། །དང་པོ་ལ་བཞི། སའི་ཆོ་ག ཐིག་གདབ་པ། དཀྱིལ་འཁོར་གྱི་མཚན་ཉིད། ལྷ་དགོད་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལ་གཉིས། བཤད་པར་དམ་བཅའ་བ། དོན་དངོས་སོ། །དེ་ལ་གཉིས། གང་དུ་བསྒོམ་པའི་གནས་དང༌། ཇི་ལྟར་བསྒོམ་པའི་ཚུལ་ལོ། །དེ་ལ་གསུམ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ། རྒྱུ་ཚོགས་གཉིས་བསག་པ། འབྲས་བུ་ལྷའི་རྣལ་འབྱོར་རོ། །གཉིས་པ་ལ་གཉིས། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པའོ། །དང་པོ་ལ་གཉིས། ཚོགས་ཀྱི་ཞིང་ལ་མཆོད་པ་དང༌། སྡོམ་པ་གཟུང་བའོ། །ཡེ་ཤེས་ཀྱི་ཚོགས་བསག་པ་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་དང༌། གང་གསུངས་པའི་དོན་ནོ། །དེ་ལ་གཉིས། ཆོས་ཐམས་ཅད་སྟོང་པར་བསྒོམ་པ་དང༌། གསང་སྔགས་བརྗོད་པའོ། །འབྲས་བུ་ལྷ་བསྐྱེད་པ་ལ་གཉིས། བདག་བསྐྱེད་གཙོ་བོར་གྱུར་པ་དང༌། མདུན་བསྐྱེད་གཙོ་བོར་གྱུར་པའོ། །དང་པོ་ལ་གསུམ། མངོན་བྱང་ལྔས་གཙོ་བོ་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་ལ་སོགས་པའི་འཁོར་དབྱུང་བ། བདག་ཉིད་གཙོ་བོའི་ང་རྒྱལ་གྱིས་གནས་པའོ། །དང་པོ་ལ་གཉིས། མངོན་བྱང་ལྔ་རྒྱས་པར་བསྒོམ་པ་དང༌། དེ་ཉིད་ཀྱི་དོན་བསྡུ་བའོ། །དང་པོ་ལ་ལྔ། སེམས་སོ་སོར་རྟོག་པ་མེ་ལོང་ལྟ་བུ། བྱང་ཆུབ་ཀྱི་སེམས་གསལ་བ་མཉམ་པ་ཉིད། རྡོ་རྗེའི་རང་བཞིན་སོ་སོར་རྟོག་པ། སྤྲོ་བ་དང་བསྡུ་བ་བྱ་བ་ནན་ཏན་ཀྱི་ཡེ་ཤེས། སྐུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བྱང་ཆུབ་པའོ། །མདུན་བསྐྱེད་གཙོ་བོར་གྱུར་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །དེ་ལ་གཉིས། གཙོ་བོ་བསྐྱེད་པ་དང༌། འཁོར་བསྐྱེད་པའོ། །ལྔ་པ་དྲག་པོ་གདན་ཅན་གྱི་དཀྱིལ་འཁོར་བསྒྲུབ་པ་ལ་གཉིས། ཇི་ལྟར་བསྒོམ་པའི་ཚུལ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་ལྔ། རྟེན་གཞལ་ཡས་ཁང་དང་གདན་བསྐྱེད་པ། ས་བོན་རྣམས་ལ་ལྷ་བསྐྱེད་པ། ཕྱི་རོལ་དུ་དུར་ཁྲོད་བསྒོམ་པ། དབུས་ཀྱི་གདན་གང་ཡིན་པ། གཙོ་བོའི་ཕྱག་མཚན་རྣམ་འཕྲུལ་དང་བཅས་པའོ། །བརྟག་པ་གསུམ་པའོ།། །།གཉིས་པ་བསྐྱེད་རིམ་གྱི་ཡན་ལག་བཟའ་བའི་དམ་ཚིག་ལ་གཉིས། གྲོགས་ངོ་ཤེས་པར་བྱེད་པའི་ཐབས་དང༌། ངོ་ཤེས་པའི་གྲོགས་དང་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། ངག་གི་བརྡ། མཁའ་འགྲོ་མའི་དམ་ཚིག ལུས་ཀྱི་བརྡའོ། །དང་པོ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་དང༌། གང་གསུངས་པའི་དོན་ནོ། །དེ་ལ་བཞི། རྡོ་རྗེའི་གླུ། མཁའ་འགྲོ་མ་སོ་སོའི་ངག་བརྡ། ཡི་གེ་རེ་རེའི་བརྡ། མིང་གི་བརྡའོ། །དེ་ལ་བཞི། བཤད་པར་དམ་བཅའ་བ། ངག་བརྡའི་དགོས་པ། དོན་དངོས། བརྡ་དང་བརྡའི་ལན་དུ་བསྟན་པའོ། །བརྟག་པ་བཞི་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་མཁའ་འགྲོ་མའི་མཚན་ཉིད་ལ་གཉིས། མཁའ་འགྲོ་མ་བདུན་གྱི་མཚན་ཉིད་དང༌། ལཱ་མཱའི་རིགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། མཉན་པར་གདམས་པ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གཉིས། སོ་སོའི་མཚན་ཉིད་དང༌། མཚན་ཉིད་དེ་དང་ལྡན་པ་མཆོད་པར་བྱ་བའོ། །དང་པོ་ལ་གསུམ། མིང་གི་སྒོ་ནས་མདོར་བསྟན་པ། མཚན་ཉིད་ཀྱི་སྒོ་ནས་རྒྱས་པར་བཤད་པ། སོ་སོའི་མཚན་མ་བསྟན་ནས་མདོར་བསྡུ་བའོ། །གཉིས་པ་ལ་བདུན། གཟུགས་ཅན་མ། འོ་བྱེད་མ། ལཱ་མཱ། ཡོངས་གྱུར་མ། བྱིས་བཅས་མ། མི་ལྡོག་མ། འདོད་པ་མོའི་མཚན་ཉིད་དོ། །བཞི་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།ལཱ་མཱའི་རིགས་བྱེ་བྲག་ཏུ་བཤད་པ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གཉིས། མཁའ་འགྲོ་མའི་རིགས་བརྒྱད་ཀྱི་མཚན་ཉིད་དང༌། མཁའ་འགྲོ་མ་ལྔའི་མཚན་ཉིད་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང་བཅས་པའོ། །དང་པོ་ལ་བརྒྱད་པདྨ་གར་དབང་གི་རིགས། དཔལ་ཧེ་རུ་ཀའི་རིགས། ཡང་དཔལ་ཧེ་རུ་ཀའི་རིགས། དེ་བཞིན་གཤེགས་པའི་རིགས། རྡོ་རྗེ་ཕག་མོའི་རིགས། དུམ་སྐྱེས་མའི་རིགས། ཧེ་རུ་ཀའི་རིགས། རྣམ་པར་འདྲེན་པའི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་དོ། །མཁའ་འགྲོ་མ་ལྔའི་མཚན་ཉིད་ལ་ལྔ། པདྨའི་རིགས། ལས་ཀྱི་རིགས། རིན་པོ་ཆེའི་རིགས། ཧེ་རུ་ཀའི་རིགས། ཕག་མོའི་རིགས་ཀྱི་མཚན་ཉིད་ཕྱག་རྒྱའི་ལན་དང་བཅས་པའོ། །བཞི་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།གསུམ་པ་ལུས་ཀྱི་བརྡ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། བརྟག་པའི་མིང་ངོ༌། །གཉིས་པ་ལ་གཉིས། དངོས་སུ་དོན་མི་སྟོན་པའི་བརྡ་དང་བརྡའི་ལན་དང༌། དོན་སྟོན་པ་བརྡ་དང་བརྡའི་ལན་ནོ། །བརྟགས་བཞི་པའོ།། །།གཉིས་པ་ངོ་ཤེས་པའི་གྲོགས་དང་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་བཞི། གང་དུ་བཟའ་བའི་སྣོད། གར་འདུ་བའི་གནས། ནམ་འདུ་བའི་དུས། འདུས་པའི་བྱ་བའོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཞུས་པ་དང་ལན་ནོ། །རྒྱས་པར་བཤད་པ་ལ་གཉིས། ཞུས་པ་དང་ལན་ནོ། །དེ་ལ་གསུམ། ཡུལ་གྱི་དབྱེ་བ་རྒྱས་པར་བཤད་པ། ཤིང་ཆེན་པོ་བརྒྱད་གང་དུ་གནས་པ། ཕྱི་ནང་གི་ཡུལ་རྣམས་ས་བཅུར་གཞག་པའོ། །འདུས་པའི་བྱ་བ་ལ་གཉིས། གང་བཟའ་བའི་ཡོ་བྱད་དང༌། ཇི་ལྟར་བསྒོམ་པའི་རྣལ་འབྱོར་ཕན་ཡོན་དང་བཅས་པའོ། །བརྟག་པ་ལྔ་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།དོན་གསུམ་པ་བསྐྱེད་རིམ་གྱིས་ལྷ་ཡེ་ཤེས་སུ་རྟོགས་པར་བྱེད་པ་རྫོགས་པའི་རིམ་པ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས། རང་རིག་པའི་དག་པ་ཉམས་སུ་བླང་བའི་ཚུལ་དང༌། དག་པ་གསུམ་གྱི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ལ་གཉིས། ཞུས་པ་དང་ལན་ནོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེས་གསུམ། བསྒོམ་པའི་ཚུལ། བསྒོམས་པའི་འབྲས་བུ། འབྲས་བུ་གྲུབ་པའི་རྟགས་སོ། །དང་པོ་ལ་དྲུག དེ་བཞིན་ཉིད་ཀྱི་ལྟ་བ་བསྒོམ་པ། རྩ་དང་ཐིག་ལེའི་རྣལ་འབྱོར། མི་ཟབ་པ་རྫོགས་པའི་རིམ་པ། ཟབ་མོ་རྫོགས་པའི་རིམ་པ། ཡིད་ཀྱི་རང་བཞིན་དམིགས་མེད་བསྒོམ་པ། རྩ་དབུ་མའི་རྣལ་འབྱོར་རོ། །གཉིས་པ་ལ་གཉིས། བསྒོམ་ཚུལ་དངོས་དང༌། དེ་གང་ལས་ཤེས་པར་བྱ་བའི་ཡུལ་ལོ། །དང་པོ་ལ་གཉིས། བསམ་གཏན་གྱི་སྔོན་དུ་འགྲོ་བ་དང༌། དངོས་གཞི་རྣལ་འབྱོར་གྱི་རིམ་པའོ། །དེ་ལ་གཉིས། རྩའི་རྣལ་འབྱོར་དང༌། ཐིག་ལེའི་རྣལ་འབྱོར་རོ། །མི་ཟབ་པ་རྫོགས་པའི་རིམ་པ་ལ་གསུམ། ཐབས་བསྒོམ་པའི་ཚུལ། འབྲས་བུ་འགྲུབ་པའི་ཚུལ། གང་ལས་ཤེས་པར་བྱ་བའི་ཡུལ་ལོ། །དང་པོ་ལ་གཉིས། ལུས་ལྷར་བསྒོམ་པ་དང༌། སྙིང་གར་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །དེ་ལ་གཉིས། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པའོ། །དེ་ལ་གཉིས། གཙོ་བོ་བསྐྱེད་པ་དང༌། འཁོར་བསྐྱེད་པའོ། །འབྲས་བུ་འགྲུབ་པའི་ཚུལ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། རང་བཞིན་སྟོང་པ་ཡིན་ཡང་ཡེ་ཤེས་སྐྱེ་བའི་འཐད་པ། སྐྱེས་པ་ཡེ་ཤེས་ཀྱི་མཚན་ཉིད། དེ་མྱུར་དུ་ཐོབ་པར་འགྱུར་བའོ། །ཟབ་མོ་རྫོགས་པའི་རིམ་པ་ལ་གཉིས། བསྒོམ་པའི་ཚུལ་དང༌། གང་ལས་ཤེས་པར་བྱ་བའོ། །དང་པོ་ལ་བཞི། གཙོ་བོར་སྨིན་མཚམས་ལ་བརྟེན་པ། གཙོ་བོར་སྙིང་ག་ལ་བརྟེན་པ། གཙོ་བོར་རྩ་དབུ་མ་ཉིད་ལ་བརྟེན་པ། ཚངས་པའི་སྒོ་ལ་བརྟེན་པའི་ཐིག་ལེའི་རྣལ་འབྱོར་རོ། །གང་ལས་ཤེས་པར་བྱ་བ་ལ་གསུམ། ཕྱི་རོལ་གྱི་བསྟན་བཅོས་ལས་མི་རྙེད་པ། བླ་མའི་མན་ངག་ལས་རྙེད་པར་བསྟན་པ། ཇི་ལྟར་རྙེད་པའི་ཚུལ་ལོ། །ཡིད་ཀྱི་རང་བཞིན་དམིགས་མེད་བསྒོམ་པ་ལ་བཞི། ཆོས་ཐམས་ཅད་ཀྱི་རྩ་བ་ཡིད་དུ་བསྟན་པ། དེ་མི་དམིགས་པའི་ཚུལ་གྱིས་བསྒོམ་པ། རྟོག་པ་དང་དབང་པོའི་ཡུལ་མ་ཡིན་པ། རྗེས་ཐོབ་ལ་ཇི་ལྟར་བསམ་པའོ། །རྩ་དབུ་མའི་རྣལ་འབྱོར་ལ་གཉིས། རྟེན་ལུས་ལ་ཇི་ལྟར་གནས་པ་དང༌། ཐབས་བསྒོམ་པའི་ཚུལ་ལོ། །དག་པ་གསུམ་གྱི་རང་བཞིན་ངེས་པར་བྱ་བ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། དག་པ་གསུམ་བསྒོམ་པའི་ཚུལ། དེ་ལྟར་བསྒོམ་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། དེ་བཞིན་ཉིད་ཀྱི་དག་པ་དང༌། ལྷ་སོ་སོའི་དག་པའོ། །དང་པོ་ལ་གསུམ། རང་བཞིན་གྱིས་དག་པ་སྦྱང་དུ་རུང་བ། གློ་བུར་དུ་མ་དག་པས་སྦྱང་དགོས་པ། དེ་སྦྱང་བའི་ཕྱིར་ཐབས་བསྟེན་པའི་ཚུལ་ལོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །རྒྱས་བཤད་ལ་གཉིས། ཞུས་པ་དང༌། ལན་ནོ། །ལྷ་སོ་སོའི་དག་པ་ལ་གསུམ། ཕུང་པོའི་རྣམ་དག སྐྱེ་མཆེད་ཀྱི་རྣམ་དག འབྱུང་བའི་རྣམ་དག་གོ །ལྔ་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།དོན་བཞི་པ་རིམ་པ་གཉིས་ལ་བརྟན་པ་ཐོབ་ནས་སྤྱོད་པ་སྤྱད་པ་ལ་གཉིས། ཇི་ལྟར་སྤྱད་པའི་ཚུལ་མདོར་བསྟན་པ་དང༌། ཀུན་ཏུ་སྤྱོད་པའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གཉིས། ཕན་ཡོན་གྱི་སྒོ་ནས་སྤྱོད་པ་བྱ་བར་གདམས་པ། ཕན་ཡོན་ཅན་གྱི་སྤྱོད་པ་ཇི་ལྟར་བྱ་བའོ། །དང་པོ་ལ་ལྔ། ཐབས་ཁྱད་པར་དུ་འཕགས་པ་བསྟན་པ། སེམས་ཀྱི་ནོར་བུ་ལེན་པའི་ཐབས་ཡིན་པ། ལོངས་སྤྱོད་རྫོགས་པ་དང་གྲོལ་བའི་ཡོན་ཏན་འབྱུང་བ། ཐམས་ཅད་ཀྱི་མཆོད་བྱར་འགྱུར་བ། མཆོད་བྱ་དེ་ཉིད་མྱུར་དུ་ཐོབ་པར་འགྱུར་བའོ། །གཉིས་པ་ཕན་ཡོན་ཅན་གྱི་སྤྱོད་པ་ཇི་ལྟར་བྱ་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཀུན་འདར་གྱི་སྤྱོད་པ་དང༌། ཀུན་ཏུ་བཟང་པོའི་སྤྱོད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཀུན་འདར་གྱི་སྤྱོད་པ་རྒྱས་པར་བཤད་པ། ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱས་པར་བཤད་པ། ཀུན་འདར་གྱི་སྤྱོད་པ་ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ལ་ལྔ། སྔོན་དུ་བླ་མ་ལ་ཞུ་བ། ཞེན་པ་དང་འཇིགས་པར་མི་བྱ་བ། ཀུན་སློང་བསམ་པའི་ཁྱད་པར། མི་དམིགས་པའི་ལྟ་བས་ཟིན་པ། སྒྲིབ་པ་དང་འཇིག་རྟེན་གྱི་ཆོས་སྤང་བར་འགྱུར་བའོ། །ཀུན་ཏུ་བཟང་པོའི་སྤྱོད་པ་ལ་དྲུག གཉིས་སུ་མེད་པའི་ཚུལ་གྱིས་ནང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་མི་དམིགས་པའི་ཚུལ་གྱིས་གཞན་དོན་ལ་འཇུག་པ། ཟུང་འཇུག་ལ་གོམས་པས་ཚེ་འདི་ཉིད་ལ་འགྲུབ་པ། མི་རྟོག་པའི་ཚུལ་གྱིས་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱད་པ། ལས་ཀྱི་དམ་ཚིག་དང་སྡོམ་པ་ལས་གྲོལ་བ། རྣམ་པར་རྟོག་པ་ཐམས་ཅད་སྤོང་བར་བསྟན་པའོ། །བཞི་པ་ལ་གཉིས། གང་ལ་ཇི་ལྟར་ལོངས་སྤྱད་པ་དང༌། དེ་ལྟར་ལོངས་སྤྱད་པའི་འཐད་པའོ། །ལས་ཀྱི་དམ་ཚིག་ལས་གྲོལ་བ་ལ་གསུམ། ཕྱག་ལ་སོགས་པ་མི་བྱ་བ། མི་རྟོག་པའི་ཡེ་ཤེས་ཉིད་ལས་དང་དམ་ཚིག་ཏུ་འགྱུར་བ། གཞན་དུ་བསླབ་པར་གསུངས་པ་དང་འགལ་བ་སྤང་བའོ། །རྣམ་པར་རྟོག་པ་ཐམས་ཅད་སྤང་བ་ལ་གསུམ། རྟོག་པ་སྤངས་བའི་ཕན་ཡོན། རྟོག་པས་བཅིངས་པའི་ཉེས་དམིགས། དེའི་ཕྱིར་མི་དམིགས་པ་ལ་གོམས་པར་བྱ་བའོ། །ཀུན་འདར་གྱི་སྤྱོད་པ་ཤིན་ཏུ་རྒྱས་པར་བཤད་པ་ལ་གསུམ། གང་གིས་སྤྱོད་པའི་གང་ཟག ཇི་ལྟར་སྤྱད་པའི་ཚུལ། དེའི་དུས་ཀྱི་དམ་ཚིག་གོ །གཉིས་པ་ལ་གཉིས། ཁ་ཟས་ཇི་ལྟར་བསྟེན་པ་དང༌། གཉིས་སྤངས་པའི་སྤྱོད་པ་དངོས་སོ། །དང་པོ་ལ་གཉིས། བསམ་པ་གང་གིས་ལོངས་སྤྱད་པ་དང༌། ཁ་ཟས་གང་ལ་ལོངས་སྤྱད་པའོ། །དེ་ལ་གཉིས། བདུད་རྩི་ལྔ་ལ་སོགས་པ་ལོངས་སྤྱད་པ་དང༌། དངོས་སུ་མ་རྙེད་ན་བསྒོམས་ཏེ་བཟའ་བའོ། །དེའི་དུས་ཀྱི་དམ་ཚིག་ལ་དགུ། ཆང་གི་བཟི་བར་མི་བྱ་བ། ཆ་ལུགས་ཀྱི་ཁྱད་པར། སེམས་ཅན་ལ་གུས་པར་བལྟ་བ། ལས་དང་པོ་པའི་བསླབ་པ་ལས་གྲོལ་བ། དགོངས་ཏེ་གསུངས་པའི་དམ་ཚིག་བསྟན་པ། ཡེ་ཤེས་ཀྱི་དམ་ཚིག་ལས་མི་འདའ་བར་བྱ་བ། རྡོ་རྗེ་སྤུན་ལ་གུས་པར་བྱ་བ། བླ་མའི་མན་ངག་ལ་ནན་ཏན་དུ་བྱ་བ། འཇིག་རྟེན་ལ་ཞེན་པ་མེད་པར་བྱང་ཆུབ་བསྒྲུབ་པར་བྱ་བའོ། །ལྔ་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།ཀུན་ཏུ་སྤྱོད་པའི་ཚུལ་རྒྱས་པར་བཤད་པ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། བརྟག་པའི་མིང་ངོ༌། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཀུན་འདར་གྱི་སྤྱོད་པ་དང༌། ཀུན་ཏུ་བཟང་པོའི་སྤྱོད་པའོ། །དང་པོ་ལ་གཉིས། ཀུན་འདར་གསང་སྤྱོད་ཀྱི་དྲོད་འབྲིང་པོ་ཐོབ་པར་བྱ་བ་དང༌། ཐོབ་ནས་ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱོད་པ་བྱ་བའོ། །དང་པོ་ལ་བདུན། གཉིས་སྤངས་ཀྱི་སྤྱོད་པ་དངོས། གང་གི་ཚེ་སྤྱོད་པའི་དུས། གང་དུ་སྤྱོད་པའི་གནས། གང་གིས་སྤྱད་པའི་གང་ཟག གང་གི་ཕྱིར་སྤྱད་པའི་དགོས་པ། གང་བགོ་བའི་གོས་ཇི་ལྟར་བསྒོམ་པའི་རྣལ་འབྱོར་རོ། །དེ་ལ་གཉིས། རྣལ་འབྱོར་དངོས་དང༌། དེ་གང་དུ་བསྒོམ་པའི་གནས་སོ། །ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱོད་པ་ལ་གསུམ། སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དངོས། གང་དུ་སྤྱད་པའི་ཡུལ། གང་གིས་སྤྱོད་པའི་གང་ཟག་གོ །ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བཞི། མཚམས་སྦྱོར་བའི་ཚུལ་གྱིས་ཕྱོགས་ལས་རྣམ་རྒྱལ་སྤྱད་པར་བསྟན་པ། དེ་ལྟར་སྤྱད་པའི་བྱེད་ལས། ཕྱོགས་ལས་རྒྱལ་བའི་ངེས་ཚིག དེ་མཐར་ཕྱིན་པའི་དོན་དུ་གྲོགས་བསྟེན་པའོ། །དེ་ལ་གསུམ། བསྟེན་དགོས་པར་བསྟན་པ། གང་ནས་གང་བཙལ་བ། དེ་བསྟེན་པའི་ཕན་ཡོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཀུན་འདར་གྱི་སྤྱོད་པ་རྒྱས་པར་བཤད་པ། ཀུན་བཟང་གི་སྤྱོད་པ་རྒྱས་པར་བཤད་པ། ཐུན་མོང་གི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་ལྔ། སྤྱོད་པའི་སྔོན་དུ་འགྲོ་བ། རྟོག་པ་དང་བྲལ་བའི་སྤྱོད་པ་དངོས། ལས་ཀྱི་དམ་ཚིག་ལས་གྲོལ་བར་བསྟན་པ། འཇིགས་པ་དང་བྲལ་བས་ཀུན་ཏུ་སྤྱོད་པ། སྙིང་རྗེ་དང་ལྡན་ཞིང་ཆང་གིས་བཟི་བར་མི་བྱ་བའོ། །ཀུན་བཟང་གི་སྤྱོད་པ་རྒྱས་པར་བཤད་པ་ལ་ལྔ། སྤྱོད་པའི་ཕན་ཡོན། དེའི་དུས་ཀྱི་རྒྱན་ཆ། བཟའ་བར་བྱ་བ། ལྷའི་རྣལ་འབྱོར། གྲོགས་དང་ལྷན་ཅིག་སྤྱད་པར་བྱ་བའོ། །དེ་ལ་གསུམ། གྲོགས་ཀྱི་མཚན་ཉིད། སྦྱང་བའི་ཚུལ། བསྟེན་པའི་ཐབས་སོ། །དང་པོ་ལ་གསུམ། རྡོ་རྗེའི་རིགས་མཆོག་ཏུ་བསྟན་པ། ཡང་ན་རང་གི་ལྷའི་རིགས་ཡིན་པ། རིགས་གཞན་ལའང་རུང་བར་བསྟན་པའོ། །ཐུན་མོང་གི་དོན་རྒྱས་པར་བཤད་པ་ལ་གཉིས། གཟུང་བར་བྱ་བ་དགོས་པ་དང་བཅས་པ་དང༌། བསྲུང་བར་བྱ་བ་ལས་མི་འདའ་བའོ། །དང་པོ་ལ་བཞི། རྒྱན་དང་ལག་ཆ་དགོས་པ་དང་བཅས་པ། བཟའ་བཏུང་དགོས་པ་དང་བཅས་པ། ཅོད་པན་དང་ཆ་བྱད་དགོས་པ་དང་བཅས་པ། དེ་དག་དགོས་པ་དང་བཅས་པར་འགྱུར་བའི་ཚུལ་ལོ། །བསྲུང་བར་བྱ་བ་ལས་མི་འདའ་བ་ལ་གསུམ། ཕྱིན་ཅི་ལོག་ལྔའི་རྟོག་པ་སྤང་བ། གྲོགས་ཕྱག་རྒྱ་དང་མི་འབྲལ་བ། བསམ་གཏན་གྱི་སྒྲིབ་པ་སྤང་བའོ། །བརྟག་པ་ལྔ་པའོ།། །།དོན་ལྔ་པ་རྫོགས་རིམ་རྟེན་དང་བཅས་པ་བཤད་པ་ལ་གཉིས། རྟེན་མངོན་དུ་བྱེད་པའི་ཐབས་དང་བཅས་པ་དང༌། དེ་ལས་སྐྱེས་པའི་ཡེ་ཤེས་བརྟན་པར་བྱ་བའི་ཕྱིར་སྤྱོད་པ་སྤྱད་པའོ། །དང་པོ་ལ་གཉིས། དོན་དངོས་དང༌། བརྟག་པའི་གྲངས་སོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་ནས་བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། རྟེན་དཀྱིལ་འཁོར་བཞིའི་གནས་ལུགས། བརྟེན་པ་ཡེ་ཤེས་ཀྱི་རང་བཞིན། དེ་མངོན་དུ་བྱེད་པའི་ཐབས་སོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ཁམས་བདུད་རྩིའི་དཀྱིལ་འཁོར། ལུས་ཇི་ལྟར་གྲུབ་པའི་ཚུལ། ཁྱབ་བྱེད་རླུང་གི་དཀྱིལ་འཁོར་རོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། ཁམས་བདུད་རྩིའི་དཀྱིལ་འཁོར་དངོས་དང༌། དེ་མངོན་དུ་བྱེད་པའི་ཐབས་སོ། །དང་པོ་ལ་གཉིས། ཁམས་བཅུ་དྲུག་ཏུ་དབྱེ་བ་དང༌། ཁམས་ལྔས་ལུས་འགྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། ཁམས་ཀྱི་དབྱེ་བ་དངོས་དང༌། དེ་གང་གི་དབང་ལས་བྱུང་བའོ། །ལུས་ཇི་ལྟར་འགྲུབ་པའི་ཚུལ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གསུམ། གང་ལས་འགྲུབ་པའི་རྒྱུ། གང་འགྲུབ་པའི་དོན། སྒོ་གང་ལ་བརྟེན་པའོ། །དང་པོ་ལ་གསུམ། རྩ་དང་ཁམས་གཉིས་ལས་གྲུབ་པ། རྡུལ་མུན་པ་སྙིང་སྟོབས་ལས་གྲུབ་པ། དངོས་པོ་དང་དངོས་མེད་ལས་འགྲུབ་པའོ། །གང་གྲུབ་པ་ལ་གསུམ། བདུད་རྩི་ལྔར་བསྡུ་བ། ཁམས་དྲུག་གང་ལས་ཐོབ་པ། ཁམས་ཀྱི་དབྱེ་བསྡུའོ། །ཁྱབ་བྱེད་རླུང་གི་དཀྱིལ་འཁོར་ལ་གཉིས། སྲོག་རྩོལ་གྱི་སྒོ་ནས་མདོར་བསྟན་པ་དང༌། རླུང་རྣམས་ཀྱི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་ལྔ། སྒོ་གཉིས་སུ་བསྟན་པ། དེ་གང་གི་རང་བཞིན་ཡིན་པ། དེ་གཉིས་ལ་རྩ་ཐམས་ཅད་ཀྱི་ནུས་པ་འཇུག་པ། དེ་ལས་རླུང་གང་རྒྱུ་བ། དེའི་ཚུལ་གྲོགས་དང་བཅས་པའོ། །རླུང་རྣམས་ཀྱི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། སྲོག་རྩོལ་གྱི་རླུང་སྦྱོར་བ་གསུམ་དུ་བསྟན་པ། སྒོ་གང་ནས་ཇི་ལྟར་རྒྱུ་བ། ལམ་དུ་བྱས་ན་གྲོལ་བའི་ཚུལ་ལོ། །གཉིས་པ་ལ་གསུམ། སྦྱོར་བ་གསུམ་གྱི་རྣམ་པར་གཞག་པ། རླུང་གི་གནས་ལུགས་བསྟན་པ། རྒྱུ་ཚུལ་རྒྱས་པར་བཤད་པའོ། །གཉིས་པ་ལ་བཞི། རྩ་བ་གང་ཡིན་པ། སྒོ་དུ་ཡིན་པ། ངོ་བོ་གང་ཡིན་པ། སྒོ་དང་ངོ་བོ་བྱེ་བྲག་ཏུ་བཤད་པའོ། །རྒྱུ་ཚུལ་རྒྱས་པར་བཤད་པ་ལ་གཉིས། རྩ་བའི་རླུང་བཞིའི་དབྱེ་བ་དང༌། སྲོག་རྩོལ་གྱི་རླུང་བསྟན་པའོ། །དང་པོ་ལ་དྲུག རྩ་བའི་རླུང་རྣམས་ཀྱི་མིང༌། རྒྱུ་ཚུལ་གྱི་ཁྱད་པར། རྒྱུ་བ་ནུབ་པའི་ཚུལ། མ་ཤེས་པའི་ཉེས་དམིགས། རླུང་བཞིའི་ངོ་བོ། ཕྱོགས་གང་དུ་རྒྱུ་བའོ། །སྲོག་རྩོལ་གྱི་རླུང་བསྟན་པ་ལ་ལྔ། སྒོའི་ངོ་བོ། རྒྱུ་བའི་ཚུལ། གཞན་པས་མཆོག་ཏུ་བསྟན་པ། རྣམ་ཤེས་དང་ཆོས་དབྱིངས་སུ་བསྟན་པ། གཤེགས་པ་དང་དགུག་པའི་རང་བཞིན་དུ་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རྡོ་རྗེ་ལུས་ཀྱི་གནས་ལུགས་རྒྱས་པར་བཤད་པ་དང༌། དེ་ལ་ཕྱི་རོལ་གྱི་ཆོས་ཐམས་ཅད་བསྡུ་ཞིང་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། ནང་གི་ཡུལ་རྣམས་ཀྱི་གནས་ཚུལ་དང༌། དཀྱིལ་འཁོར་བཞིའི་གནས་ཚུལ་ལོ། །དང་པོ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་གྲངས་སོ། །དང་པོ་ལ་གསུམ། ཡུལ་ཉི་ཤུ་རྩ་བཞིའི་དབྱེ་བ། དེ་ཉིད་འཁོར་ལོ་གསུམ་དུ་བསྡུ་ཞིང་ཕྱི་ནང་གཉིས་སུ་བསྟན་པ། དེ་ལ་ནང་གི་མཁའ་འགྲོ་མ་གནས་པའི་ཚུལ་ལོ། །དྲུག་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་དཀྱིལ་འཁོར་བཞིའི་གནས་ཚུལ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་བཞི། དཔྱིད་དང་ཐིག་ལེའི་མཚན་ཉིད། སྒོ་གསུམ་ནས་རླུང་རྒྱུ་བའི་ཚུལ། འཁོར་ལོ་བཞིའི་གནས་ལུགས། རྩ་སུམ་ཅུ་རྩ་བདུན་གྱི་གནས་ལུགས་སོ། །དང་པོ་ལ་གསུམ། དཔྱིད་ཀྱི་གནས་ལུགས། ཐིག་ལེའི་གནས་ལུགས། སྙོམས་འཇུག་ཏུ་གནས་པའི་བསྒོམ་ཚུལ་དང་བཅས་པའོ། །གསུམ་པ་འཁོར་ལོ་བཞིའི་གནས་ལུགས་ལ་གསུམ། ཡི་གེ་དགོད་པ་འཁོར་ལོ་བཞིར་དབྱེ་བ། དེ་ལ་ལས་ཀྱི་རླུང་ཇི་ལྟར་རྒྱུ་བ། ཡེ་ཤེས་ཀྱི་རླུང་ཇི་ལྟར་གནས་པའོ། །བཞི་པ་རྩ་སུམ་ཅུ་རྩ་བདུན་གྱི་གནས་ལུགས་ལ་གསུམ། སྙིང་གའི་རྩ་འདབ་བརྒྱད་ཀྱི་གནས་ཚུལ། སྦས་པའི་རྩ་ལྔའི་གནས་ཚུལ། རྩ་ཉི་ཤུ་རྩ་བཞིའི་གནས་ཚུལ་ལོ། །དེ་ལ་གསུམ། སྐུ་གསུང་ཐུགས་སུ་བསྡུ་བ། རྩའི་གཙོ་མོ་གསུམ་དུ་བསྟན་པ། རྩ་ཉི་ཤུ་རྩ་བཞིའི་གནས་མིང་ཁམས་རྣམས་བསྟན་པའོ། །དྲུག་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།དོན་གཉིས་པ་དེ་ལ་ཆོས་ཐམས་ཅད་བསྡུ་ཞིང་གཏན་ལ་དབབ་པ་ལ་གཉིས། ལམ་དང་འབྲས་བུ་ནང་དུ་གཏན་ལ་ཕབ་པས་དངོས་གྲུབ་རྣམས་རང་ལ་འབྱུང་བ་དང༌། ཆོས་ཐམས་ཅད་ནང་དུ་བསྡམས་པས་སྤྲོས་པ་ཐམས་ཅད་ནང་དུ་གཅོད་པའོ། །དང་པོ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། སྒྲུབ་བྱེད་ཀྱི་ལན་ནང་དུ་གཞག་པ་དང༌། བསྒྲུབ་བྱ་སྐུའི་རྣམ་གཞག་ནང་དུ་གཞག་པའོ། །དང་པོ་ལ་གཉིས། གང་བསྒྲུབ་པར་བྱ་བ་ལས་ཀྱི་རིམ་པ་དང༌། གང་གིས་སྒྲུབ་པའི་སློབ་དཔོན་ནོ། །དང་པོ་ལ་གསུམ། དཀྱིལ་འཁོར་གྱི་འཁོར་ལོ། སྦྱིན་སྲེག་གི་རིམ་པ། བཟླས་བསྒོམ་གྱི་ཚུལ་ལོ། །དང་པོ་ལ་གཉིས། ནང་གི་དཀྱིལ་འཁོར་གནས་ཚུལ་དང༌། དེ་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་ལྔ། དཀྱིལ་འཁོར་གྱི་རང་བཞིན། དཀྱིལ་འཁོར་གྱི་མཆོད་པ། དཀྱིལ་འཁོར་གྱི་ངེས་ཚིག དཀྱིལ་འཁོར་གྱི་རབ་དབྱེ། དཀྱིལ་འཁོར་བསྒོམ་པའི་དམ་ཚིག་གོ །དང་པོ་ལ་གསུམ། བརྟེན་པ་ལྷའི་དཀྱིལ་འཁོར། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར། ལྷའི་སྐྱེད་ཆོག་ནང་དུ་གཞག་པའོ། །དཀྱིལ་འཁོར་གྱི་རབ་དབྱེ་ལ་གཉིས། གསུམ་དུ་དབྱེ་བ་དང༌། གཉིས་སུ་དབྱེ་བའོ། །དཀྱིལ་འཁོར་བསྒོམ་པའི་དམ་ཚིག་ལ་གཉིས། ལོངས་སྤྱད་པའི་དམ་ཚིག་དང༌། བསྲུང་བའི་དམ་ཚིག་གོ །སྦྱིན་སྲེག་གི་རྣམ་གཞག་ལ་བདུན། སྦྱིན་སྲེག་གི་མེ། བསྲེག་རྫས་གང་ལ་དབུལ་བའི་ལྷ། མར་སྣོད་དང་བཅས་པ། དགང་བླུགས། མེའི་ཐབ། མེ་སྦར་བའི་ཚུལ་ལོ། །བཟླས་བསྒོམ་གྱི་ཚུལ་ལ་གཉིས། སྔགས་ཀྱི་བསྙེན་པ་དང༌། བསྒོམ་པའི་ཚུལ་ལོ། །གཉིས་པ་བསྒྲུབ་བྱ་སྐུའི་རྣམ་གཞག་ནང་དུ་གཞག་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། འཁོར་ལོ་དང་རྩ་ལ་སྐུ་གསུམ་དུ་རྣམ་པར་གཞག་པ་དང༌། རྒྱུ་དང་ལམ་ལ་གཞག་པའོ། །དང་པོ་ལ་གཉིས། འཁོར་ལོ་ལ་སྐུ་བཞིར་གཞག་པ་དང༌། རྩ་ལ་སྐུ་གསུམ་དུ་གཞག་པའོ། །དང་པོ་ལ་གསུམ། འཁོར་ལོའི་གནས་ལུགས། དེ་ལ་སྐུ་བཞིར་གཞག་པ། འཁོར་ལོ་ལ་ཡི་གེ་དགོད་པའི་ཚུལ་ལོ། །རྩ་ལ་སྐུ་གསུམ་དུ་གཞག་པ་ལ་གསུམ། རྩའི་གནས་ལུགས་ལ་སྐུ་གསུམ་དུ་གཞག་པ། དེའི་བྱེད་པའི་ལས། དེ་ལ་ཡི་གེ་དགོད་པའི་ཚུལ་ལོ། །རྒྱུ་དང་ལམ་ལ་གཞག་པ་ལ་གཉིས། བརྗོད་བྱ་རྒྱུ་དང་ལམ་དངོས་ལ་གཞག་པ་དང༌། རྗོད་བྱེད་ཀྱི་རིམ་པ་ལ་གཞག་པའོ། །དྲུག་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།དོན་གཉིས་པ་ཆོས་ཐམས་ཅད་ནང་དུ་བསྡམས་པས་སྤྲོས་པ་ནང་དུ་གཅོད་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། སྙོམས་འཇུག་གི་ཐབས་ནང་དུ་གཞག་པ། འཁོར་ལོ་བཞི་ལ་ཆོས་ཐམས་ཅད་གཞག་པ། སེམས་ཅན་ཉིད་སངས་རྒྱས་སུ་གཞག་པའོ། །གཉིས་པ་ལ་གསུམ། འཁོར་ལོ་རྣམས་ལ་སྐུ་རྣམས་སུ་གཞག་པ། འབྲས་བུ་བཞིར་གཞག་པ། སྡེ་པ་བཞིར་གཞག་པའོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ཤིན་ཏུ་རྒྱས་པར་བཤད་པའོ། །འབྲས་བུ་བཞིར་གཞག་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །སེམས་ཅན་ཉིད་སངས་རྒྱས་སུ་གཞག་པ་ལ་གསུམ། སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་མཐུན་བསྟན་པ། དེ་ལ་ལྷ་མོ་རྣམས་ཐེ་ཚོམ་དུ་གྱུར་པ། ཐེ་ཚོམ་བསལ་པའི་སྒོ་ནས་ཐབས་དང་ཐབས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ལ་གསུམ། ཉན་ཐོས་ལ་གྲགས་པའི་དགེ་སློང་དུ་གཞག་པ། མདོ་སྡེ་པ་ལ་གྲགས་པའི་ས་བཅུ་གཅིག་པའི་སངས་རྒྱས་སུ་གཞག་པ། རྒྱུད་སྡེ་ལ་གྲགས་པ་དག་པ་གསུམ་གྱི་རང་བཞིན་སྐུ་གསུམ་དུ་གཞག་པའོ། །དེ་ལ་བཞི། ནང་གི་སྐུ་འགྲུབ་པའི་ཚུལ། གྲུབ་པའི་དོན། གློ་བུར་གྱི་དྲི་མས་སེམས་ཅན་དུ་སྣང་བ། དེ་ལྟར་ཤེས་པ་ལམ་མཆོག་ཏུ་བསྟན་པའོ། །གཉིས་པ་ལ་གཉིས། དག་པ་གསུམ་གྱི་རང་བཞིན་སྐུ་གསུམ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གསུམ། རང་རིག་པའི་དག་པ། དེ་བཞིན་ཉིད་ཀྱི་དག་པ། ལྷ་སོ་སོའི་དག་པའོ། །གསུམ་པ་ཐེ་ཚོམ་བསལ་བ་ལ་གཉིས། ཐེ་ཚོམ་བསལ་བར་གསོལ་བ་བཏབ་པ་དང༌། ཐེ་ཚོམ་བསལ་བ་དངོས་སོ། །དེ་ལ་གསུམ། གློ་བུར་གྱི་དྲི་མ་བསལ་ནས་འཚང་རྒྱ་བའི་ཚུལ། བཅིངས་གྲོལ་གྱི་ཁྱད་པར་དཔེས་བསྟན་པ། ལམ་གྱིས་གྲོལ་བའི་འཐད་པ་བཤད་པའོ། །དེ་ལ་གཉིས། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་གྲོལ་བར་འཐད་པ་དང༌། རིགས་དང་རིགས་བདག་ཡིན་པའི་ཕྱིར་གྲོལ་བར་འཐད་པའོ། །དང་པོ་ལ་གསུམ། ཐབས་ཀྱི་ཁྱད་པར་རྣམ་པར་གཞག་པ། དེ་ཉིད་ཁྱད་པར་དུ་འཕགས་པའི་རྒྱུ་མཚན། དེ་གཞན་ལ་མ་གྲགས་པར་བསྟན་པའོ། །དང་པོ་ལ་བཞི། རིགས་འདྲ་གཉེན་པོར་ཆེ་བ། བཟློག་པ་གཉེན་པོར་ཆེ་བ། སྦམས་པ་གཉེན་པོར་ཆེ་བ། བསྣན་པ་གཉེན་པོར་ཆེ་བའོ། །རིགས་དང་རིགས་བདག་ཡིན་པའི་ཕྱིར་གྲོལ་བར་འཐད་པ་ལ་གཉིས། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་སྦྱར་བ་དང༌། རིགས་ཀྱི་དབྱེ་བསྡུའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་ལྔ། ས་རྣམ་པར་སྣང་མཛད། ཆུ་མི་བསྐྱོད་པ། མེ་འོད་དཔག་མེད་པ། རླུང་དོན་ཡོད་གྲུབ་པ། ནམ་མཁའ་རིན་ཆེན་འབྱུང་ལྡན་དུ་བསྟན་པའོ། །རིགས་ཀྱི་དབྱེ་བསྡུ་ལ་གཉིས། རིགས་གཅིག་ལ་རིགས་དུ་མར་དབྱེ་བ་དང༌། རྟེན་གཅིག་ལ་བརྟེན་པ་རིགས་དུ་མ་མི་འགལ་བའི་ཚུལ་ལོ། །དེ་ལ་གཉིས། ཞུས་པ་དང༌། ལན་ནོ། །དོན་གཉིས་ལ་བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གསུམ། རྟེན་རྒྱུ་འབྱུང་བ་ལྔ་ལས་སྐྱེས་པ། བརྟེན་པ་ལམ་དཔེའི་ཡེ་ཤེས་ལྔ། གྲུབ་པ་འབྲས་བུའི་རིགས་ལྔར་བསྟན་པའོ། །དོན་གསུམ་པ་དེ་མངོན་དུ་བྱེད་པའི་ཐབས་ལ་གཉིས། དཔྱིད་དང་ཐིག་ལེའི་སྙོམས་འཇུག་དང༌། འཁོར་ལོ་བཞིའི་རྣལ་འབྱོར་བསྒོམ་པའོ། །དང་པོ་ལ་གསུམ། དཔྱིད་ཀྱི་གནས་ལུགས། ཐིག་ལེའི་གནས་ལུགས། དཔྱིད་དང་ཐིག་ལེ་ཁ་སྦྱོར་དུ་བསྒོམ་པའོ། །འཁོར་ལོ་བཞིའི་རྣལ་འབྱོར་ལ་གཉིས། ཐབས་བསྒོམ་པའི་ཚུལ་དང༌། ཡེ་ཤེས་སྐྱེ་བའི་ཚུལ་ལོ། །བརྟག་པ་དྲུག་པའོ།། །།དོན་གཉིས་པ་དེ་ལས་སྐྱེས་པའི་ཡེ་ཤེས་བརྟན་པར་བྱ་བའི་ཕྱིར་སྤྱོད་པ་སྤྱད་པ་ལ་གཉིས། གྲོགས་ངོ་ཤེས་པར་བྱེད་པའི་ཐབས་བརྡ་དང༌། སེམས་ཅན་རྗེས་སུ་འཛིན་པར་བྱེད་པའི་ཐབས་ལྟ་སྟངས་སོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་བཞི། ཚོགས་ཀྱི་འཁོར་ལོ་ལ་འཁོར་བའི་ངག་བརྡ། མཁའ་འགྲོ་མ་ལྔའི་དམ་ཚིག་གི་བརྡ། ཡི་གེ་རེ་རེའི་བརྡ་བཤད་པ། མིང་གི་བརྡ་བཤད་པའོ། །དེ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །གཉིས་པ་སེམས་ཅན་རྗེས་སུ་འཛིན་པར་བྱེད་པའི་ཐབས་ལྟ་སྟངས་ལ་གཉིས། ལྟ་སྟངས་དངོས་ཇི་ལྟར་བྱ་བ་དང༌། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། རྩ་བའི་ལྟ་སྟངས་དང༌། ཡན་ལག་གི་ལྟ་སྟངས་སོ། །དང་པོ་ལ་ལྔ། ལྟ་སྟངས་རྣམས་ཇི་ལྟར་བྱ་བ། ལྟ་སྟངས་བཞི་རླུང་དང་སྦྱར་བ་གྲུབ་པའི་རྟགས། འགྲུབ་པའི་དུས། སྔོན་དུ་བྱ་བའི་རིམ་པའོ། །དང་པོ་ལ་ལྔ། ལྟུང་བའི་ལྟ་སྟངས། དབང་གི་ལྟ་སྟངས། དགུག་པའི་ལྟ་སྟངས། རེངས་པའི་ལྟ་སྟངས། གསད་པའི་ལྟ་སྟངས་སོ། །ཡན་ལག་གི་ལྟ་སྟངས་ལ་གཉིས། ལྷའི་རྣལ་འབྱོར་ལ་གནས་པར་བྱ་བ་དང༌། ལྟ་སྟངས་རྣམས་ཇི་ལྟར་བྱ་བའི་ཚུལ་ལོ། །དེ་ལ་གསུམ། ནམ་མཁའ་ལ་འགྲོ་བ། གཞན་གྱི་སྡེ་ལས་རྒྱལ་བ། བདུད་ཀྱི་དཔུང་འཇོམས་པའོ། །སྤྱི་དོན་གསུམ་པ་གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པའི་རིམ་པ་ལ་བཞི། དམན་པ་ལ་མོས་པ་རྣམས་རྗེས་སུ་འཛིན་པའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམ། དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག སྔགས་དང་འཁྲུལ་འཁོར་གྱི་སྒྲུབ་པ་བསྟན་པ། སྐུ་གཟུགས་བྱིན་གྱི་བརླབས་ཀྱིས་འགྲུབ་པའི་ཐབས། རབ་ཏུ་གནས་པ་བསམ་གཏན་གྱི་ལས་ཚོགས་དང་བཅས་པའོ། །དང་པོ་ལ་ལྔ། རྫས་སྦྱོར་གྱི་བསྒྲུབ་པ། དབང་དུ་བྱ་བའི་ལས། མི་སྣང་བའི་ལས་བཅུ་གཅིག མིག་སྨན་གྱི་ལས། བཅུད་ལེན་གྱི་ལས་སོ། །དང་པོ་ལ་གཉིས། སྲུང་བའི་ཆོ་ག་དང༌། ལས་ཀྱི་ཚོགས་སྣ་ཚོགས་བསྒྲུབ་པའོ། །དེ་ལ་བཅུ་དྲུག གཟུགས་ཡོངས་སུ་བསྒྱུར་བ། དབབ་པའི་ལས་གཉིས། དུག་གི་ལས། རིམས་ཞི་བའི་ལས། སྡང་བའི་ལས་གཉིས། བསྐྲད་པའི་ལས་གཉིས། མཐོང་བའི་ལས། མེ་བསིལ་བར་བྱེད་པའི་ལས་གཉིས། ཆུ་ལ་མི་འབྱིང་བའི་ལས་གཉིས། ཆུས་མི་འཚུབ་པ། སྐྱེས་པ་འདྲེར་བྱེད་པ། རྗེས་གཟུང་དང་བཅས་པའི་ལས། སྨྱོ་བའི་ལས་གཉིས། རྗོད་བྱེད་ཀྱི་ལས། སྨྱོ་ཞིང་གསོད་པའི་ལས། སྐྲོད་པའི་ལས། སྡང་བའི་ལས་སོ། །གསུམ་པ་ལ་བཞི། དུག་དབབ་པའི་ལས། གཞིལ་བའི་ལས། བསྲུང་བའི་ལས། དུག་ཞི་བའི་ལས་སོ། །མཐོང་བའི་ལས་ལ་གཉིས། སྣ་ཚོགས་མཐོང་བའི་ལས་གཉིས་དང༌། བྱང་ཆུབ་སེམས་དཔའ་མཐོང་བའི་ལས་གཉིས་སོ། །གཉིས་པ་དབང་དུ་བྱ་བའི་ལས་ལ་གཉིས། རེག་པ་ལ་སོགས་པས་དབང་དུ་བྱ་བ་བརྒྱད་དང༌། ཐིག་ལེ་བཀོད་པས་དབང་དུ་བྱ་བ་བརྒྱད་དོ། །ལྔ་པ་བཅུད་ལེན་གྱི་ལས་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས། ལོངས་སྤྱོད་ཀྱི་བཅུད་ལེན་དང༌། ཚེ་དང་ལུས་ཀྱི་བཅུད་ལེན་ནོ། །དེ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། ཕན་ཡོན་ནོ། །གཉིས་པ་ལ་གཉིས། ནམ་བསྒྲུབ་པའི་དུས། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དེ་ལ་བཞི། དུས་དྲུག་ཏུ་བསྟེན་པ་ནང་གི་བཅུད་ལེན། དེ་ཉིད་ཕྱིའི་རྫས་དང་བཅས་ཏེ་བསྟན་པའི་ཚུལ། འབྲུ་མར་ལ་བརྟེན་པའི་བཅུད་ལེན། བཅུད་ལེན་ཕྲ་མོ་གཞན་བསྟན་པའོ། །དང་པོ་ལ་གསུམ། གང་བསྟེན་པའི་རྫས། ནམ་བསྟེན་པའི་དུས། དེ་ལྟར་བསྟེན་པའི་ཕན་ཡོན་ནོ། །གསུམ་པ་ལ་གཉིས། བཤད་པར་དམ་བཅའ་བ། དོན་དངོས་སོ། །དེ་ལ་གསུམ། ཐུན་མོང་གི་འབྲུ་མར་གྱི་ཆོ་ག བཏུང་བ་དང་མགོར་བྱུག་པའི་ཆོ་ག ལུས་ལ་བྱུག་པའི་ཆོ་གའོ། །བདུན་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག་ལ་གསུམ། ཞུས་ནས་མཉན་པར་གདམས་པ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གསུམ། སྔོན་དུ་འགྲོ་བའི་ཆོ་ག་དངོས་གཞིའི་ཆོ་ག་ནུས་པ་དང་ལྡན་པའི་ཚེ་གསང་སྟེ་བྱ་བའོ། །དང་པོ་ལ་གསུམ། སྔོན་དུ་བསྙེན་པ་བྱ་བ། སྟང་སྟབས་ཀྱིས་ས་བྱིན་གྱིས་བརླབ་པ། རྟེན་རིག་མ་གཞུག་པའོ། །དངོས་གཞིའི་ཆོ་ག་ལ་གཉིས། ལས་སོ་སོའི་ཐབས་ཀྱི་དབྱེ་བ་དང༌། བསྲེག་རྫས་ཀྱི་དབྱེ་བའོ། །དང་པོ་ལ་གསུམ། ཐབ་ཀྱི་དབྱིབས་ཚད་བྱུག་པ་དང་བཅས་པ། ཐབ་རྣམས་ཀྱི་ཁ་དོག ཕྱོགས་ཀྱི་དབྱེ་བའོ། །བསྲེག་རྫས་ཀྱི་དབྱེ་བ་ལ་གཉིས། རྩ་བའི་ལས་བཞིའི་བསྲེག་རྫས་དང༌། ཡན་ལག་གི་ལས་རྣམས་ཀྱི་བསྲེག་རྫས་སོ། །དང་པོ་ལ་བཞི། ཞི་བ། རྒྱས་པ། དབང༌། མངོན་སྤྱོད་ཀྱི་ལས་སོ། །བདུན་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།གསུམ་པ་སྔགས་དང་འཁྲུལ་འཁོར་གྱི་སྒྲུབ་པ་བསྟན་པ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས། དངོས་གྲུབ་སྒྲུབ་པའི་ཐབས་སྔགས་ཀྱི་ཚོགས་དང༌། འཁྲུལ་འཁོར་གྱི་ཚོགས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །གཉིས་པ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། བཏུ་བའི་གཞི་དང༌། བཏུ་བའི་ཚུལ་ལོ། །དེ་ལ་གསུམ། ཡུམ་བཞི་རིགས་བཞིའི་སྔགས་བཏུ་བ། ཕྲིན་ལས་ཀྱི་ལྷ་མོ་བདུན་གྱི་སྔགས་བཏུ་བ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྔགས་བཏུ་བའོ། །གཉིས་པ་འཁྲུལ་འཁོར་གྱི་ལས་ཚོགས་རྒྱས་པར་བཤད་པ་ལ་ཉི་ཤུ་རྩ་བརྒྱད། དབང་དུ་བྱ་བའི་འཁྲུལ་འཁོར་གསུམ། རེངས་པའི་གཉིས། གསད་པའི་གཅིག རྒྱས་པའི་གཅིག བསྲུང་བའི་གཅིག ཞི་བའི་གཅིག དབང་དུ་བྱ་བའི་གསུམ། ཆོམ་རྐུན་བསྲུང་བའི་གཅིག དབང་དུ་བྱ་བའི་གཅིག སྐལ་བ་བཟང་པོར་བྱེད་པའི་གཅིག བསྲུང་བའི་གཅིག དབྱེ་བའི་གཅིག རེངས་པའི་གསུམ། འོད་ཟེར་ཅན་གྱི་བསྲུང་བའི་གཅིག ཕྱོགས་ཀྱི་གོས་ཅན་གྱི་ཕྱིར་བཟློག་པའི་གཅིག ཆར་དབབ་པའི་གཅིག ཆར་གཅད་པའི་གཅིག རེངས་པའི་གཉིས། དགུག་པའི་གཅིག སོ་སོར་འབྲང་མས་བུ་བསྐྱེད་པའི་གཅིག བསྐྲད་པའི་གཅིག བསྲུང་བའི་གཅིག བྲན་དུ་འཁོལ་བའི་གཅིག དགྲ་བོ་ཟིལ་གྱིས་མནན་པ། དགྲ་ལས་རྒྱལ་བ། དགྲ་བོ་རེངས་པ་དང༌། རྗེས་སུ་གཟུང་བར་བྱེད་པ། སྒྲོལ་མའི་འཁྲུལ་འཁོར་གྱིས་ལས་དུ་མ་བསྒྲུབ་པའོ། །བདུན་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།བཞི་པ་སྐུ་གཟུགས་བྱིན་གྱིས་བརླབས་ཀྱིས་འགྲུབ་པ་རབ་གནས་བསམ་གཏན་གྱི་ལས་དང་བཅས་པ་ལ་གསུམ། ཞུས་ཤིང་བཤད་པར་དམ་བཅའ་བ། དོན་དངོས། བརྟག་པའི་གྲངས་སོ། །གཉིས་པ་ལ་གཉིས། རབ་ཏུ་གནས་པ་དང༌། བསམ་གཏན་གྱི་ལས་ཀྱི་ཚོགས་བསྒྲུབ་པའོ། །དང་པོ་ལ་བཞི། སྔོན་དུ་འགྲོ་བ་སའི་ཆོ་ག རྟེན་རིག་མ་གཞུག་པ། ཡན་ལག་གི་ཆོ་ག་སྦྱིན་སྲེག དངོས་གཞི་རབ་ཏུ་གནས་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། ས་ཡོངས་སུ་གཟུང་བ། སའི་ལྷ་མོ་ལ་མཁྱེན་པར་གསོལ་བ། དཀྱིལ་འཁོར་གྱི་ས་བསྲུང་བའོ། །དང་པོ་ལ་ལྔ། ཁྲོ་བོ་རྣམ་རྒྱལ་གྱི་བདག་གི་རྣལ་འབྱོར་བསྒོམ་པ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ། བདག་ཉིད་བྱིན་གྱིས་བརླབ་པ། བགེགས་བསྐྲད་པ། བགེགས་ལ་བཀའ་བསྒོ་བའོ། །རྟེན་རིག་མ་གཞུག་པ་ལ་གཉིས། རིག་མ་གཞུག་པར་བསྟན་པ་དང༌། དེའི་དོན་ལ་ཐེ་ཚོམ་བསལ་བའོ། །དེ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་བཞི། རིག་མ་ཇི་ལྟ་བུ་གཞུག་པ། དེ་བྱིན་གྱིས་བརླབ་པ། སྦྱིན་སྲེག་དང་འབྲེལ་བའི་ཁྱད་པར། དཀྱིལ་འཁོར་དང་འབྲེལ་བའི་ཁྱད་པར་རོ། །ཡན་ལག་གི་ཆོ་ག་སྦྱིན་སྲེག་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་བཞི། དཀྱིལ་འཁོར་གྱི་རབ་དབྱེ། དེ་དང་འབྲེལ་བའི་ཐབས། སྦྱིན་སྲེག་གི་ཕན་ཡོན། ཇི་ལྟར་བྱ་བའི་ཆོ་གའི་རིམ་པའོ། །དེ་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ལ་བདུན། ལས་དང་འབྲེལ་པའི་མེའི་ཁྱད་པར། ཐབ་ཁུང་གི་ཁྱད་པར། སྒྲུབ་པ་པོའི་ཁྱད་པར། དགང་བླུགས་ཀྱི་འཛིན་ཚུལ། རྫས་དང་མཆོད་པའི་དགོད་ཚུལ། བསང་ཞིང་ཀུ་ཤ་དགྲམ་པ། འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །དེ་ལ་གསུམ། མེ་ལྷ་སྤྱན་དྲང་བ། དེ་ལ་མཆོད་པ། འབར་བའི་རྣམ་པར་བལྟ་བའོ། །དང་པོ་ལ་བཞི། སྤྱན་དྲང་བའི་དུས། སྤྱན་དྲང་བའི་ཚུལ། མེ་ལྷའི་རྣམ་པ། གང་དུ་བཞུགས་པའོ། །དངོས་གཞི་ལ་གསུམ། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ། མེའི་ལྟས་བརྟག་པ། བསྲེག་བླུགས་འབུལ་བའི་ཚུལ་ལོ། །དེ་ལ་བརྒྱད། སྔགས་ཀྱི་སྦྱོར་ཚུལ། དབྱངས་ཀྱི་སྦྱར་ཚུལ། ལས་སོ་སོ་དང་འབྲེལ་བའི་བསམ་པའི་ཁྱད་པར། སྤེལ་ཚིག་སྦྱར་ཚུལ། ལས་དང་འབྲེལ་པ་ལྷའི་ཁྱད་པར། སྒྲུབ་པ་པོའི་ཁྱད་པར། མཆོད་པ་དང་ལས་བསྐུལ་བའི་རིམ་པ། ནང་གི་བདུད་རྩི་དབུལ་བའོ། །བཞི་པ་རབ་ཏུ་གནས་པའི་དངོས་གཞི་ལ་གཉིས། ཇི་ལྟར་གསུངས་པའི་ཚུལ་གྱིས་ཡེ་ཤེས་པ་གཞུག་པ། གང་གསུངས་པའི་ཚུལ་གྱིས་དམ་ཚིག་པ་བསྐྱེད་པའོ། །དེ་ལ་གཉིས། བསྡུས་པའི་དཀྱིལ་འཁོར་གྱི་དབྱེ་བ་དང༌། ལས་རྒྱས་པའི་ལྷ་བསྐྱེད་པའི་ཚུལ་ལོ། །གཉིས་པ་བསམ་གཏན་གྱི་ལས་ཀྱི་ཚོགས་སྒྲུབ་པ་ལ་གཉིས། སྒྲོལ་མའི་རྣལ་འབྱོར་གྱིས་གཙོ་བོར་མཆོག་སྒྲུབ་པ་དང༌། ལྷ་གཞན་གྱི་རྣལ་འབྱོར་གྱིས་གཙོ་བོར་ཐུན་མོང་གི་ལས་སྒྲུབ་པའོ། །དེ་ལ་བཅུ་བདུན། རྡོ་རྗེ་འཇིགས་བྱེད་ཀྱིས་དྲག་ཤུལ་གྱི་ལས་ཐམས་ཅད་སྒྲུབ་པ། འོད་ཟེར་ཅན་གྱིས་དབང་དུ་བྱ་བ། རི་ཁྲོད་ལོ་མ་ཅན་གྱིས་ནད་ཞི་བར་བྱ་བ། བདེ་མཆོག་རྡོ་རྗེ་ཁྲོ་བོས་ཁུ་བ་དགུག་པ། རྡོ་རྗེ་མཁའ་འགྲོ་མས་ཁྲག་དགུག་པ། གཤིན་རྗེ་གཤེད་ཀྱིས་གསད་པ་དང༌། བསྐྲད་པ་དང་དབྱེ་བ། རྟ་མགྲིན་གྱིས་ཆང་དགུག་པ་དང་སྐྱུག་པ། མི་གཡོ་བས་རླུང་བཅིང་བ། སྟོབས་པོ་ཆེས་ཆར་དབབ་ཅིང་གསད་པ། རྣམ་པར་སྣང་མཛད་དང་མི་གཡོ་བས་བགེགས་བཟློག་པ། ནམ་མཁའ་ལྡིང་གིས་ཆར་དབབ་ཅིང་གཅད་པ། སྒྲོལ་མས་དབང་དུ་བྱ་བ། དཔལ་མཆོག་དང་པོས་ཐོག་བཟློག་པ། གཤིན་རྗེ་གཤེད་ཀྱི་འཁོར་ལོས་ལས་སྣ་ཚོགས་བསྒྲུབ་པ། ཀུ་རུ་ཀུལླེས་མྱོས་མ་དབང་དུ་བྱ་བ་དང༌། དུག་གཞིལ་བ། ཧེ་རུ་ཀ་གསུམ་གྱི་རྣལ་འབྱོར་གྱིས་ཉི་ཟླ་གཟུང་བ། གཞན་གྱི་སྡེ་འཇོམས་པ། ལྷ་དགས་པ། ཀྱེའི་རྡོ་རྗེའི་རྣལ་འབྱོར་གྱིས་ཆར་དབབ་ཅིང་གཅད་པའོ། །བརྟག་པ་བདུན་པའོ།། །།དོན་གསུམ་པ་གཉིས་ཀའི་མི་གསལ་བ་གསལ་བར་བྱེད་པ་ལ་དྲུག དེ་ཁོ་ན་ཉིད་བཞི་བསྟན་པ། དེ་བཞིན་གཤེགས་པའི་ཐུགས་བསྐུལ་བའི་ཕྱིར་སྔགས་ཀྱི་བཟླས་པ། འབྲས་བུ་ལ་མཚམས་སྦྱོར་བ་ཉེ་བའི་རྒྱུ། བར་ཆད་ཞི་བའི་ཐབས་གཏོར་མ། གཟུང་བའི་དམ་ཚིག་གཞན་བསྟན་པ། བཟའ་བའི་དམ་ཚིག་ཚོགས་ཀྱི་འཁོར་ལོའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། གཟུང་བའི་དམ་ཚིག་གི་དེ་ཉིད་དང༌། འཕོ་བའི་རྣལ་འབྱོར་ཡེ་ཤེས་ཀྱི་དེ་ཉིད་དང་བཅས་པའོ། །དང་པོ་ལ་གཉིས། རྡོ་རྗེ་དྲིལ་བུ་དང༌། བགྲང་ཕྲེང་ངོ༌། །དང་པོ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་ལྔ། དྲིལ་བུ་དཀྲོལ་བའི་བྱེད་པ། རྡོ་རྗེའི་མཚན་ཉིད་དེ་ཁོ་ན་དང་བཅས་པ། དྲིལ་བུའི་མཚན་ཉིད་དེ་ཁོ་ན་དང་བཅས་པ། རྡོ་རྗེ་དྲིལ་བུ་གཟུང་བའི་ཚུལ། དགོས་པ་དང་བཅས་པ། དེ་ཁོ་ན་ཉིད་མི་ཤེས་པའི་ཉེས་དམིགས་སོ། །བཞི་པ་ལ་གཉིས། རྒྱས་པར་བཤད་པ་དང༌། མདོར་བསྡུ་བའོ། །དང་པོ་ལ་བཞི། དྲིལ་བུ་དཀྲོལ་བའི་ཚུལ་ཕན་ཡོན་དང་བཅས་པ། ལག་པ་གཉིས་བྱིན་གྱིས་བརླབས་ཏེ་བླང་བ། རྡོ་རྗེ་གསོར་བའི་ཚུལ་ཕན་ཡོན་དང་བཅས་པ། དཀྲོལ་ཞིང་གསོར་བའི་སྔགས་སོ། །བརྒྱད་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་བགྲང་ཕྲེང་གི་དེ་ཁོ་ན་ཉིད་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་བཅུ་གསུམ། ལས་སོ་སོ་དང་འབྲེལ་བའི་ཕྲེང་བའི་རྒྱུ། གྲངས་ཀྱི་ཁྱད་པར། ཕྲེང་ཐག ཕྲེང་བའི་དེ་ཁོ་ན་ཉིད། བྱིན་གྱིས་བརླབ་པའི་ཚུལ། བགྲང་ཚུལ་ཕན་ཡོན་དང་བཅས་པ། དེ་ཁོ་ན་ཉིད་མི་ཤེས་པའི་སྐྱོན། ཤེས་པའི་ཕན་ཡོན་སྔགས་ཀྱིས་སྦྱངས་ཏེ་བསྒྲུབ་པ། བྱིན་གྱིས་རློབ་པ་ལྷའི་རྣལ་འབྱོར། བཟླས་པའི་མན་ངག ཐུན་མོང་གི་བགྲང་ཚུལ། བརྒྱུ་ཚུལ་ཕན་ཡོན་དང་བཅས་པའོ། །བརྒྱད་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།གཉིས་པ་འཕོ་བའི་རྣལ་འབྱོར་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་བཅས་པ་ལ་གསུམ། བཤད་པར་དམ་བཅའ་བ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གཉིས། འཕོ་བའི་རྣལ་འབྱོར་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དང་པོ་ལ་གསུམ། གང་དུ་འཕོ་བ། ལྷའི་རྣལ་འབྱོར། གྲོང་གཞན་དུ་འཇུག་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་ལྔ། རྣམ་ཤེས་འཕོ་བའི་སྒོ་གང་ཡིན་པ། འཕོ་བ་བསྒོམ་པའི་དུས། ཇི་ལྟར་བསྒོམ་པའི་རྣལ་འབྱོར། དེ་ལྟར་བསྒོམས་པའི་ཕན་ཡོན། དུས་མ་ཡིན་པར་མི་འཕོ་བའོ། །གསུམ་པ་ལ་གཉིས། སྔོན་དུ་གོམས་པར་བྱ་བ་དང༌། དངོས་གཞིའི་རྣལ་འབྱོར་རོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་བཞི། སྒོ་ཡི་གེས་དགག་པ། རླུང་དང་སྦྱར་ནས་བསྒོམ་པའི་ཚུལ། ཇི་སྙེད་བྱ་བའི་གྲངས། གང་ནས་འཕོ་བའི་སྒོའོ། །རྒྱས་བཤད་ལ་བཞི། སྒྲའི་ཡི་གེ་བཏུ་བ། བསྒོམ་པའི་ཚུལ། ཇི་སྙེད་བྱ་བའི་གྲངས། གང་ནས་འཕོ་བའི་སྒོའོ། །ལྷའི་རྣལ་འབྱོར་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་དྲུག སྔོན་འགྲོ་བསྒོམ་པ། སྙིང་གར་ས་བོན་བསྒོམ་པ། ལྷ་བསྐྱེད་པའི་རྣམ་པ། རླུང་གི་རྣལ་འབྱོར། སྒོ་ཡི་གེས་དགག་པ། སེམས་རྟེན་དང་བཅས་པ་བསྒོམ་པའོ། །གཉིས་པ་གྲོང་གཞན་ལ་འཇུག་པ་ལ་བཞི། གང་གིས་བསྒོམ་པའི་གང་ཟག ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམ་པའི་དགོས་པ། དགོས་པ་བསྒྲུབ་པའི་ཕན་ཡོན་ནོ། །གཉིས་པ་ལ་གཉིས། སེམས་རྟེན་དང་བཅས་པ་བསྒོམ་པའི་ཚུལ་དང༌། དབུགས་འབྱུང་འཇུག་ལ་བརྟེན་ནས་ལས་ལ་སྦྱར་བའོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །གཉིས་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་དྲུག ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དངོས། ཡེ་ཤེས་དང་མི་ལྡན་པ། དམན་པའི་ཡུལ་མ་ཡིན་པ། དམ་པའི་ཡུལ་ཡིན་པ། དེ་གང་ལས་རྟོགས་པར་བྱ་བ། འདི་སྙིང་པོའི་མཆོག་ཏུ་བསྟན་པའོ། །དང་པོ་ལ་ལྔ། ཡེ་ཤེས་ཀྱི་རང་བཞིན་ཉན་ཐོས་ལ་སོགས་པ་ལ་མ་བཤད་པ། སེམས་དཔེས་མཚོན་པ། མངོན་དུ་བྱེད་པའི་ཐབས། ཡེ་ཤེས་ཀྱི་ཁྱད་པར་རོ། །དེ་ལ་གཉིས། ཞུས་པ་དང༌། ལན་ནོ། །བརྒྱད་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།གཉིས་པ་དེ་བཞིན་གཤེགས་པའི་ཐུགས་བསྐུལ་བའི་ཕྱིར་སྔགས་ཀྱི་བཟླས་པ་ལ་གསུམ། མཉན་པར་གདམས་པ། དོན་དངོས། བརྟག་པའི་གྲངས་སོ། །གཉིས་པ་ལ་བཅོ་ལྔ། རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་ཀྱི་སྔགས། ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་གྱི་སྔགས། བདག་མེད་མ་ལྷ་མོ་བཅོ་ལྔའི་སྔགས། ཧེ་རུ་ཀ་འབྱུང་བ་ལྷ་བརྒྱད་ཀྱི་སྔགས། རྡོ་རྗེ་ཕག་མོའི་སྔགས། འོད་ཟེར་ཅན་གྱི་སྔགས། རི་ཁྲོད་ལོ་མ་ཅན་གྱི་སྔགས། དོན་ཐམས་ཅད་བསྒྲུབ་པའི་སྔགས། གཏོར་མའི་སྔགས། ས་བྱིན་གྱིས་བརླབ་པ་དང་སྦྱང་བའི་སྔགས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་མོ་བཅུ་གསུམ་གྱི་སྔགས། མཆོད་པའི་སྔགས། ཕྱག་རྒྱ་ཆེན་པོའི་སྔགས། དགུག་པའི་སྔགས། ཡན་ལག་དྲུག་ལ་དགོད་པའི་སྔགས་སོ། །བརྟག་པ་བརྒྱད་པའོ།། །།གསུམ་པ་འབྲས་བུ་ལ་མཚམས་སྦྱོར་བ་ཉེ་བའི་རྒྱུ་ལ་གསུམ། ཞུས་ནས་མཉན་པར་གདམས་པ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་བཞི། ཉེ་བའི་རྒྱུ་གང་དུ་མངོན་དུ་བྱེད་པའི་གནས། མངོན་དུ་བྱས་པའི་འབྲས་བུ། མངོན་དུ་བྱེད་པའི་རྒྱུ། མངོན་དུ་བྱེད་པའི་ཐབས་སོ། །གཉིས་པ་ལ་གསུམ། ཆོས་ཀྱི་སྐུ་དྲི་མ་མེད་པ། སྤྲུལ་པའི་སྐུ་སྣ་ཚོགས་པ། ལོངས་སྤྱོད་རྫོགས་པའི་སྐུ་ཟུང་འཇུག་གི་རང་བཞིན་དུ་བསྟན་པའོ། །མངོན་དུ་བྱེད་པའི་རྒྱུ་ལ་གསུམ། ཨཱ་ལི་ཐབས་ཀྱི་རང་བཞིན། ཀཱ་ལི་ཤེས་རབ་ཀྱི་རང་བཞིན། དེ་གཉིས་ཀའི་ཐུན་མོང་གི་མཚན་ཉིད་དོ། །དང་པོ་ལ་དྲུག ཐབས་ཀྱི་སྒོ་གང་ཡིན་པ། བརྟེན་པའི་ཡེ་ཤེས་གང་ཡིན་པ། རྟེན་ཐིག་ལེའི་ངོ་བོ་གང་ཡིན་པ། གང་དུ་དབབ་པའི་གནས་གང་ཡིན་པ། གང་གིས་འབེབས་པའི་ཐབས་གང་ཡིན་པ། གང་ནས་འབབ་པའི་རྣམ་པ་གང་ཡིན་པའོ། །ཀཱ་ལི་ཤེས་རབ་ཀྱི་རང་བཞིན་ལ་བཞི། ཤེས་རབ་ཀྱི་སྒོ་གང་ཡིན་པ། དེ་ཐམས་ཅད་ཀྱི་གཞི་ཡིན་པ། བརྟེན་པ་ཡེ་ཤེས་སྐྱེ་བའི་ཚུལ། ཁམས་གཉིས་འདྲེ་བར་བསྟན་པའོ། །གཉིས་ཀའི་ཐུན་མོང་གི་མཚན་ཉིད་ལ་བཞི། ཁམས་གཉིས་ལ་ཟག་བཅས་དང་ཟག་མེད་ཀྱི་ལུས་སྐྱེ་བར་བསྟན་པ། རྟེན་འབྱུང་བ་ལྔ་དང་ལྡན་པ། བརྟེན་པ་ཡེ་ཤེས་ལྔ་དང་ལྡན་པ། འབྱུང་བ་ལྔ་ལ་ཡི་གེ་གནས་པའི་ཚུལ་ལོ། །མངོན་དུ་བྱེད་པའི་ཐབས་ལ་གཉིས། ཧཱུྃ་གི་གླུས་མདོར་བསྟན་པ་དང༌། གླུའི་དོན་རྒྱས་པར་བཤད་པའོ། །དེ་ལ་བཞི། ཐབས་དངོས་མདོར་བསྟན་པ། ཐབས་ཀྱི་འབྲས་བུ་གྲུབ་ཚུལ་རྒྱས་པར་བཤད་པ། དེ་ལ་གུས་པ་ལ་སྦྱར་བས་མཇུག་བསྡུ་བ། དེ་གང་གིས་གསུངས་པའོ། །གཉིས་པ་ལ་གསུམ། རྟོག་པ་དང་བརྗོད་པས་མི་རྟོགས་པ། རྟོགས་པར་བྱེད་པའི་ཐབས་དངོས། ཐབས་ཀྱི་བསྐྱེད་པའི་འབྲས་བུའོ། །དེ་ལ་བཞི། ངོ་བོ་ཐར་པ་ཆེན་པོ། དེ་དམན་པའི་ཡུལ་མ་ཡིན་པ། ཁྱད་པར་སྐུ་གསུམ། མཛད་པའི་ཕྲིན་ལས་སོ། །གསུམ་པ་ལ་གསུམ། ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུའོ། །དགུ་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།བཞི་པ་བར་ཆད་ཞི་བའི་ཐབས། གཏོར་མ་ལ་གསུམ། མཉན་པར་གདམས་པ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གསུམ། སྔོན་འགྲོ་དཀྱིལ་འཁོར་དང་རྫས་དགོད་པའི་ཚུལ། དངོས་གཞི་ཆོ་གའི་རིམ་པ། མཇུག་རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བྲི་བའི་ཚུལ་དང༌། རྫས་དགོད་པའི་རིམ་པའོ། །དངོས་གཞི་ཆོ་གའི་རིམ་པ་ལ་དྲུག བདག་གི་རྣལ་འབྱོར་བསྒོམ་པ། མཆོད་པའི་ཆོ་ག མཆོད་རྫས་བྱིན་གྱིས་བརླབ་པ། དམ་ཚིག་སྦྱིན་པའི་ཚུལ། དེ་བླང་བའི་ཚུལ། ཚིམ་པ་དྲུག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའོ། །མཆོད་པའི་ཆོ་ག་ལ་གཉིས། དཀྱིལ་འཁོར་གྱི་དབུས་སུ་ཡེ་ཤེས་ཀྱི་ལྷ་མཆོད་པ་དང༌། ཕྱི་རོལ་དུ་འཇིག་རྟེན་པའི་ལྷ་མཆོད་པའོ། །དང་པོ་ལ་ལྔ། ལྷ་སྤྱན་དྲང་བ། ཕྱིའི་མཆོད་པ། ནང་གི་མཆོད་པ། རང་གིས་བདུད་རྩི་མྱང་བ། འབྱུང་པོ་གཞན་ལྷག་མས་ཚིམ་པར་བྱ་བའོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་དྲུག རྫས་ལྕགས་ཀྱུ་ལྔ། དེ་ལ་ཡེ་ཤེས་ལྔ་དགོད་པ། གང་གི་དོན་དུ་གང་མཆོད་པ། བསམ་པ་གང་གིས་མཆོད་པ། རྫས་ལ་ཡི་གེ་དགོད་པ། རྫས་སྦྱང་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །ཕྱི་རོལ་དུ་འཇིག་རྟེན་པ་མཆོད་པ་ལ་ལྔ། མགྲོན་དགུག་པའི་ཕྱག་རྒྱ། གཏོར་མ་གཏང་བའི་དུས། དགུག་པའི་ཚིགས་བཅད། དབུལ་བའི་སྔགས། མཆོད་པའི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པའོ། །གསུམ་པ་མཆོད་པའི་རྫས་བྱིན་གྱིས་བརླབ་པ་ལ་གཉིས། ཡི་གེས་བྱིན་གྱིས་བརླབ་པ་དང༌། ལྷས་བྱིན་གྱིས་བརླབ་པའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ། བཀྲ་ཤིས་ཀྱི་གླུ་བླང་བ། སྨོན་ལམ་གདབ་པ། ཡེ་ཤེས་ཀྱི་མགྲོན་གཤེགས་སུ་གསོལ་བ། དམ་ཚིག་པ་བདག་ལ་བསྡུ་བ། འཇིག་རྟེན་པའི་མགྲོན་གཤེགས་སུ་གསོལ་བའོ། །དགུ་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།ལྔ་པ་གཟུང་བའི་དམ་ཚིག་གཞན་བསྟན་པ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། བྲིས་སྐུ་ཇི་ལྟར་བྱ་བའི་ཚུལ་དང༌། གླེགས་བམ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་ལྔ། གང་གིས་བྲི་བའི་རི་མོ་མཁན། གང་ལ་བྲི་བའི་གཞི། གང་བྲི་བའི་ལྷ། ཇི་ལྟར་བྲི་བའི་ཚུལ། བསྟན་པ་དང་མི་བསྟན་པའི་བྱེ་བྲག་གོ །བཞི་པ་ལ་བཞི། གང་དུ་བྲི་བའི་གནས། གང་གིས་བྲི་བའི་ཚོན་དང་པིར། བརྟུལ་ཞུགས་ཀྱི་ཁྱད་པར། པིར་བྱིན་གྱིས་བརླབས་ནས་བྲིར་གཞུག་པའོ། །གསུམ་པ་ལ་བཞི། ལྷའི་རྣལ་འབྱོར། རྒྱན་དང་ཆ་ལུགས། གཙང་སྦྲའི་ཁྱད་པར། དེ་ལ་ཐེ་ཚོམ་བསལ་བའོ། །དེ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། གཙང་སྦྲའི་རབ་དབྱེ། རྟོག་པ་དང་བཅས་པའི་ཉེས་དམིགས་རྟོག་པ་མེད་པས་བསྟེན་པར་གདམས་པའོ། །གཉིས་པ་ལ་བཞི། རྟོག་པ་དང་ལྡན་པ་ལ་གཙང་སྦྲ་མི་ཕན་པ། ལོག་རྟོག་ཅན་གྱིས་སྤྱད་པའི་རྣམ་སྨིན། གནས་སྐབས་དུ་བ་པ་བསྐྱེད་པའི་དཔེ། འཚོ་བའི་ཐབས་ཙམ་དུ་ཟད་པའོ། །རྟོག་པ་མེད་པས་བསྟེན་པར་བསྟན་པ་ལ་གཉིས། ཆ་སྤྱད་བསྟེན་པར་བསྟན་པ་དང༌། ཕྱག་རྒྱ་བསྟེན་པར་བསྟན་པའོ། །གཉིས་པ་གླེགས་བམ་ཇི་ལྟར་བྱ་བ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གསུམ། ཇི་ལྟར་བྲི་བའི་ཚུལ། བསྟན་པ་དང་མི་བསྟན་པའི་བྱེ་བྲག ལམ་དུ་ཇི་ལྟར་གཟུང་བའོ། །དགུ་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།དྲུག་པ་བཟའ་བའི་དམ་ཚིག་ཚོགས་ཀྱི་འཁོར་ལོ་ལ་གཉིས། དོན་དངོས་དང༌། བརྟག་པའི་གྲངས་སོ། །དང་པོ་ལ་བཞི། མཆོད་པའི་ཡན་ལག་སིལ་སྙན་གྱི་བྱ་བ། དངོས་གཞི་ཚོགས་ཀྱི་འཁོར་ལོ་ཉིད་ཇི་ལྟར་བྱ་བ། དེའི་དུས་སུ་གླུ་གར་ཇི་ལྟར་བྱ་བ། ཚིམ་པ་དྲུག་ཀུན་དུ་རུའི་བྱ་བའོ། །དང་པོ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། ལྷ་སོ་སོའི་རོལ་མོའི་སྒྲ་དང༌། ཅང་ཏེའུ་བྱེ་བྲག་ཏུ་བསྟན་པའོ། །དེ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གསུམ། ཅང་ཏེའུའི་མཚན་ཉིད། ཇི་ལྟར་བརྡུང་བའི་ཚུལ། དེ་ལྟར་བརྡུངས་པའི་བྱེད་ལས་སོ། །དང་པོ་ལ་གསུམ། ཤིང་ལ་སོགས་པ་ལས་བྱ་བ། ཐོད་པ་ལས་བྱ་བ། ཐུན་མོང་གི་མཚན་ཉིད་དོ། །དང་པོ་ལ་གཉིས། རྒྱུའི་བྱེ་བྲག་དང་ཚད་དོ། །ཐུན་མོང་གི་མཚན་ཉིད་ལ་བཞི། གཡོགས་གང་ཡིན་པ། མཚན་མ་གང་བྲི་བ། སྐུད་པ་གང་ལས་བྱ་བ། ཚོན་གང་གིས་བྲི་བའོ། །གཉིས་པ་དངོས་གཞི་ཚོགས་ཀྱི་འཁོར་ལ་ཇི་ལྟར་བྱ་བ་ལ་བཞི། ནང་དུ་འཇུག་པར་གསོལ་བ་གདབ་པ། ཚོགས་ཀྱི་འཁོར་ལོའི་ཕན་ཡོན། གང་དུ་འདུ་བའི་གནས། གང་གིས་མཆོད་པའི་རྫས་སོ། །དེ་ལ་གསུམ། མཆོད་པའི་རྫས། ཆང་གི་རིགས་བརྡའི་མིང་གིས་མཚོན་པ་དང༌། བཟའ་བ་སྣ་ཚོགས་པའོ། །གསུམ་པ་དེའི་དུས་སུ་གླུ་གར་ཇི་ལྟར་བྱ་བ་ལ་གསུམ། གླུ་དང་གར་བྱ་བ་བསྟན་པ། སིལ་སྙན་དང་བཅས་པའི་གླུའི་དགོས་པ། གར་གྱི་དགོས་པ་རྣལ་འབྱོར་དང་བཅས་པའོ། །བཞི་པ་ཚིམ་པ་དྲུག་པ་ལ་གསུམ། གང་བསྟེན་པ་ཕྱག་རྒྱའི་རིགས། དེ་བསྟེན་པའི་ཕན་ཡོན། བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་རིམ་གྲོའོ། །བརྟག་པ་དགུ་པའོ།། །།དོན་གསུམ་པ་གྲུབ་པ་འབྲས་བུའི་རྒྱུད་ལ་གཉིས། སྒྲུབ་བྱེད་ཀྱི་སྒོ་ནས་འགྲུབ་པར་བསྟན་པ་དང༌། བསྒྲུབ་བྱའི་སྒོ་ནས་འགྲུབ་པར་བསྟན་པའོ། །དང་པོ་ལ་གསུམ། མཉན་པར་གདམས་པ་དང༌། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གསུམ། ཐབས་ཀྱི་བྱེད་པས་འགྲུབ་པར་བསྟན་པ། རྒྱུའི་ནུས་པས་འགྲུབ་པར་བསྟན་པ། ཉེ་བའི་རྒྱུས་དངོས་སུ་འགྲུབ་པར་བསྟན་པའོ། །དང་པོ་ལ་གཉིས། སྨིན་བྱེད་དབང་གིས་འགྲུབ་པ་དང༌། གྲོལ་བྱེད་ལམ་གྱིས་འགྲུབ་པའོ། །ཉེ་བའི་རྒྱུས་དངོས་སུ་འགྲུབ་པ་ལ་གཉིས། ཐབས་ཉེ་རྒྱུ་དངོས་དང༌། དེ་བསྟེན་པར་གདམས་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། རྣལ་འབྱོར་གང་དང་ལྡན་པས་ཕྱག་རྒྱ་གང་བསྟེན་པ། རིགས་ལྔ་ཡབ་ཡུམ་གྱི་རྣལ་འབྱོར་གྱི་བསྒྲུབ་པ། དེ་ལ་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྟན་པའོ། །དེ་བསྟེན་པར་གདམས་པ་ལ་བཞི། ཐབས་མཆོག་ཏུ་བསྟེན་པ། མ་བསྟེན་པའི་ཉེས་དམིགས། བསྟེན་པའི་ཕན་ཡོན། ཇི་སྲིད་བསྟེན་པའི་དུས་སོ། །བཅུ་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་བསྒྲུབ་བྱའི་སྒོ་ནས་འགྲུབ་པར་བསྟན་པ་ལ་གཉིས། འབྲས་བུ་འགྲུབ་པའི་ངོ་མཚར་གྱི་ལྟས་དང༌། འབྲས་བུ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱོར་བའི་ཚུལ་གྱིས་ལྟས་འབྱུང་བར་བསྟན་པ། དོན་དངོས། རབ་ཏུ་བྱེད་པའི་མིང་ངོ༌། །གཉིས་པ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། བདུད་སྤ་བཀོང་བའི་ལྟས། རང་གིས་ཐམས་ཅད་མཁྱེན་པ་བརྙེས་པའི་ལྟས། མཆོད་པའི་ཁྱད་པར་འབྱུང་བའི་ལྟས་སོ། །བཅུ་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།གཉིས་པ་འབྲས་བུ་ཉིད་རྒྱས་པར་བཤད་པ་ལ་གཉིས། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། གྲུབ་པའི་མཚན་ཉིད་ཉི་ཤུ་རྩ་བདུན་གྱིས་རང་དོན་གྱི་སྐུ་དང༌། མཛད་པའི་ཕྲིན་ལས་ཀྱིས་གཞན་དོན་གྱི་སྐུ་བསྟན་པའོ། །དེ་ལ་གསུམ། སེམས་ཅན་གྱི་དོན་མཛད་པ་མདོར་བསྟན་པ། མཛད་པའི་ཚུལ་རྒྱས་པར་བཤད་པ། མཛད་པའི་དགོས་པས་མཇུག་བསྡུ་བའོ། །བཅུ་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།དོན་བཞི་པ་ལམ་གྱི་ཡན་ལག་དམ་ཚིག་དང་སྡོམ་པ་ལ་གཉིས། དམ་ཚིག་གི་བྱེ་བྲག་ཕྱི་ནང་གི་སྦྱིན་སྲེག་ལ་ཐེ་ཚོམ་བསལ་བ་དང༌། དམ་ཚིག་གི་རྣམ་གྲངས་གཞན་བཤད་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། དེ་ལ་ལྔ། གཙང་སྦྲ་རྟོག་པ་ཡིན་པ། དགེ་སྡིག་ཀྱང་རྣམ་རྟོག་ཡིན། ཐབས་དོན་དམ་པར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་བཤད་པ། ལམ་གྱི་ངོ་བོ་རྟོག་མེད་དུ་བསྟན་པ། རྟོག་མི་རྟོག་གི་སྐྱོན་ཡོན་བསྟན་པའོ། །གསུམ་པ་ལ་གཉིས། རང་བཞིན་མེད་ཀྱང་ཐབས་མཁས་པའི་དགོས་པ། ཇི་སྲིད་དུ་ལམ་བསྟན་པའི་དུས་སོ། །དེ་ལ་གཉིས། དཔེས་བསྟན་པ་དང༌། དོན་ལ་སྦྱར་བའོ། །གཉིས་པ་དམ་ཚིག་གི་རྣམ་གྲངས་གཞན་བཤད་པ་ལ་ལྔ། ཕྱག་རྒྱ་བསྟེན་པའི་དམ་ཚིག སྐུ་གསུང་ཐུགས་ཀྱི་དམ་ཚིག སྐུའི་དམ་ཚིག་བྱེ་བྲག་ཏུ་བཤད་པ། བཟའ་བའི་དམ་ཚིག་དགོས་པ་དང་བཅས་པ། ཆགས་པའི་ལམ་གྱིས་མི་འཆིངས་ཤིང་གྲོལ་བའི་རྒྱུར་བསྟན་པའོ། །བརྟག་པ་བཅུ་པ་སྟེ་བརྟག་པ་དང་པོའི་བསྡུས་པའི་དོན་ཏོ།། །།དོན་གཉིས་པ་དེ་ཉིད་གསལ་བར་བྱེད་པའི་རྒྱུད་ཕྱི་མ་ལ་གཉིས། བརྗོད་བྱའི་གཙོ་བོ་གཉིས་པའི་གསུམ་པ་ལ་འབྱུང་བ། རྣལ་འབྱོར་མའི་གླེང་གཞིའི་སྒོ་ནས་ཐིག་ལེ་དང༌། རང་བྱུང་གི་དོན་བཤད་པ་དང༌། རྒྱུད་ཀྱི་དོན་གཞན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། རབ་བྱུང་གི་ཡེ་ཤེས་རྟེན་དང་བཅས་པ་དང༌། དེ་ཉིད་ཀྱི་གནས་ལུགས་དང་རྟོགས་ཚུལ་ལ་ཐེ་ཚོམ་བསལ་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །རྒྱས་པར་བཤད་པ་ལ་གཉིས། རང་བྱུང་ལ་སོགས་པའི་དོན་དང༌། གསང་བ་མཆོག་གི་ལ་སོགས་པའི་དོན་ནོ། །དེ་རེ་རེ་ལའང་གཉིས་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དེ་ཉིད་ཀྱི་གནས་ལུགས་ལ་ཐེ་ཚོམ་བསལ་བ་ལ་གཉིས། ཞུས་པ་དང༌། ལན་ནོ། །གཉིས་པ་རྒྱུད་ཀྱི་དོན་གཞན་གཏན་ལ་དབབ་པ་ལ་གཉིས། སྔར་གསུངས་པའི་བརྟག་པ་བཅུ་ཀའི་དཀའ་བའི་གནས་རྣམས་ཀྱི་ཞུ་བ་དགོད་པ་དང༌། དེ་དག་གི་ལན་གདབ་པའོ། །དེ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས། བསྒྲུབ་བྱའི་འབྲས་བུ་རྒྱས་པར་བཤད་ཅིང་ལམ་མདོར་བསྟན་པ་དང༌། སྒྲུབ་བྱེད་ཀྱི་ལམ་རྒྱས་པར་བཤད་ཅིང་འབྲས་བུ་མདོར་བསྡུ་བའོ། །དང་པོ་ལ་གསུམ། དང་པོའི་གསུམ་པ་ལས་འབྱུང་བ་རྣལ་འབྱོར་མའི་གླེང་གཞིའི་འབྲས་བུ་དང༌། ལམ་གྱི་ཡེ་ཤེས་བསྟན་པ། ཡེ་ཤེས་སྐྱེ་བའི་རྟེན་གསང་བའི་པདྨ་བསྟན་པ། རྟེན་ཁམས་ལ་སོགས་པའི་ངག་གི་བརྡས་བསྟན་པའོ། །དང་པོ་ལ་གཉིས། འབྲས་བུ་སྐུ་གསུམ་གྱི་རྣམ་པར་གཞག་པ་དང༌། ཞར་ལས་བྱུང་བ་ལམ་གྱི་རྣམ་གཞག་གོ །དང་པོ་ལ་གསུམ། གཙོ་བོར་གནས་ཀྱི་སྒོ་ནས་མདོར་བསྟན་པ་དང༌། ངོ་བོའི་ཆ་ནས་རྒྱས་པར་བཤད་པ། བསྟོད་པའི་སྒོ་ནས་མཇུག་བསྡུ་བའོ། །གཉིས་པ་ལ་གཉིས། ཐུན་མོང་མ་ཡིན་པའི་འབྲས་བུའི་རྣམ་གཞག་དང༌། ཐུན་མོང་གི་འབྲས་བུའི་རྣམ་གཞག་གོ །དང་པོ་ལ་གཉིས། ཐབས་ཀྱི་ཆ་ནས་སྨོས་པ་རྡོ་རྗེ་སེམས་དཔའི་རྣམ་གཞག་དང༌། ཤེས་རབ་ཀྱི་ཆ་ནས་སྨོས་པ་མཁའ་འགྲོ་མའི་རྣམ་གཞག་གོ །ཐུན་མོང་གི་འབྲས་བུའི་རྣམ་གཞག་ལ་གསུམ། ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྤྱོད་རྫོགས་པའི་སྐུ་ཟུང་དུ་འཇུག་པ། སྤྲུལ་པའི་སྐུ་སྒྱུ་མ་དང་སྒྲ་བརྙན་ལྟར་སྣ་ཚོགས་སུ་སྟོན་པའོ། །གཉིས་པ་ལ་གཉིས། ཐབས་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ་དང༌། ཤེས་རབ་གསལ་བའི་རང་བཞིན་མཐར་སོན་པའོ། །གཉིས་པ་ཞར་ལས་བྱུང་བ་ལམ་གྱི་རྣམ་གཞག་ལ་གསུམ། ཤེས་པར་བྱ་བ་སེམས་ཀྱི་རང་བཞིན། དེ་དམན་པས་མི་རྟོགས་པར་བསྟན་པ། དེ་གང་ལ་རྟོགས་པར་བྱ་བའི་ཡུལ་ལམ་གྱི་རང་བཞིན་དང་བཅས་པའོ། །གཉིས་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས། མི་ཤེས་པའི་རྒྱུ་མཚན། མ་ཤེས་པས་གྲུབ་མཐའ་དུ་མ་བྱུང་ཡང་མཐར་ཐུག་གཅིག་ཡིན་པའོ། །གཉིས་པ་ཡེ་ཤེས་སྐྱེ་བའི་རྟེན་བསྟན་པ་ལ་གསུམ། ལྔ་པའི་གཉིས་པ་ལས་འབྱུང་བ་གསང་བའི་པདྨ། དྲུག་པའི་དང་པོ་ལས་འབྱུང་བ་རྡོ་རྗེ་ལུས་ཀྱི་གནས་ལུགས། ནང་གི་དཀྱིལ་འཁོར་གྱི་རབ་དབྱེའོ། །དང་པོ་ལ་གསུམ། རྩ་དང་འཁོར་ལོའི་གནས་ལུགས། ལུས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པའི་ཉེས་དམིགས། ཡི་གེ་དང་རྩའི་གནས་ལུགས་སོ། །དང་པོ་ལ་གཉིས། གསང་བའི་རྩའི་དོན་དང༌། འཁོར་ལོ་བཞིའི་དོན་ནོ། །དང་པོ་ལ་ལྔ། གནས་ཀྱི་དོན། གསང་བའི་དོན། རྟེན་པའི་ཁྱད་པར། མིང་གི་རྣམ་གྲངས། དེར་སྐྱེས་པའི་ཡེ་ཤེས་སོ། །དེ་ལ་གཉིས། ཡེ་ཤེས་ཀྱི་རང་བཞིན་དང༌། ཞུས་ལན་གྱི་ཀུན་འགྲོའི་བདག་ཉིད་བསྟན་པའོ། །གཉིས་པ་འཁོར་ལོ་བཞིའི་དོན་ལ་གསུམ། གནས་བཞིར་འཁོར་ལོ་བཞི་བསྟན་པ། དེ་རྣམས་ཀྱི་ཁ་དོག བྱེ་བྲག་ཏུ་ལྟེ་བའི་ཨ་བཤད་པའོ། །གཉིས་པ་རྡོ་རྗེ་ལུས་ཀྱི་གནས་ལུགས་ལ་གསུམ། ཁམས་དྲུག་ཏུ་བསྡུ་བ། དེ་ལ་ཕུང་པོ་ལྔ་འགྲུབ་པའི་ཚུལ། དེ་ལས་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བའོ། །གཉིས་པ་སྒྲུབ་བྱེད་ལམ་རྒྱས་པར་བཤད་ཅིང་འབྲས་བུ་མདོར་བསྡུ་བ་ལ་གསུམ། གཙོ་བོར་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ། བཅུ་པའི་བཞི་པ་ལས་འབྱུང་བ་གཉིས་ཀ་ལ་དགོས་པ་མཆོད་རྫས་ལ་ཐེ་ཚོམ་བསལ་བ་དམ་ཚིག་དང་བཅས་པ། གཙོ་བོར་མཆོག་གི་དངོས་གྲུབ་བསྒྲུབ་པའོ།། །།དང་པོ་ལ་བདུན། བདུན་པའི་དང་པོ་ནས་བཤད་པ་རྫས་སྦྱོར་གྱི་བསྒྲུབ་པ། དགུ་པའི་བཞི་པ་ལས་འབྱུང་བ་མཚོན་ཆ་དགོད་པ། བདུན་པའི་གཉིས་པ་ལས་འབྱུང་བ་སྟང་སྟབས་ཀྱི་དགོད་པ། དགུ་པའི་བཞི་པ་ལས་འབྱུང་བ་མདའ་གཞུའི་འཁྲུལ་འཁོར་གྱི་བྱེ་བྲག་ཏུ་བཤད་པ། བདུན་པའི་གསུམ་པ་ལས་འབྱུང་བ་བསམ་གཏན་གྱི་ལས་ཚོགས། བདུན་པའི་གནས་སྐབས་མང་པོ་ལས་འབྱུང་བ་ལས་ཀྱི་ཚོགས་རབ་འབྱམ། བདུན་པའི་གཉིས་པ་ལས་འབྱུང་བ་སྦྱིན་སྲེག་གི་དོན་བཤད་པའོ། །གསུམ་པ་གཙོ་བོར་མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་གསུམ། ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་ལམ་གྱི་རྣམ་གཞག ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བའི་ལམ་གྱི་རྣམ་གཞག བཅུ་པའི་བཞི་པ་ལས་འབྱུང་བ་འདོད་ཆགས་ལམ་དུ་བྱེད་པའི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས། སྒྲུབ་བྱེད་ཀྱི་ལམ་བཤད་པ་དང༌། གྲུབ་པའི་འབྲས་བུ་བཤད་པའོ། །དང་པོ་ལ་ལྔ། ཕྱིའི་དཀྱིལ་འཁོར་རྣམས་ཀྱི་རྣམ་པ་དབང་བསྐུར་བའི་ཚུལ་དང་བཅས་པ། ལྷའི་ཉམས་སྣ་ཚོགས་པའི་རྒྱུ་མཚན་བཤད་པ། དགུ་པའི་གསུམ་པ་ལས་འབྱུང་བ། གཟུང་བའི་དམ་ཚིག་བྲིས་སྐུ་བཤད་པ། གཉིས་པའི་གསུམ་པ་ལས་འབྱུང་བ་དཀྱིལ་འཁོར་གྱི་དབྱིབས་དང་དབང་བསྐུར་བ་ཐོད་པའི་གདན་དང་བཅས་པ། གསུམ་པའི་བཞི་པ་ལས་འབྱུང་བ་ལྷ་སྐྱེད་པའི་ཆོ་གའོ། །དང་པོ་ལ་བཞི། གཉིས་པའི་གསུམ་པ་ལས་འབྱུང་བ་ཕྱིའི་དཀྱིལ་འཁོར་སྤྱིའི་རྣམ་པ། བདུན་པའི་གསུམ་པ་ལས་འབྱུང་བ་ཕྱིའི་དཀྱིལ་འཁོར། གཉིས་པའི་གསུམ་པ་དང༌། གསུམ་པའི་བཞི་པ་དང༌། གཉིས་པའི་དང་པོ་ལས་འབྱུང་བ་རྡོ་རྗེ་དབྱིངས་ཀྱི་མཚན་ཉིད་དབང་བསྐུར་བའི་ཚུལ་དང་བཅས་པ། གཉིས་པའི་གསུམ་པ་དང་གསུམ་པའི་དང་པོ་དང༌། གསུམ་པའི་བཞི་པ་ལས་འབྱུང་བ་ཧེ་རུ་ཀ་བཞི་དྲག་པོ་གདན་ཅན་དང་བཅས་པའི་ལྷའི་རྣམ་པ་བཤད་པའོ། །གཉིས་པ་ལྷའི་ཉམས་སྣ་ཚོགས་པའི་རྒྱུ་མཚན་བཤད་པ་ལ་གསུམ། བདུན་པའི་བཞི་པ་ལས་འབྱུང་བ་ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར། བརྟག་པ་གསུམ་པ་ལ་སོགས་པར་ལྷ་ཆགས་པའི་ཉམས་ཅན་བཤད་པ་དང༌། དང་པོའི་དང་པོར་འདོད་པ་ཞུ་བའི་དོན་བཤད་པ། དགུ་པའི་དང་པོ་ལས་འབྱུང་བ་གདུལ་བྱ་སྣ་ཚོགས་ཀྱི་དོན་དུ་སྣ་ཚོགས་བསྟན་པའོ། །གཉིས་པ་གྲུབ་པའི་འབྲས་བུ་བཤད་པ་ལ་གཉིས། དགུ་པའི་དང་པོ་ལས་འབྱུང་བ་སྤྲུལ་པའི་སྐུའི་མཛད་པ་དང༌། བཅུ་པའི་དང་པོ་ལས་འབྱུང་བ་པདྨ་གར་དབང་ལ་སོགས་པ་བཤད་པའོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་གི་ལམ་གྱི་རྣམ་གཞག་ལ་གཉིས། དང་པོའི་གཉིས་པ་ལས་འབྱུང་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བཤད་པ་དང༌། དང་པོའི་དང་པོ་ལས་འབྱུང་བ་སྟོང་པ་ཉིད་བཅོ་བརྒྱད་ཀྱི་དོན་བཤད་པའོ། །བརྟག་པ་ཕྱི་མའི་བསྡུས་པའི་དོན་ཏོ།། །།རྒྱུད་འདིའི་དེ་ཉིད་སྤྱོད་ཡུལ་དུ་མཛད་བླ་མ་རྣམས་ཀྱི་བསྡུས་དོན་དང༌། །རྣམ་པར་བཤད་པའང་གསལ་བར་མཛད་ཕྱིར་བདག་གིས་བགྱི་བར་མི་འོས་པ། །ཉེ་བར་བསྡེབས་དང་སྡེབ་ལ་ནོངས་གང་བརྩེ་ཆེན་རྣམས་ཀྱིས་བཟོད་པར་དགོངས། །དགེ་བ་གང་དེས་བདག་དང་འགྲོ་ཀུན་ཧེ་རུ་ཀ་དཔལ་ཉིད་འགྱུར་ཅིག །བདག་གི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞལ་སྔ་ནས། ཁྱོད་ཀྱིས་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་བསྡུས་པའི་དོན་རབ་ཏུ་གསལ་བར་སྦྱོར་ཅིག་ཅེས་རྗེས་སུ་གནང་ཞིང་བསྐུལ་དུ་ཟིན་ཡང༌། ལེ་ལོའི་དབང་གིས་ཡུན་རིང་དུ་མ་གྲུབ་པ་ལས། དུས་ཕྱིས་ཆུ་ཕོ་སྤྲེའུའི་ལོ། དགུན་ཟླ་ཐ་ཆུངས་དང༌། དཔྱིད་རྭ་བ་དང༌། དཔྱིད་འབྲིང་པོ་ལ། གཡར་མོ་ཐང་ཁྲོམ། ཁམས་ཀྱི་སའི་བྱེ་བྲག་ཤིང་ཀུན་མཁར་དུ་རྒྱུད་འདི། དགེ་སློང་སྔགས་འཆང་བ། འཕགས་པས་ཡོངས་སུ་རྫོགས་པར་བཤད་པའི་ཚེ། བསྡུས་པའི་དོན་འདིའང༌། དད་པས་སྦྱར་བའི་ཡི་གེ་ཨ་ཙ་རས་བགྱིས་སོ།། །།རྟོགས་པར་བྱ་ཕྱིར་རྣམ་བཤད་བསྡུས་དོན་རྩོམ། །རྟོགས་ཀྱིས་དོགས་བཞིན་བརླིང་ཞིང་ཉུང་བར་སྦྱོར། །དེ་འདྲ་མཚར་དུ་མཐོང་ནས་ཁོ་བོ་ཡིས། །ཤིན་ཏུ་རྟོགས་སླའི་ངག་གིས་འདི་སྦྱར་རོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply