མངོན་རྟོགས་ཡན་ལག་དྲུག་ཆུང༌།

༼པ༽

༄༅། །མངོན་རྟོགས་ཡན་ལག་དྲུག་ཆུང་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྙེན་སྒྲུབ་ཡན་ལག་བཞི་པ་དང༌། ཡན་ལག་དྲུག་པའི་མངོན་པར་རྟོགས་པ་མི་འདྲ་བའི་ཁྱད་པར་ནི། འབྱུང་བ་བཞི་ལུགས་འབྱུང་གི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་དང་བཅས་པ་ལ། རང་གི་སེམས་ཨོཾ་ཨཱཿཧཱུྃ་ཧོ་གཉིས་ཀྱིས་མཐའ་བརྟེན་པར་གྱུར་པ་འདྲེས་པ་ལས། གཞལ་ཡས་ཁང་པ་བསྐྱེད་དོ། །གཞལ་ཡས་ཁང་པ་སྐུ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་མོས་པས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནཱི་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བྱིན་གྱིས་བརླབ་བོ། །དེ་ནས་གདན་དབུས་མའི་སྟེང་དུ་ཨཱ་ལི་གཉིས་ལས་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་པ། དེའི་སྟེང་དུ་ཀཱ་ལི་ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པ་གཉིས་ལས་ཀྱང་ཟླ་བའི་དཀྱིལ་འཁར་གྲུ་གསུམ་པ། དེ་གཉིས་ཀྱི་བར་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས། སླར་འདུས་ནས་གསུམ་ཀ་འདྲེས་པ་ལས་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་ཞལ་གཡས་སྔོ་བར་བསྐྱེད་དོ། །སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས། སྙིང་གར་ཞུ་བ། རྡོ་རྗེའི་ལམ་ནས་བྷ་གར་འཕྲོས་པ་ཐིག་ལེ་བརྒྱད་དུ་གྱུར་ཅིང༌། དེའང་ལྷ་མོ་བརྒྱད་དུ་གྱུར་ནས་རིམ་པ་བཞིན་དུ་སྤྲོས་ལ། གསལ་གདབ་པར་བྱའོ། །རྒྱུ་རྡོ་རྗེ་འཛིན་པ་བདེ་བ་ཆེན་པོ་འོད་དུ་ཞུ་ནས་ཐིག་ལེར་གནས་པ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་མོས་པས། ཨོཾ་སརྦ་ཏ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བྱིན་གྱིས་བརླབ། དབང་བསྐུར་ནས་དབུ་རྒྱན་ལ་རིགས་ཀྱི་བདག་པོས་རྒྱས་བཏབ་ནས། དབང་བསྐུར་བའི་ཆུ་མི་བསྐྱོད་པའི་རང་བཞིན་དུ་མོས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས་བྱིན་གྱིས་བརླབ་བོ། །དེ་ནས་བདུད་རྩིའམ་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་པ་ལྕེ་ལ་མྱངས་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་བདུད་རྩིས་གང་ཞིང་མཉེས་པར་བསྒོམས་ལ། བདུད་རྩི་གསུམ་གྱི་གནས་ལྕེ་དང༌། དཔྲལ་བ་མགྲིན་པར་ཉམས་སུ་མྱངས་པ་འོད་དཔག་ཏུ་མེད་པའི་རང་བཞིན་དུ་མོས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བརྒྱད་སྤྲོས་པ་དཔག་ཏུ་མེད་པར་གྱུར་ནས་རང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པར་བསམ་ཞིང༌། དཀར་མོས་རི་དྭགས་མཚན་མ་འཛིན། ལ་སོགས་པ་བརྗོད་ནས། མཆོད་པ་ཕྲིན་ལས་དོན་ཡོད་གྲུབ་པའི་རང་བཞིན་དུ་མོས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བྱིན་གྱིས་བརླབ་བོ། །དེ་ནས་མཆོད་པའི་ལྷ་མོ་དེ་དག་ཉིད་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པར་བསམ་ཞིང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་ལ་སོགས་པ་བརྗོད་ནས་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་མོས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བྱིན་གྱིས་བརླབ་བོ། །དེ་ནས་ལྷ་མོ་དེ་རྣམས་རང་གི་ཐུགས་ཀར་བསྟིམ་ནས། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་མཉམ་པར་གཞག་གོ །ཁམས་དྲུག་ཡུལ་དྲུག་དབང་པོ་དྲུག །རྣམ་ཤེས་དྲུག་དང་ཉོན་མོངས་དྲུག །ཁ་དོག་དྲུག་དང་རིགས་དྲུག་དང༌། །ཕུང་པོ་དབྱིངས་དང་བཅས་པ་དྲུག །སྦྱངས་ནས་རྒྱལ་བ་རིགས་དྲུག་པོ། །ཐོབ་ཕྱེད་ཡན་ལག་དྲུག་པ་ཡི། །མངོན་པར་རྟོགས་པའི་ཚུལ་འདི་ནི། །རྒྱས་བས་རྡོ་རྗེ་གུར་ལས་གསུངས། །དེ་ཡི་ལག་ཏུ་བླང་བའི་ཚུལ། །རྒྱས་པར་དམ་པས་མཛད་ཟིན་མོད། །བློ་གསལ་བ་ལ་ཚིག་ཉུང་བས། །ཆོག་ཕྱིར་བདག་གིས་འདི་བསྡེབས་སོ། །རྒྱལ་བུ་ཁྱོད་མཚན་ལྕགས་ཞེས་བགྱི། །དོན་ཡང་ལྕགས་ཀྱི་ཁམས་ཇི་བཞིན། །རིན་པོ་ཆེ་དང་ཉེར་མཁོ་དང༌། །ལས་སུ་རུང་བར་གྲུབ་པ་ལགས། །དེ་ལ་འདི་ལ་སོགས་པ་ཡི། །དྲི་མེད་ཆོས་ཀྱི་གསེར་འགྱུར་རྩིས། །རེག་པས་རྒྱལ་བའི་གསེར་བཟངས་སུ། །འགྱུར་བ་ཤིན་ཏུ་ངོ་མཚར་ལགས། །འགའ་ཡིས་ཚིག་སྦྱོར་ཤེས་ལགས་ཀྱང༌། །དོན་གྱི་ཆ་ལ་རྣམ་པར་རྨོངས། །དོན་ཤེས་ལ་ལ་སྡེབ་སྦྱོར་ལ། །ཀུན་ཏུ་རྨོངས་པར་གྱུར་པའང་གདའ། །གཉིས་ཀའི་ཆ་ལ་མ་རྨོངས་པ། །གཉིས་ཀྱིས་མོས་པ་གསུམ་པོས་ཡིད། །ཡིད་བཞིན་དུ་ནི་ཚིམ་བགྱིད་པ། །ངོ་མཚར་ལགས་པས་མཁྱེན་པར་མཛོད། །ཡན་ལག་དྲུག་པའི་མངོན་པར་རྟོགས་པ་རྒྱུ་མཚན་དང་བཅས་པ་གསལ་བར་བརྗོད་པ་འདི་ནི། མཐོང་ན་མི་མཐུན་པ་མེད་ཅིང༌། ཡིད་དགའ་བའི་དཔལ་དུ་གྱུར་པ། རྒྱལ་བུ་ཇི་བིག་དེ་མུར་གྱི་དོན་དུ་དགེ་སློང་སྔགས་འཆང་བ། འཕགས་པ་ཞེས་བྱ་བས། ས་ཕོ་འབྲུག་གི་ལོ། སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་ལ། བྷ་ཕང་གི་གཙུག་ལག་ཁང་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*