ལམ་དུས་ཀྱི་དབང་རྒྱས་པ་བླང་བའི་ལག་ལེན།

༼པ༽

༄༅། །ལམ་དུས་ཀྱི་དབང་རྒྱས་པ་བླང་བའི་ལག་ལེན་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ལམ་དུས་ཀྱི་དབང་རྒྱས་པ་ལེན་པར་འདོད་པས། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་བར། མངོན་པར་རྟོགས་པ་རྒྱས་པ་བཞིན་བསྒོམ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་པས། ལུས་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྫོགས་པར་གསལ་གདབ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། འོག་མིན་གྱི་གནས་ནས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་དང་བཅས་ཤིང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བ་སྤྱན་དྲངས་ལ། དཀར་མོ་རི་དྭགས་ལ་སོགས་པས་མཆོད། ཞེ་སྡང་རྡོ་རྗེ་ལ་སོགས་པས་བསྟོད། མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་ཞེས་པ་ལ་སོགས་པ་ལན་གསུམ་གྱིས་གསོལ་བ་གདབ་པ་ནས། རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་བདག་འཇུག་ལྟར་བྱ། འོན་ཀྱང་རིག་པའི་དབང་ལྔའི་སངས་རྒྱས་རྣམས་ཕྱག་གཉིས་པར་བསྒོམ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ནི། ལམ་གྱི་ཆོས་མཚོན་པར་བྱེད་པ་ཡིན་ལ། ལྷ་རྣམས་ནི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་དང༌། ཡོན་ཏན་མཚོན་པར་བྱེད་ཅིང༌། དེ་ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་གྱི་སྐུ་དང་གསུང་དང་ཐུགས་ལ་ཚང་ངོ་ཞེས་པ་ཙམ་གྱིས་དེ་ཁོ་ན་ཉིད་དྲན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོའི་ཞལ་ནས། ཁྱོད་ཀྱིས་ཕྱི་དང་ནང་དང་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཕྱི་དང༌། ནང་གི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་གྱིས་ཞེས་མཆོད་པའི་རྗེས་གནང་དང༌། གང་ཟང་སོ་སོའི་ཁམས་དང་བག་ལ་ཉལ་དང་རྗེས་སུ་མཐུན་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག ཅེས་སེམས་ཅན་གྱི་དོན་གྱི་རྗེས་གནང་དང༌། སེམས་ཅན་རྣམས་ལ་དབང་པོ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཤིག་ཅེས་ཆོས་བཤད་པའི་རྗེས་གནང་སྦྱིན་པར་བསམ། ཡང་མཎྜལ་ཕུལ་ནས། ཁྱོད་ནི་རྣལ་འབྱོར་མ་ཚོགས་ལ་སོགས་པས་གསོལ་བ་གདབ། གསང་བའི་དབང་དངོས་དང༌། ལུང་བསྟན་བདག་འཇུག་བཞིན་བྱ། ཡང་མཎྜལ་ཕུལ་ལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །ལ་སོགས་པས་གསོལ་བ་གདབ་པ་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་བདག་འཇུག་བཞིན་བླང༌། དེ་ནས་གཙོ་བོའི་ཞལ་ནས། ཁྱོད་ཀྱིས་རང་གི་དམ་ཚིག་དང་སྡོམ་པ་ཐམས་ཅད་ལ་ནན་ཏན་དུ་གྱིས་ཞེས་པས་ལམ་དུས་ཀྱི་དབུགས་དབྱུང་བ་དང༌། སེམས་ཅན་རྣམས་སྡུག་བསྔལ་ལས་དབུགས་དབྱུང་ཞེས་འབྲས་བུའི་དབུགས་དབྱུང་གནང་བར་བསམ། ཡང་མཎྜལ་ཕུལ་ལ། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །ལ་སོགས་པས་གསོལ་བ་གདབ་པ་ནས། དབང་བཞི་པའི་དངོས་གཞི་དང༌། གཟེངས་བསྟོད་པའི་བར་བདག་འཇུག་བཞིན་བྱ། དེ་ནས་ཡོན་དུ་དམིགས་ལ། ལུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་དབུལ་བ་ལ་སོགས་པ་རྗེས་ཀྱི་ཆོ་ག་རྣམས་བདག་འཇུག་ལྟར་བྱས་ནས། དབང་བཞི་ཡོངས་སུ་རྫོགས་པའི་བརྡར། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ་ལ་སོགས་པ་རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །དབང་བསྐུར་བའི་རིམ་པ་དེ་དག་དམིགས་པ་རྒྱ་ཆེ་བས་ནི་ཕྱི་ནང་གི་ལྷ་ཐམས་ཅད་ཀྱིས་ལེན་པར་བསྒོམས་ལ། འབྲིང་གིས་ཕྱིའི་ལྷ་དགུ་དང༌། ནང་གི་གཙོ་བོ་ལྔས་ལེན་ཞིང༌། ཆུང་བས་ནི་ཕྱིའི་གཙོ་བོ་འབའ་ཞིག་གིས་བླངས་པའི་ཞར་ལ་གཞན་རྣམས་ཀྱིས་ཀྱང་ཐོབ་པར་བསྒོམ་མོ། །མཎྜལ་དང༌། དབང་རྫས་ཡོད་ནའང་ལེགས། མེད་ཀྱང་བཏུབ་བོ། །ཕྱག་ལེན་ལ་ནི་ཏིང་ངེ་འཛིན་གྱིས་མཛད་དོ། །ཕྱིའི་དམ་ཚིག་སེམས་དཔའ་དཔའ་བོ་གཅིག་པ་ཙམ་བསྒོམ་སྟེ། ཡེ་ཤེས་པའི་རྐྱེན་གྱིས་ལུས་ཀྱི་དཀྱིལ་འཁོར་རྫོགས་པར་གསལ་བཏབ་ནས། ལམ་དུས་ཀྱི་དབང་རྒྱས་འབྲིང་གང་ཡང་རུང་བ་རྣམས་བླངས་ཀྱང་འགལ་བ་མེད་དོ་ཞེས་བླ་མ་དམ་པ་རྣམས་གསུང་ངོ༌། །དེ་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱས་ན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་རོ། །ལམ་དུས་ཀྱི་དབང་རྒྱས་པ་ལེན་པའི་ལག་ལེན། དཔོན་མོ་གོ་གོ་ཅན་གྱིས་བསྐུལ་ནས་འཕགས་པས་ཤིང་ཕོ་ཁྱིའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་བདུན་ལ་སྦྱར་ཏེ་བསྐུར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*