ཀྱཻ་རྡོ་རྗེ་ལུས་དཀྱིལ་གྱི་སྒྲུབ་ཐབས།

༼པ༽

༄༅། །ཀྱེ་རྡོ་རྗེ་ལུས་དཀྱིལ་གྱི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བའི་ལུས་སེམས་གདོད་མ་ནས། །དཀྱིལ་འཁོར་གཉིས་སུ་ལྷུན་གྲུབ་པར། །བཏུད་ནས་དེ་མངོན་བྱ་བའི་ཕྱིར། །ལུས་ཀྱི་དཀྱིལ་འཁོར་བསྒོམ་པར་བཤད། །དཔལ་ཀྱེའི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་བསྒོམ་པར་འདོད་པས། རང་དམ་ཚིག་སེམས་དཔར་བསྒོམས་པ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམ་པའི་མཐུས། རང་གི་ལུས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ཅིག་ཅར་དུ་གྱུར་པར་དམིགས་ནས། རིམ་གྱིས་གསལ་གདབ་པར་བྱ་སྟེ། སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་ལོགས་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར་དང་བླ་རེ། བ་སྤུ་མདའི་དྲྭ་བ། སྐྲ་སེན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་སྟེ་སྲུང་བའི་འཁོར་ལོའོ། །རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་པ་གྲུ་བཞི་པ། སྙིང་ག་ཆོས་ཀྱི་འཁོར་ལོ་ནས་འབྱུང་བ་བཞིའི་རླུང་རྒྱུ་བས་སྒོ་བཞི། མིག་པཉྩ་རེ་ཁའི་རྩིག་པ། སྣ་རིན་ཆེན་ཕ་གུ། སོ་དྲྭ་བ་དྲྭ་ཕྱེད། ལྕེ་དང་མཆུ་འདོད་ཡོན་གྱི་སྣམ་བུ། རྣ་བ་རྟ་བབས། རྐང་བརྒྱད་ཀ་བ་བརྒྱད་དེ། གཞལ་ཡས་ཁང་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བའི་ཧཱུྃ་ལས་རྣམ་པར་ཤེས་པའི་ཕུང་པོ་དག་པ་མི་བསྐྱོད་པར་གྱུར་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་ཡུམ་ཆུ་དག་པ་མཱ་མ་ཀཱི་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་འདྲ་བའི་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཨཱྃ་ལས་ཚོར་བ་དག་པ་རིན་ཆེན་འབྱུང་ལྡན་དུ་གྱུར་པ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་ཡུམ་ས་དག་པ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་དྲྭ་བའི་ལྷ་མོ་དྲུག་ཅུ་རྩ་བཞིས་བསྐོར་བ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའོ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར། ཧྃ་ལས་གཟུགས་དག་པ་རྣམ་པར་སྣང་མཛད་གྱུར་པ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་ཕྱག་གིས་ཡུམ་ནམ་མཁའ་དག་པ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་འདྲ་བའི་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པའི་ལྟེ་བར། ཨོཾ་ལས་འདུ་ཤེས་དག་པ་འོད་དཔག་མེད་དུ་གྱུར་པ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་ཕྱག་གིས་ཡུམ་མེ་དག་པ་གོས་དཀར་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་འདྲ་བའི་ལྷ་མོ་བཅུ་དྲུག་གིས་བསྐོར་བ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོའོ། །གསང་གནས་བདེ་ཆེན་གྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཧཱ་ལས་འདུ་བྱེད་དག་པ་དོན་ཡོད་གྲུབ་པར་གྱུར་པ། སྐུ་མདོག་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པའི་ཕྱག་གིས་ཡུམ་རླུང་དག་པ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཡུམ་དང་འདྲ་བའི་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོའོ། །གཙོ་བོ་ལྔ་པོ་ནི་དབུའི་གཙུག་ཏོར་བལྟར་མི་མཐོང་བ་ལ་སོགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ། །དེ་དག་ནི་ཕོ་བྲང་ལྔས་བསྡུས་པའི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་གྱི་རྩ་བའི་དཀྱིལ་འཁོར་རོ། །གཞན་ཡང་མིག་གཏི་མུག་རྡོ་རྗེ་ནས་ཡིད་བདག་མེད་མའི་བར་ནང་གི་སྐྱེ་མཆེད་དག་པ་དང༌། ལུས་ངག་ཡིད་གསུམ་ལ་རྡོ་རྗེ་མ་གསུམ་དང༌། མིག་ལ་སོགས་པའི་ཕྱིའི་ཆ་ལ་བརྟེན་པའི་མིག་ཏུ་གཟུགས། གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ། རྣ་བར་སྒྲ། སྒྲའི་རྡོ་རྗེ་མ་སྔོན་མོ་པི་ཝང་འཛིན་པ། སྣར་དྲི། དྲིའི་རྡོ་རྗེ་མ་སེར་མོ་དྲིའི་དུང་ཆོས་འཛིན་པ། ལྕེར་རོ། །རོའི་རྡོ་རྗེ་མ་དམར་མོ་ཞལ་ཟས་ཀྱིས་གང་བའི་སྣོད་འཛིན་པ། དཔྲལ་བར་རེག རེག་བྱ་རྡོ་རྗེ་མ་ལྗང་གུ་ན་བཟའ་འཛིན་པ། སྙིང་གར་ཆོས་ཀྱི་ཁམས། ཆོས་ཀྱི་དབྱིངས་ཕྱུག་མ་སྔོན་མོ་ཆོས་ཀྱི་འབྱུང་གནས་འཛིན་པ་བསྒོམ་མོ། །གཞན་ཡང་ལག་པ་གཡས་པ་གཤིན་རྗེ་གཤེད། གཡོན་པ་ཤེས་རབ་མཐར་བྱེད། ཁ་པདྨ་མཐར་བྱེད། གསང་གནས་བགེགས་མཐར་བྱེད། དཔུང་པ་གཡས་པ་མི་གཡོ་བ། གཡོན་པ་འདོད་པའི་རྒྱལ་པོ། རྗེ་ངར་གཡས་པ་དབྱུག་སྔོན་ཅན། གཡོན་པ་སྟོབས་པོ་ཆེ། སྤྱི་གཙུག་འཁོར་ལོས་སྒྱུར་བ། རྐང་མཐིལ་གནོད་མཛེས་རྒྱལ་པོའོ། །ལྷའི་སྐུ་དེ་དག་ཐམས་ཅད་ཀྱང་སྐུ་དབྱིབས། རྣམ་པ་བདེ་བ། རང་བཞིན་གསལ་སྟོང༌། ངོ་བོ་ཟུང་འཇུག་ཏུ་བསྒོམ་པར་བྱའོ། །གཞན་ཡང་ལུས་རྩ་སྤྲུལ་པའི་སྐུ། རྩ་ཡི་གེ་ལོངས་སྤྱོད་རྫོགས་པའི་སྐུ། ཁམས་བདུད་རྩི་ཆོས་ཀྱི་སྐུ། སྙིང་པོ་ཡེ་ཤེས་རླུང་ངོ་བོ་ཉིད་ཀྱི་སྐུར་བསྒོམས་ཏེ། ཅུང་ཟད་མཉམ་པར་གཞག་གོ །དེ་ནས་དབང་གི་ལྷ་སྤྱན་དྲངས་ནས་དབང་བསྐུར་བའི་ཚེ། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལའང༌། ཕྱིའི་དཀྱིལ་འཁོར་དང་ཐབས་ཅིག་ཏུ་དབང་བསྐུར་བར་བསྒོམ་ཞིང༌། རིགས་ཀྱི་བདག་པོ་གཙོ་བོ་ལྔ་པོ་ལ་རྡོ་རྗེ་སེམས་དཔའ་དང༌། ཕོ་བྲང་ལྔའི་འཁོར་རྣམས་ལ་རང་རང་གི་གཙོ་བོ་དང་སྐྱེ་མཆེད་རྣམས་ལ་རང་རང་གི་ཁ་དོག་དང་མཐུན་པའི་རིགས་བདག་དང༌། ཁྲོ་བོ་བཅུ་ལ་སྲུང་འཁོར་གྱི་སྐབས་ནས་འབྱུང་བ་བཞིན་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམ་མོ། །འདི་ནི་ཕྱིའི་མངོན་པར་རྟོགས་པ་རྒྱས་པ་དང་འབྲེལ་བའི་དབང་དུ་བྱས་པ་ཡིན་ལ། བདག་བསྐྱེད་དཔའ་བོ་གཅིག་པ་ཙམ་ཞིག་བསྒོམས་ནས་ལུས་ཀྱི་དཀྱིལ་འཁོར་རྒྱས་པ་བསྒོམས་ཀྱང་འགལ་བ་མེད་དོ། །ཞེས་གསུང་ངོ༌། །དེ་ནས་ཕྱི་ནང་གི་ལྷ་ལ་དམིགས་ཏེ། སྣང་སྟོང་གི་ཏིང་ངེ་འཛིན་བསྐྱང་བའམ་བཟླས་པའི་རྣལ་འབྱོར་བྱ་བ་ལ་སོགས་པའི་ཚུལ་ནི། ཕྱིའི་དཀྱིལ་འཁོར་བསྒོམ་པའི་སྐབས་སུ་བཤད་པ་ཉིད་དོ། །ནང་ལ་མཆོག་ཏུ་གཞོལ་བའི་ཕྱིར། །ནང་གི་ཚུལ་དང་རྗེས་མཐུན་པར། །ནང་གི་དཀྱིལ་འཁོར་བསྒོམ་པའི་ཚུལ། །ནང་གི་དེ་ཉིད་གཟིགས་པས་གསུངས། །ཚུལ་འདི་བརྒྱུད་པའི་མན་ངག་ལས། །རྙེད་ནས་བསྡེབས་ཏེ་ཇིམ་གྱིན་ལ། །འབུལ་གྱིས་ཉམས་སུ་བཞེས་སུ་གསོལ། །དགེ་དེས་བྱང་ཆུབ་ཐོབ་པར་ཤོག །དཔལ་ཀྱེའི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་སྒོམ་པའི་ཐབས། ནང་གི་དེ་ཉིད་གསལ་བ་ཞེས་བྱ་བ་ལྕགས་ཕོ་རྟའི་ལོ་གསར་པ་ཤར་བའི་ཚེ། འཕགས་པས་སྦྱར་ནས་ཇིམ་གྱིན་ལ་ཕུལ་བའོ། །ཡི་གེ་པ་ནི་ཨ་ཙ་རའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*