ཚོགས་འཁོར་བདུད་རྩིའི་བུམ་པ།

༼པ༽

༄༅། །ཚོགས་འཁོར་བདུད་རྩིའི་བུམ་པ་བཞུགས།།

༄༅། །དཔལ་ཀྱེའི་རྡོ་རྗེའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བདུད་རྩི་བུམ་པ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་ཚོགས་རབ་རྫོགས་གྱུར་ཅིང༌། །ཡོན་ཏན་ཚོགས་ཀྱིས་ཆེ་བའི་སྐུ། །མི་ཟད་འཁོར་ལོ་གསུམ་བདག་ཉིད། །འཁོར་ལོའི་འདྲེན་པར་ཕྱག་འཚལ་ལོ། །བསྐལ་བ་རྒྱ་མཚོར་འགྲུབ་དཀའ་བའི། །བསོད་ནམས་ཡེ་ཤེས་རྒྱ་མཚོའི་ཚོགས། །གང་གིས་བདེ་བླག་འགྲུབ་བྱེད་པའི། །ཚོགས་ཀྱི་འཁོར་ལོ་འདིར་བཤད་བྱ། །ཐབས་དང་ཤེས་རབ་ཚོགས་པ་ཡི། །བདེ་ཆེན་རོལ་པས་ཚོགས་གཉིས་ཀྱིས། །འཁོར་ལོ་བསྐོར་ནས་རྒྱལ་བ་ཡི། །གྲོང་དུ་བགྲོད་ཕྱིར་ཚོགས་འཁོར་ལོ། །འདི་འདྲ་དམན་པ་ཐམས་ཅད་ཀྱི། །ཡུལ་ལས་ཤིན་ཏུ་འདས་པ་སྟེ། །བདེ་བས་བྱང་ཆུབ་སྒྲུབ་བྱེད་པ། །དེ་འདྲ་རྒྱུད་ཀྱི་སྙིང་པོ་ཡིན། །དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བྱེད་པར་འདོད་པས་གནས་ཁང་དབེན་པར་ལྷའི་རྟེན་དང༌། ཆུ་བཞི། མེ་ཏོག སྤོས། མར་མེ། དྲི། ཞལ་ཟས་ཏེ་ཕྱིའི་མཆོད་པ་དང༌། ཐོད་པར་ཆང་ལ་བདུད་རྩིའི་རིལ་བུ་སྦྱར་བ་ནང་གི་མཆོད་པ་དང༌། ཤས་བརྒྱན་པའི་གཏོར་མ་རྣམ་པ་གསུམ་བཤམ་ཞིང༌། རྡོ་རྗེ་དྲིལ་བུ། མཎྜལ་ལ་སོགས་པ་ཉེ་བར་མཁོ་བའི་རྫས་རྣམས་དང༌། ཤ་དང་ཆང་ལ་སོགས་པ་བཟའ་བཏུང་གྱ་ནོམ་པ་རྣམས་ལེགས་པར་ཚོགས་པར་བྱའོ། །དེ་ནས་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་རྣམས་འཚོགས་ལ། ལས་ཀྱི་སློབ་མ་གཅིག་གིས་ཕྱག་འཚལ་ནས། ཚོགས་ཀྱི་གཙོ་བོ་ལ་མཎྜལ་དང་མེ་ཏོག་དབུལ། གཞན་རྣམས་སོ་སོ་ལའང་ཕུལ་ནས། ཕྱག་འཚལ་ནས་གསོལ་བ་གདབ་པར་བྱ་སྟེ། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང༌། །ཡོན་བདག་བགེགས་ཞི་ཚོགས་གཉིས་བསག་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་གསོལ། །ཞེས་གསོལ་བ་གདབ། དེ་ནས་མེ་ཏོག་རྣམས་བསྡུས་ཏེ། གཙོ་བོ་ལ་དབུལ། དེས་ཀྱང་བླ་མ་ལ་ཕུལ་བར་བསམ་ཞིང༌། ཆོ་ག་ལ་འཇུག་པར་རྗེས་སུ་གནང་བའི་དོན་དུ་གསོལ་བ་བཏབ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཚོགས་ཀྱི་འཁོར་ལོ་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་གནས་ཁང་དེ་མི་དམིགས་པར་སྟོང་པར་བསམ། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་ལྷའི་གཞལ་ཡས་ཁང་པའི་ནང་དུ་མཆོད་རྫས་ཐམས་ཅད་ལྷ་རྫས་ལས་གྲུབ་པས་ཡོངས་སུ་གང་བར་བསམ། ནང་གི་མཆོད་པའང་ཐོད་པ་ཆེན་པོ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམས་ལ་ཐམས་ཅད་ཀྱང་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། དེ་ནས་ལྷའི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། དེའང་ཐོག་མར་སྡིག་པ་སྦྱང་བའི་དོན་དུ། རྡོ་རྗེ་སེམས་དཔའ་བསྒོམས་ལ་ཡི་གེ་བརྒྱ་པ་བརྗོད། བར་དུ་གཅོད་པ་ཞི་བའི་དོན་དུ། སྲུང་བའི་འཁོར་ལོ་བསྒོམ། ཀྱེའི་རྡོ་རྗེའི་མངོན་པར་རྟོགས་པ་གསལ་བར་བསྒོམས་ལ། བཟླས་པ་ཅི་རིགས་པ་བྱ། དེ་ནས་ནང་མཆོད་ཀྱིས་མཆོད་པ་རྣམས་ལ་གཏོར་ལ། ཨ་མྲྀ་ཏའི་སྔགས་ཀྱིས་མ་དག་པ་བསངས། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམས་པའི་ངང་ལས་མཆོད་པའི་གྲངས་དང་མཉམ་པའི་ཧཱུྃ་གི་ཡི་གེ་ཞུ་བ་ལས་མཆོད་པ་རྣམས་ངོ་བོ་བཟང་ལ་རྒྱ་ཆེ་བར་བསྐྱེད་ནས། སོ་སོའི་སྔགས་དང་ཨོཾ་ཨཱཿཧཱུྃ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གསལ་གདབ་པར་བྱ་སྟེ། དེའང་རས་བྲིས་ཀྱི་དཀྱིལ་འཁོར་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམས་པའི་ངང་ལས་སྐད་ཅིག་གིས། སྲུང་བའི་འཁོར་ལོའི་ནང་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ་ཀྱེའི་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གསལ་བར་དམིགས་ལ། མིག་ཏུ་གཏི་མུག་རྡོ་རྗེ་ལ་སོགས་པས་སྐྱེ་མཆེད་བྱིན་གྱིས་བརླབ། ཡེ་ཤེས་འཁོར་ལོ་དགུག་གཞུག་དང་དབང་བསྐུར་ནས་རིགས་ཀྱི་བདག་པོས་དབུར་བརྒྱན་པའི་བར་རང་གིས་བསྒོམས་པ་བཞིན་དུ་བྱ། དཀྱིལ་འཁོར་གྱི་གཙོ་བོའི་དབུ་རྒྱན་དང་རང་གི་བླ་མ་ཐ་མི་དད་དུ་བསམ། དཀྱིལ་འཁོར་གྱི་ཐ་མར་བླ་མ་བརྒྱུད་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསམ། དེ་ནས་མཆོད་པ་བྱ་སྟེ། མཆོད་པ་སོ་སོ་ནམ་མཁའི་ཁམས་གང་བས་མདུན་གྱི་དཀྱིལ་འཁོར་ལ་མཆོད་པར་བསམ་ཞིང་སོ་སོའི་སྔགས་དང་ཕྱག་རྒྱས་ཕྱིའི་མཆོད་པ་དབུལ་བ་ནི་སྒྲུབ་ཐབས་བཞིན་བྱའོ། །དེ་ནས་ནང་གི་མཆོད་པ་ནི་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། གཡོན་པའི་མཐེ་བོ་དང་སྲིན་ལག་གིས་གཏོར། འཐོར་བ་རྣམས་ཐོད་པ་བདུད་རྩིས་གང་བ་མང་པོར་གྱུར་ནས་སོ་སོ་ལ་མཆོད་པར་བསམ་ཞིང་ཐོག་མར་རང་གི་བླ་མའི་མཚན་ནས་སྨོས་ལ་དབུལ། དེ་ནས་རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། རྗེ་འབྲོག་མི་ཤཱཀྱ་ཡེ་ཤེས། སེ་མཁར་ཆུང་བ། རྗེ་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། བླ་མ་རྗེ་བཙུན་པ། ཆོས་རྗེ་པཎྜི་ཏ་ཞེས་རང་གི་རྩ་བའི་བླ་མའི་བར་དུ་མཚན་རྣམས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་བླ་མ་བརྒྱུད་པ་རྣམས་ལ་དབུལ། དེ་ནས་དཀྱིལ་འཁོར་གྱི་ལྷའི་སྔགས་བརྗོད་ཅིང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་དབུལ། དེ་ནས་ཡི་དམ་གྱི་ལྷ་གཞན་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དབུལ། དེ་ནས་རང་གི་ལྕེ་དང་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་བདུད་རྩིས་རེག་ཅིང་རང་གི་ལུས་ཀྱི་ལྷ་རྣམས་མཆོད། དེ་ནས་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཞེས་པས་ཆོས་སྐྱོང་ལ། མ་ཧཱ་ཀཱ་ལི་དེ་ཝཱི་ཨོཾ་ཨཱཿཧཱུྃ་ཞེས་པས་ལྷ་མོ་ལ། དེ་ནས་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་པ་བཞེས་ཨོཾ་ཨཱཿཧཱུྃ་ཞེས་པ་དང༌། དུར་ཁྲོད་ཀྱི་བདག་པོ་ཕྱོགས་སྐྱོང་དང༌། ཞིང་སྐྱོང་འཁོར་དང་བཅས་པ་མཆོད་པ་བཞེས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་དབུལ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་བཅུ། འཇིགས་བྱེད་ཆེན་པོ་དགུ། རྒྱལ་པོ་ཆེན་པོ་བཞི། གཟའ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་མཆོད་པ་བཞེས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་དབུལ། དེ་ནས་གནས་བདག་གཞི་བདག་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཚིམ་པར་གྱུར་ཅིག ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ་སྦྱིན་ནོ། །ནང་གི་མཆོད་པའོ། །དེ་ནས་རང་གི་སྙིང་ག་ནས་སྤྲུལ་པའི་ཡིད་ལས་བྱུང་བའི་ལྷ་མོ་བརྒྱད་ཀྱིས་མཆོད་པ་བྱ་སྟེ། དེའང་དཀར་མོ་རི་དྭགས་མཚན་མ་འཛིན་ཞེས་པ་ལ་སོགས་པ་བརྗོད་ཅིང༌། སེམས་ཀྱིས་ལྷ་མོ་དེ་དག་གིས་མཆོད་པར་བསམ་མོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པར་བྱ་སྟེ། དེ་ཡང་ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། ཞེས་པ་ལ་སོགས་པ་དང༌། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཅེས་པ་ལ་སོགས་པ་བརྗོད་ཅིང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པར་བྱའོ། །དེ་དག་ནི་མཆོད་པའོ། །དེ་ནས་གཏོར་མ་རྣམས་ནང་མཆོད་དང་ཆུ་དང་ཆང་གིས་སྦྱངས་ནས། དང་པོ་མངོན་རྟོགས་ནས་འབྱུང་བ་བཞིན་ཀྱེའི་རྡོ་རྗེར་གཏོར་མ་དབུལ། གཉིས་པ་ཆོས་སྐྱོང་ལ་དབུལ། གསུམ་པ་མཁའ་འགྲོ་སྤྱི་གཏོར་གྱིས་དབུལ། དེ་ནས་བཟའ་བཏུང་གི་ཚོགས་རྣམས་ལྷན་ཅིག་བསགས་ལ། ནང་མཆོད་ཀྱིས་གཏོར་ནས་བསང་བ་དང་སྦྱང་བ་དང་བྱིན་གྱིས་བརླབ་པ་གཏོར་མ་རྒྱས་པ་ལྟར་བྱ། ཡང་ནང་མཆོད་བླུགས་ཤིང་གཏོར་བས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་རོ་གཅིག་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་པ་དང་ཧ་ཧོ་ཧྲཱིཿཞེས་ཡང་ཡང་བརྗོད་ནས་བྱིན་གྱིས་བརླབ་བོ། །དེ་ནས་ཐོག་མར་མ་ད་ནའི་ཕུད་བླ་མ་དང་དཀྱིལ་འཁོར་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ལ་དབུལ། དེ་ནས་བ་ལ་ལ་སོགས་པ་བཟའ་བའི་ཕུད་དབུལ། དེའང་ཨ་ཧོ་སུ་ཁ་ཞེས་བརྗོད། དེ་ནས་གཏོར་མ་ལ་མ་ད་ན་དང་བ་ལ་དབུལ་ཞིང༌། སོ་སོའི་སྔགས་ཀྱིས་བསྟབས་སོ། །དེའི་རྗེས་སུ་ལས་ཀྱི་སློབ་མ་གཅིག་གིས་ཚོགས་ཀྱི་གཙོ་བོ་ལ་ཕྱག་འཚལ་ནས། རྣམ་ལྔ་འདོད་པ་བསྐོར་བའི་ཕྱག་རྒྱ་བྱ་ཞིང༌། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་གཅིག་ལ་ཉིད་དུ་བཞེས། །ཨ་ཧོ་སུ་ཁ་ཞེས་བརྗོད་ནས་མ་ད་ན་དབུལ། ལེན་པ་པོས་ཀྱང་ཕྱག་རྒྱ་བྱ་ཞིང༌། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་བླང༌། དེ་ནས་གཞན་རྣམས་ལའང་དེ་བཞིན་དུ་དྲང་ཞིང་བླང་ངོ༌། །དེ་བཞིན་དུ་ཟས་གཞན་རྣམས་ཀྱང༌། ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་དྲང༌། ལེན་པ་པོས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་བླང་ངོ༌། །དེ་ནས་ནང་མཆོད་ཀྱི་མཆོད་པའི་སྐབས་བཞིན་དུ་ཕུད་ཀྱིས་མཆོད། དེ་ནས་རང་གི་ལྟེ་བའི་ནང་དུ་གཏུམ་མོའི་མེ་སྦར་བས་ལུས་གང༌། སྙིང་གར་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་བླ་མ་དང་བཅས་པ། ལྟེ་བར་འབྱུང་པོའི་ཚོགས་རྣམས་བསམས་ནས། དེ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་མཆོད་པའི་བསམ་པས་ལོངས་སྤྱད། ལས་ཀྱི་སློབ་མས་དམ་ཚིག་མ་ཐོབ་ཀྱི་བར་ལ་གཞན་རྣམས་ཀྱིས་སྣོད་ཐང་ལ་མི་གཞག ཚོགས་ཀྱི་གཙོ་བོས་ལོངས་མ་སྤྱད་པར་གཞན་རྣམས་ལོངས་མི་སྤྱད། ཚོགས་འཁོར་མ་ཚར་གྱི་བར་ལ་སྣོད་སྟོང་པར་མི་གཞག དེར་འདུས་པའི་གང་ཟག་རྣམས་ལ་བཟང་ངན་དང༌། བྱིན་གྱིས་བརླབས་པའི་བཟའ་བཏུང་ལ་གཙང་མི་གཙང་གི་རྣམ་རྟོག་མི་བྱ། རབ་ཏུ་མྱོས་པའི་ཆང་མི་བཏུང༌། ཆགས་སྡང་གི་གཏམ་མི་བྱ། ཁ་ཤགས་དང་རྩོད་པ་མི་བྱ། ཁ་ཟས་ལ་བདུད་རྩིའི་འདུ་ཤེས་དང༌། རང་ལ་དཀྱིལ་འཁོར་གྱི་འདུ་ཤེས་དང༌། ལོངས་སྤྱད་པ་ལ་ལྷ་མཆོད་པའི་འདུ་ཤེས་ཡང་དང་ཡང་དུ་གསལ་གདབ་ཅིང༌། ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་དྲན་པར་བྱའོ། །ཡོ་བྱད་རྣམས་ལ་བརྡའི་མིང་ནས་སྨོས་པར་བྱ་སྟེ། ཆང་ལ་མ་ད་ན། ཤ་ལ་བ་ལ། ཁ་ཟས་ལ་ཀྲི་པི་ཏ། ཐུག་པ་ལ་མ་ལ་ཏིནྡྷ་ནཾ། སྣོད་ལ་པདྨ་བྷཉྫ་ན། ཞེས་བརྗོད་ཀྱི་ཕལ་པའི་སྐད་ཀྱིས་མི་བརྗོད། གོ་སྐབས་ཡོད་ཅིང་སེམས་སྤྲོ་ན་གླུ་དང་གར་གྱིས་ལྷ་དང་བླ་མར་མཆོད། ལྷག་མ་མ་བསྡུས་ཀྱི་བར་དུ་མི་འགྲོ། འགྲོ་དགོས་ན་བླ་མའམ་གྲོགས་ལ་དྲིས་ལ། ཡང་ནང་དུ་འཇུག བྱིན་གྱིས་བརླབས་པའི་ཁ་ཟས་དབང་མ་ཐོབ་པ་ལ་མི་སྦྱིན། གལ་ཏེ་སྟེར་དགོས་ན་ལྷག་གཏོར་གྱི་སྔགས་ཀྱིས་ལྷག་མ་ལ་དབང་བའི་འབྱུང་པོ་ལ་བསྔོས་ལ་སྦྱིན། དེ་ལྟར་བཟའ་བཏུང་གིས་ཚིམ་པ་དང༌། སྙིང་གར་མ་ད་ནའི་ཐིག་ལེ་བྱས་ལ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བར་དམིགས་ནས། སྙོམས་པར་ཞུགས་པས་བདེ་བ་ཆེན་པོས་ལུས་ཀྱི་ལྷ་རྣམས་མཆོད་པར་བསམ་ཞིང་བདེ་བ་བསྒོམ་མོ། །དེ་ནས་ལྷག་མ་རྣམས་བསྡུས་ལ་ཚོགས་ཀྱི་གཙོ་བོའི་མདུན་དུ་བཞག་ནས། མ་ད་ནའི་ཁ་ཕྲུ་འབར་བའི་ཕྱག་རྒྱ་བྱས་པའི་ནང་ནས་བྷྲཱུྃ་ཞེས་བརྗོད་ལ་གཏོར་བས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ནས། ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་མངོན་སུམ་ལྟར་དམིགས་ལ་དེ་རྣམས་ལ་སྦྱིན་པར་བསམ་ཞིང་ཨོཾ་ཨ་ཀཱ་རོའི་སྔགས་གསུམ་མམ་བདུན་གྱི་མཐར། ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སཱི་སྭཱ་ཧཱ་ཞེས་གསུམ་མམ་ལྔས་བསྔོས་པས་འབྱུང་པོ་རྣམས་ཚིམ་པར་བསམ། དེ་ནས་མཁའ་འགྲོ་རྣམས་མཉེས་ཤིང་དངོས་གྲུབ་བླང་བ་དང་བྱིན་དབབ་པའི་དོན་དུ་རྡོ་རྗེ་དྲིལ་བུ་འཛིན་པ། ཀོལླ་ཨི་རེཊཋི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫཱ་ཨི། གཱ་ཌྷེཾ་མ་ཨ་ཎཱ་པིཛྫ་ཨི། ཧ་ལེ་ཀཱ་ལིཉྫ་ར་པཱ་ཎི་ཨ་ཨི། དུནྡུར་བཱིཛྫ་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རཱི་སིཧླཱ། ཀཱ་བྦུར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷེ་ན་མུ་ཎི་ཨ་ཨི། ནི་རཱཾ་སུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུནྡུ་རུ་བཱ་ཊཱ་ཨི། ཌིནྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི། ཞེས་རྡོ་རྗེའི་གླུ་བླང་ངོ༌། །དེ་ནས་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། ཞེས་པ་ལ་སོགས་པ་རྒྱས་པའི་མཐར། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས། ཕྱོགས་དུས་ཀུན་དུ་རྒྱལ་བར་གྱུར་ཅིག་ཅེས་བཀྲ་ཤིས་བརྗོད་དོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་དངོས་གྲུབ་བླང་བའི་བསམ་པས་བདག་གི་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང༌། མཐར་ཐུག་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་དུ་གསོལ་ཞེས་པ་དང༌། གཞན་ཡང་འདོད་པའི་དོན་གང་ཡིན་པ་གསོལ་བ་གདབ་བོ། །དེ་ནས་ཆོ་ག་ལྷག་ཆད་ཁ་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བརྗོད་ནས་ཡོ་བྱད་དམན་པ་དང༌། ཆོ་ག་ལྷག་ཆད་བཟོད་པར་གསོལ་ཞེས་བརྗོད་དོ། །དེ་ནས་ལས་བསགས་པ་འབྲས་བུ་དང་ལྡན་པ་བྱ་བའི་དོན་དུ་བསྔོ་བ་ནི། ཐལ་མོ་སྦྱར་ནས་དོན་བསམ་ཞིང༌། རིགས་སུ་སྐྱེ་དང་དམ་ཚིག་ཅན། །ཞེས་པ་ལ་སོགས་པའི་མཐར། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །གནས་སྐབས་སུ་ཚེ་རིང་བ་དང་ནད་མེད་པ་དང་བར་ཆད་ཞི་བ་དང་བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་བོ། །དེ་ནས་རས་བྲིས་ཀྱི་དཀྱིལ་འཁོར་ལ་སོགས་པ། དངོས་སུ་ཡོད་ན་གཤེགས་སུ་གསོལ་མི་དགོས། གཏོར་མའི་མགྲོན་གཤེགས་སུ་གསོལ། མེད་ན་མདུན་བསྐྱེད་དང་བཅས་པ་གཤེགས་སུ་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡི་གེ་བརྒྱ་པའི་མཐར་ཨོཾ་བཛྲ་མུཿཞེས་བརྗོད་དེ་རང་གི་གནས་སུ་གཤེགས་སུ་གསོལ་བར་བསམ་མོ། །དམ་ཚིག་པ་རྣམས། ཛཿཧཱུྃ་བཾ་ཧོཿས་བདག་ལ་བསྡུའོ། །དེ་ནས་གྲིབ་གནོན་གྱི་གདོན་མི་འབྱུང་བར་བྱ་བའི་དོན་དུ་གཏོར་མ་ལ་དཔལ་འབར་བཙུགས་ཏེ། དྲག་པོའི་སྔགས་བརྗོད་ཅིང༌། རོལ་མོའི་སྒྲ་དང་བཅས་པས། གཏོར་མ་ས་གཙང་སར་གཏང༌། དེ་ནས་རང་གི་དཔྲལ་བ། མགྲིན་པ། སྙིང་ག་གསུམ་དུ། ཨོཾ་ཨཱཿཧཱུྃ་གསུམ་བརྗོད་ཅིང་བསམས་ལ་བདག་ཉིད་བསྲུང༌། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བྱས་པའི་ཕན་ཡོན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་མཉེས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་གནང་བར་འགྱུར་བ་དང༌། ཡན་ལག་གི་དམ་ཚིག་གི་ཉེས་པ་རྣམས་འདག་པ་དང༌། མཁའ་འགྲོ་དང་ཆོས་སྐྱོང་གི་ཐུགས་དང་འགལ་བ་རྣམས་ཞི་ཞིང་མཉེས་པར་འགྱུར་བ་དང༌། བདག་ཉིད་ཀྱི་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པར་བྱེད་ཅིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་དེ། མདོར་ན་གནས་སྐབས་སུ་བར་ཆད་ཞི་བ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་རོ། །སེམས་དང་ལུས་གཉིས་སྐུ་གཉིས་སུ། །གདོད་ནས་ལྷུན་གྱིས་གྲུབ་པའི་དོན། །དབང་དང་ལམ་གྱིས་གསལ་བྱས་པ། །མཆོད་པའི་ཡུལ་ནི་བླ་ན་མེད། །རྙེད་སླ་ནུས་ལྡན་རྒྱལ་བ་ཡི། །རིགས་དང་ཉེར་འབྲེལ་རྟོག་འཇོམས་པས། །སྟོབས་ལྔ་མི་འཆི་བཅུ་ཕྱེད་དང༌། །ཆང་ནི་མཆོད་རྫས་བླ་ན་མེད། །རྣམ་གཡེང་རྣམ་པར་ཞི་འགྱུར་ཞིང༌། །ལྷ་ཡི་ཚོགས་ཀྱང་འདུ་བ་དང༌། །དབེན་ཞིང་ཏིང་འཛིན་དག་ཀྱང་གསལ། །དེ་ཕྱིར་མཚན་མོ་བླ་མེད་དུས། །དཀའ་སྤྱད་གདུང་བའི་སྡུག་བསྔལ་མེད། །དེ་ཉིད་ཤེས་ཕྱིར་སྡང་ཞེན་བྲལ། །ལོངས་སྤྱོད་བདེ་བས་ཡེ་ཤེས་བསྐྱེད། །སྤྱོད་པ་འདི་འདྲ་བླ་ན་མེད། །ཇི་ལྟར་དུག་དང་དེ་བཞིན་མཚོན། །རྒྱལ་པོའི་སྟོབས་དང་ཆུ་ལ་ལྕགས། །དེ་བཞིན་དེ་ནི་མེ་ལ་རླུང༌། །ཕན་གནོད་ཇི་ལྟར་བྱེད་པ་ལྟར། །གང་ཞིག་གང་གིས་གང་འཆིང་བ། །དེ་ཡི་དེ་ཉིད་ཡོངས་ཤེས་ན། །དེ་ཉིད་ཀྱིས་དེ་གྲོལ་བར་བྱེད། །གང་ཕྱིར་སེམས་ཉིད་གཙོ་བོའི་ཕྱིར། །གསང་བའི་ཚུལ་ཆེན་བླ་ན་མེད། །ཀློག་དང་སྒྲུབ་པ་མང་མོད་ཀྱི། །རིགས་པས་གྲུབ་པའི་སྒྲུབ་པ་ནི། །སྨྲ་བ་གཞན་སུ་ཡིན་པ་སྨྲོས། །དེ་ཕྱིར་ཡང་དག་ལམ་བསྟེན་ནས། །ཡང་དག་གྲུབ་པར་བསྒྲུབ་འདོད་པས། །ལུང་དང་རིགས་པ་ཡང་དག་པར། །རྟོགས་པའི་ཡང་དག་བཤེས་གཉེན་བསྟེན། །རིགས་གཟུགས་དཔལ་འབྱོར་ཕུན་ཚོགས་ཤིང༌། །དད་དང་ཤེས་རབ་ཕུལ་བྱུང་བ། །ལྷ་སྲས་ཇིམ་གྱིམ་གསུང་གིས་ནི། །ཡང་དང་ཡང་དུ་རབ་བསྐུལ་བས། །ཟབ་ཡངས་རྒྱུད་སྡེ་རྒྱ་མཚོའི་དོན། །རྣམ་དཔྱོད་སྲུབ་ཤིང་གིས་བསྲུབས་ནས། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡི། །བདུད་རྩིའི་བུམ་པ་བདག་གིས་བསྒྲུབས། །དགེ་བ་དེ་ཡིས་འགྲོ་ཀུན་གྱིས། །བདུད་རྩི་འདི་ནི་ལེགས་མྱངས་ནས། །སྲིད་པའི་ཟུག་རྔུ་ལེགས་བྱང་སྟེ། །འཆི་མེད་དམ་པ་ཐོབ་པར་ཤོག །དཔལ་ཀྱེའི་རྡོ་རྗེའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བདུད་རྩིའི་བུམ་པ་ཞེས་བྱ་བ། བླ་མ་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། འཕགས་པའི་མིང་དང་ལྡན་པས། ས་ཕོ་རྟའི་ལོ་སྨིན་དྲུག་ཟླ་བའི་ཚེས་ཉི་ཤུ་ལྔ་ལ་རྒྱལ་བུ་བྱང་ཆུབ་སེམས་དཔའི་ཕོ་བྲང་ཆེན་པོར་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*