༼པ༽
༄༅། །བདག་མེད་ལྷ་མོ་བཅོ་ལྔའི་མངོན་རྟོགས་བཞུགས།།
༄༅། །དཔལ་རྡོ་རྗེ་བདག་མེད་མའི་དཀྱིལ་འཁོར་སྒྲུབ་པའི་ཐབས། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀུན་རང་བཞིན་བདག་གཉིས་མེད་པ་ཡི། །དབྱིངས་དང་ཡེ་ཤེས་ཀུན་དུ་རོ་གཅིག་ཀྱང༌། །བརྩེ་བས་སྒྱུ་མའི་རྣམ་འཕྲུལ་ཀུན་སྟོན་པ། །ཡེ་ཤེས་མཁའ་འགྲོའི་ཞབས་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་མཆོག་དེ་སྒྲུབ་པའི་ཐབས། །རྒྱལ་བུ་གསེར་བཟང་གིས་བསྐུལ་ནས། །ལུང་དང་མན་ངག་ཇི་བཞིན་དུ། །བདག་གིས་འདིར་ནི་བཤད་པར་བྱ། །ཡང་དག་དབང་གིས་སྨིན་བྱས་ནས། །དྲི་མ་མེད་པའི་ལུང་མནོས་ལ། །དད་བརྩེ་དམ་ཚིག་མཆོག་ལྡན་པའི། །རྣལ་འབྱོར་པ་ཡིས་རྣལ་འབྱོར་བསྒོམ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །དེ་ལ་ཐོག་མར་བསྐྱེད་པའི་རིམ་པ་བསྒོམ་པའི་ཚུལ་ནི། སྟན་བདེ་བ་ལ་ཅི་བདེ་བར་འདུག་ནས། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་སྐྱབས་སུ་སོང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། རྗེ་བཙུན་རྡོ་རྗེ་བདག་མེད་མ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམས་ནས། རང་སྐད་ཅིག་གིས་རྡོ་རྗེ་བདག་མེད་མར་དམིགས་པའི་སྙིང་གི་ནང་དུ་ཉི་མ་ལ་གནས་པའི་ཨོཾ་སྔོན་པོ་ལས་འོད་འཕྲོས་པས་རང་གི་སྒྲིབ་པ་སྦྱངས། ཕྱིར་འཕྲོས་པའི་སྣང་བས་རང་བཞིན་གྱི་གནས་ནས་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བླ་མ་མི་བསྐྱོད་པའི་རྣམ་པས་གཙོ་མོའི་དབུར་བརྒྱན་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོས་ནི་ཅང་ཏེའུ་རྡུང༌། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་ནང་དང་ཕྱི་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་གྱིས་དམ་ཚིག་དང་སྡོམ་པ་བཟུང་ངོ༌། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ཁ་ན་མ་ཐོ་བ་མེད་པའི་བདེ་བའི་རྒྱུ་དང་མི་འབྲལ་བར་གྱུར་ཅིག དེ་དག་ཕན་ཚུན་ཆགས་པ་དང་སྡང་བ་མེད་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསགས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པ་ལས། རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ་ཁྲོ་བོ་བཅུ་གཅིག་གི་བདག་ཉིད་ཀྱི་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བ་ཡངས་པར། ཨེ་ལས་གཞིའི་ཡན་ལག་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ། གདེངས་ཁ་གྱེན་དུ་བསྟན་པའི་ནང་དུ། རྒྱུའི་ཡན་ལག་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་ཟླ་གམ། རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། བྷྲཱུྃ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་པ་རྣམས་ལ་སོ་སོའི་ས་བོན་གྱིས་མཚན་པ་རྣམས་བསྐྱེད་ནས། རྐྱེན་གྱི་ཡན་ལག་རང་གི་ཤེས་པ། ཨོཾ་ཨཱཿཧཱུྃ་ཧོ་གཉིས་ཀྱིས་མཐའ་བརྟེན་པར་གྱུར་པ་དང་འདྲེས་པ་ལས། རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། རྩིག་པ་དང་ལྔ་དང་ལྡན་པ། མདའ་ཡབ་དང༌། དྲྭ་བ་དང༌། དྲྭ་བ་ཕྱེད་པ་དང༌། འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་བཅུ་དྲུག་གནས་ཤིང༌། པདྨ་དང༌། ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་དང་བཅས་པའི་རྟ་བབས་བཞི་དང་ལྡན་ཞིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུས་ཕྱུར་བུར་ཕུབ་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཅན་གྱི་ཕྱིའི་ཁོར་ཡུག་ཏུ། ཤར་དུ་གཏུམ་དྲག ལྷོར་འཇིགས་བྱེད་ཐོབ་པ་ཅན། ནུབ་ཏུ་འུར་འུར་འབར་བ། བྱང་དུ་ཚང་ཚིང་འཁྲིགས་པ། བྱང་ཤར་དུ་དྲག་ཏུ་དགོད་པ། ཤར་ལྷོར་དབང་ཕྱུག་ནགས་ཚལ། ལྷོ་ནུབ་ཏུ་མུན་པ་མི་བཟད་པ། ནུབ་བྱང་དུ་ཀི་ལི་ཀི་ལའི་སྒྲ་སྒྲོགས་པའི་དུར་ཁྲོད་དེ་དུར་ཁྲོད་ཆེན་པོ་བརྒྱད། དེ་དག་ནི་རིམ་པ་དེ་ཉིད་ཀྱིས། བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པས་རྡོ་རྗེ། གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པས་བེ་ཅོན། ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པས་སྦྲུལ་ཞགས། གནོད་སྦྱིན་སེར་པོ་རྟ་ལ་ཞོན་པས་དབྱུག་ཏོ། དབང་ལྡན་དཀར་པོ་གླང་ལ་ཞོན་པས་རྩེ་གསུམ། མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ་ཕྱག་བཞིའི་གཡས་པ་གཉིས་ཀྱིས་མཆོག་སྦྱིན་དང་དབྱུ་གུ་གསུམ་པ། གཡོན་པ་གཉིས་ཀྱིས་བགྲང་ཕྲེང་དང་སྤྱི་བླུགས། སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པས་རལ་གྲི། རླུང་ལྷ་ལྗང་སྔོན་ཤ་བ་ལ་ཞོན་པས་བ་དན་འཛིན་པ། རང་དང་འདྲ་བའི་རིག་མས་གཡོན་ནས་བརྟེན་ཞིང་སྤྱི་བོས་བཅོམ་ལྡན་འདས་ལ་འདུད་པའི་ཕྱོགས་སྐྱོང་བ་བརྒྱད་དང༌། ཤི་རི་ཤ ཙུ་ཏ། ཀཾ་ཀ་ལ། ཨ་ཤྭཏྛ། ཤིང་ཆེན་པོ། ཀ་རཉྫ། འཁྲིལ་ཤིང་ཅན། ཨ་རྫུན་སྟེ་ཤིང་བརྒྱད། དེ་དག་ལ་བརྟེན་པའི་ལྷའི་དགེ་འདུན། གཤིན་རྗེ། སྤྲིན་གྱི་རྒྱལ་པོ། གནོད་སྦྱིན་གྱི་སྡེ་དཔོན། ཡི་དྭགས་འདུས་པ། དྲང་སྲོང་འདུས་པ། སྲིན་པོའི་ཚོགས་ཅན། རླུང་གི་རྒྱལ་པོ་སྟེ། ཕྱོགས་སྐྱོང་བ་རྣམས་ཀྱི་བཞོན་པའི་མགོ་བརྙན་ཅན། གྲི་གུག་དང་ཐོད་པ་འཛིན་པའི་ཞིང་སྐྱོང་བ་བརྒྱད། ནོར་རྒྱས། པདྨ། ཀརྐོ་ཊ། འཇོག་པོ། པདྨ་ཆེན་པོ། ཧུ་ལུནྟ། རིགས་ལྡན། དུང་སྐྱོང་རྣམས་ཏེ། ཀླུ་ཆེན་པོ་བརྒྱད། སྒྲོགས་བྱེད། ལྡོག་བྱེད། འཇིགས་པ། འཁོར་བྱེད། མཐུག་པོ། འགེངས་བྱེད། ཆར་འབེབས། གཏུམ་པོ་སྟེ་སྤྲིན་བརྒྱད། གཞན་ཡང་མཆོད་རྟེན་བརྒྱད། ཆུ་བོ་བརྒྱད། མེ་བརྒྱད། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། མཁའ་འགྲོའི་ཚོགས་ཀྱིས་གང་བ། རོ་དང༌། རོ་ལངས་དང༌། འདྲེ་དང༌། སྲིན་པོ་དང༌། ཤ་ཟའི་ཚོགས་དང་བཅས་པ་བསམ་མོ། །ནང་གི་ལྷ་སྣམ་ཕྱོགས་མདོག་ཅན་གྱི་དབུས་སུ། པདྨ་འདབ་མ་བརྒྱད་པ་ཉིས་བརྩེགས་ཀྱི་ལྟེ་བ་དང༌། ནང་གི་ཕྱོགས་བཞི་དང༌། ཕྱིའི་འདབ་མ་བརྒྱད་དང༌། དབུས་ཀྱི་ཐད་ཀའི་སྟེང་འོག་སྟེ་གནས་བཅོ་ལྔར་ཉི་མ་དང་རོའི་གདན་དང༌། ནང་གི་མཚམས་བཞིར་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་བསྒོམ་མོ། །གདན་རྣམས་ཀྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཞེས་པ་ཕྲག་གཉིས་པ་བཅོ་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་བཅོ་ལྔའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་པ་བཅོ་ལྔ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉི་མའི་དཀྱིལ་འཁོར་བཅོ་ལྔ་བསྒོམས་པའི་བར་དུ། ནང་གི་དབུས་དང་ཤར་ནས་རིམ་པ་བཞིན། ཨཾ་ཨཱཾ། ཨིཾ་ཨཱིཾ། ཨུཾ་དང་ཕྱིའི་བྱང་ཤར་ནས། ཨཱུཾ་རྀཾ་རཱྀཾ། ལྀཾ་དང༌། ཤར་ནས། ལཱྀཾ་ཨེཾ་ཨཻཾ། ཨོཾ་དང༌། འོག་དང་སྟེང་དུ་ཨཽ་དང༌། ཨཾ་གི་ཡི་གེ་རྣམས་ལས། གྲི་གུག་སྔོན་པོ་ཡུ་བར་ཡི་གེ་དེ་དག་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་བསྒོམ་ཞིང༌། གནས་སོ་སོར་ཉི་ཟླ་ཕྱག་མཚན་དང་བཅས་པ་གཅིག་ཏུ་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་དམིགས་ནས། དེ་ལས་ལྷ་མོའི་སྐུ་བཅོ་ལྔར་གྱུར་པ་ནི། དབུས་སུ་རྗེ་བཙུན་རྡོ་རྗེ་བདག་མེད་མ། རྡོ་རྗེ་མ། གསང་བའི་དཀར་མོ། ཆུའི་རྣལ་འབྱོར་མ། རྡོ་རྗེ་མཁའ་འགྲོ་མ་སྟེ་ལྔ་དང༌། མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་བཞི་དང༌། ཕྱིའི་བྱང་ཤར་ནས། པུཀྐ་སཱི། རི་ཁྲོད་མ། གདོལ་པ་མོ། གཡུང་མོ་དང༌། ཤར་ནས་གཽ་རཱི། ཙཽ་རཱི། བེ་ཏཱ་ལཱི། གྷསྨ་རཱི། འོག་ཏུ་ས་སྤྱོད་མ། སྟེང་དུ་མཁའ་སྤྱོད་མ་རྣམས་ཏེ། ལྷ་མོ་ཐམས་ཅད་ཁ་དོག་གནག །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞལ་གཅིག་སྤྱན་གསུམ་དམར་བ་རྣམས། །ལག་པར་གྲི་གུག་ཐོད་པས་ཁྱབ། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང༌། །ལག་གདུབ་དང་ནི་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པས། །འདི་རྣམས་ཕྱག་རྒྱ་དག་པ་སྟེ། །ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་སྤྱད། །ལག་པ་གཅིག་ནི་ཐོད་པས་བྲེལ། །གཡས་པ་ན་ནི་གྲི་གུག་འཛིན། །གཡོན་པས་ཁ་ཊྭཱཾ་ག་ཉིད་དོ། །སྟག་གི་པགས་པས་སྣམ་དཀྲིས་ཤིང༌། །རོ་ལ་ཞོན་ཞིང་གཟི་བརྗིད་འབར། །ཕྱག་གཉིས་གྱེན་དུ་དབུ་སྐྱེས་སེར། །ཞབས་གཡོན་བརྐྱང་པའི་ཚུལ་གྱིས་ནི། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ཞེས་བསྒོམས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་དྲན་པར་བྱའོ། །དེ་ནས་ལྷ་མོ་དེ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྔར་བསྟན་པའི་ས་བོན་གྱི་ཡི་གེ་རྣམས་བསམས་པ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྦྱངས་ནས་གཞལ་ཡས་ཁང་དཔག་ཏུ་མེད་པར་གྱུར། ཡང་འོད་ཟེར་འཕྲོས་པས་བཅུད་ཀྱི་སེམས་ཅན་ཐམས་ཅད་སྦྱངས་ནས། ལྷ་མོ་བཅོ་ལྔའི་ཚོགས་དཔག་ཏུ་མེད་པར་གྱུར་པ་རྣམས་གཞལ་ཡས་ཁང་རྣམས་སུ་འཁོད། འོད་ཟེར་རྣམས་ཚུར་འདུས་པ་རང་རང་ལ་བསྟིམ་མོ། །དེ་ནས་རྩ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མིག་ཏུ་མྃ་ལས་གཏི་མུག་རྡོ་རྗེ་དཀར་མོ། རྣ་བར་ཌྃ་ལས་ཞེ་སྡང་རྡོ་རྗེ་སྔོན་མོ། སྣར་པྃ་ལས་སེར་སྣ་རྡོ་རྗེ་སེར་མོ། ཁར་རྃ་ལས་འདོད་ཆགས་རྡོ་རྗེ་དམར་མོ། དཔྲལ་བར་ཨྃ་ལས་ཕྲག་དོག་རྡོ་རྗེ་ལྗང་གུ། སྙིང་གར་ནྃ་ལས་བདག་མེད་རྡོ་རྗེ་མ་ནག་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་དམར་མོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་ནག་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་ཨྃ་ལས་འོད་འཕྲོས་པས། རང་བཞིན་གྱིས་གནས་ནས་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཚོགས་ཀྱིས་བསྐོར་བའི་ཡེ་ཤེས་པ་སྤྱན་དྲངས་པ་ལ་ལྷ་མོ་བརྒྱད་ཀྱིས་མཆོད་ནས། འགྲོ་བ་བུད་མེད་འདུལ་གཟིགས་ནས། །བདག་མེད་རྣལ་འབྱོར་མར་གྱུར་གང༌། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་ལ། །སྒྱུ་མའི་ཕྱག་རྒྱས་ཕྱག་འཚལ་འདུད། །ཅེས་པས་བསྟོད་ལ། སྙིང་ག་ནས་སྤྲུལ་པའི་གཽ་རཱི་ལ་སོགས་པ་རྣམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་པར་བསམ་ཞིང་ཕྱག་རྒྱ་དང་བཅས་པས་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ཏི་མ་ཧཱ་ཀཱ་རུ་ཎི་ཀ་ནཻ་རཱཏྨྱ་ས་པ་རི་ཝཱ་ར་ཞེས་ཀུན་ལ་སྦྱར་ལ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། བེ་ཏཱ་ལཱི་བནྡྷ་བཾ། ཨེ་ཧྱེ་ཧི་མི་སྦྱར་བར་གྷསྨ་རཱི་བ་ཤཾ་ཀུ་རུ་ཧོཿཞེས་པས་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །དེ་ནས་ཡང་རང་གི་སྙིང་གའི་ཨཾ་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་རྣམས་སྤྱན་དྲངས་པ་ལ། ལྷ་མོ་བརྒྱད་ཀྱིས་མཆོད། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་བདག་ལ་སྩོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ང་རྒྱལ་ཕྲག་དོག་ཆེན་པོ་ཀུན། །རྡོ་རྗེ་ཀུན་གྱི་དམ་ཚིག་མགོན། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །རྡོ་རྗེ་ཅན་ཀུན་བདག་དགྱེས་མཛོད། །ཅེས་པས་བསྟོད་དེ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་གསོལ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་པ་དང༌། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། རིག་མས་རྡོ་རྗེའི་གླུ་བླང༌། བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་མཛད། དབང་བསྐུར་བའི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང༌། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་དོ། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོ་རྗེ་འཛིན། །ཞེས་རྒྱན་དྲུག་གི་དག་པ་དྲན་པར་བྱ། ཆུ་རྒྱུན་དེས་མགྲིན་པ་ཡན་ཆད་གང༌། ངག་གི་དྲི་མ་དག གསང་བའི་དབང་ཐོབ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལས་ཀྱི་ཕྱག་རྒྱ། སྙིང་ག་ཆོས་ཀྱི་འཁོར་ལོ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམ་ཚིག་གི་ཕྱག་རྒྱ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ཕྱག་རྒྱ་ཆེན་པོ་ཞེས་འཁོར་ལོ་བཞིའི་དག་པ་དྲན་པར་བྱ། ཆུ་རྒྱུན་དེས་སྙིང་ག་ཡན་ཆད་གང༌། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། མིག་ཏུ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་སྐྱེ་མཆེད་ཀྱི་དག་པ་དྲན་པར་བྱ། ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང༌། ལུས་ངག་ཡིད་གསུམ་གྱི་དྲི་མ་དག དབང་བཞི་པ་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས། བདག་མེད་མ་ལ་མི་བསྐྱོད་པ། རྡོ་རྗེ་མ་ལ་རྣམ་པར་སྣང་མཛད། དཀར་མོ་ལ་རིན་ཆེན་འབྱུང་ལྡན། ཆུ་མ་ལ་འོད་དཔག་མེད། མཁའ་འགྲོ་མ་ལ་དོན་ཡོད་གྲུབ་པ། གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤ་བ་རཱི་ལ་རྣམ་པར་སྣང་མཛད། བེ་ཏཱ་ལཱི་དང་ཙནྡཱ་ལཱི་ལ་རིན་ཆེན་འབྱུང་ལྡན། གྷསྨ་རཱི་དང༌། གཡུང་མོ་ལ་འོད་དཔག་མེད། ས་སྤྱོད་མ་ལ་རྣམ་པར་སྣང་མཛད། མཁའ་སྤྱོད་མ་ལ་འོད་དཔག་ཏུ་མེད་པས་དབུར་བརྒྱན་ནས། དབང་གི་ལྷ་དེ་རྣམས་ཀྱང་རང་ལ་བསྟིམ་པར་བྱའོ། །དེ་ནས་བདུད་རྩི་གཏོར་མ་ལྟར་བྱིན་གྱིས་བརླབས་ནས་རང་གི་ལྕེ་ལ་མྱངས་པས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མཉེས་ནས། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བདག་ཡིན་སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས། དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པར་བསམ་ཞིང༌། དཀར་མོ་རི་དྭགས་མཚན་མ་འཛིན། །ལ་སོགས་པ་བརྗོད་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བའི་ངོ་བོ་བདག་ཡིན་སྙམ་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་ལྷ་མོ་དེ་དག་ཉིད་ཀྱིས་བསྟོད་པར་བསྒོམ་ཞིང༌། འགྲོ་བ་བུད་མེད་འདུལ་གཟིགས་ནས། །ཞེས་པ་ལ་སོགས་པ་བརྗོད་ནས། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བསྟོད་པར་བྱ་བ་ཡོན་ཏན་གྱི་ངོ་བོ་བདག་ཡིན་སྙམ་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ནས། ལྷ་མོ་རྣམས་རང་གི་སྙིང་གར་བསྟིམ་མོ། །དེ་ནས་རྩ་བའི་དཀྱིལ་འཁོར་གྱི་ལྷ་དང་སྣོད་བཅུད་ཀྱི་ལྷ་ཐམས་ཅད་ཀྱི་སྐུ་མདོག་ལ་དམིགས་ཏེ། དང་པོར་ནག་པོ་རབ་ཏུ་བསྒོམ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོར་བསྒོམ། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང༌། །དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་གྱིས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་ཁ་དོག་རྣམས་བསྒྱུར་ཞིང་བསྒོམས་པས་ལྷ་ཉིད་ལའང་ཞེན་པ་དང་བྲལ་ཞིང་ཏིང་ངེ་འཛིན་ལ་དབང་འབྱོར་པ་དང༌། དེ་བཞིན་གཤེགས་པ་རིགས་དྲུག་གི་བྱིན་རླབས་འཇུག་ཅིང༌། ཕྲིན་ལས་རྣམས་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །སླར་ཡང་རང་བཞིན་གྱི་སྐུ་མདོག་ནག་པོ་འབའ་ཞིག་བསྒོམས་ལ། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་དམིགས་པ་གཏད་དེ་སེམས་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ།། །།རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་ལ་གཉིས་ལས། དམིགས་པ་དང་བཅས་པ་ནི། ལྷ་བསྡུས་ནས་རང་ཉིད་གཙོ་མོ་རྐྱང་དུ་གནས་པའམ། མ་བསྡུས་ཀྱང་རུང་སྟེ་ལུས་ཀྱི་འཁྲུལ་འཁོར་དང་ལྡན་པས། སྤྱི་གཙུག་ནས་ལྟེ་བའི་བར་དུ་རྩ་ཨ་ཝ་དྷཱུ་ཏཱི་ཤིན་ཏུ་ཕྲ་བ་ཐིག་ལེའི་དྭངས་མས་གང་བ། དེའི་གཡས་སུ་རོ་མ་མེའི་རང་བཞིན་རཀྟས་གང་བ་དམར་མོ། གཡོན་དུ་རྐྱང་མ་ཆུའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དཀར་པོ། ཨ་ཝ་དྷཱུ་ཏཱི་ལ་བརྟེན་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བར། ཨ་དམར་པོ་མེའི་རང་བཞིན་མགོ་གྱེན་དུ་ལྟ་བ། ནང་སྐོར་འདབ་བརྒྱད་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ ཕྱི་སྐོར་ལ་ཨཱ་ལི་ཕྲག་གཉིས་དང༌། ཧ་དང་ཀྵ་སྤངས་པའི་ཀཱ་ལི། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བར་ཐིག་ལེས་གང་བའི་ཧཱུྃ་ནག་པོ་མགོ་ཐུར་དུ་ལྟ་བ། ཕྱོགས་བཞིར་བྷྲཱུྃ་ཨཱཾ་ཛྲཱི་ཁཾ། མཚམས་བཞིར་ལཾ་མཾ་པཾ་ཏཱཾ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར། ཨ་དམར་པོ་མེའི་རང་བཞིན་མགོ་གྱེན་དུ་ལྟ་བ། འདབ་མ་ལ་ཨཱ་ལི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་པའི་ལྟེ་བར་ཐིག་ལེས་གང་བའི་ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བ། འདབ་མ་ལ་ཨཱ་ལི་ཕྲག་གཉིས་བསམ། དེ་ནས་འོག་གི་རླུང་གིས་ལྟེ་བའི་ཨ་ཆེར་སྦར་བ། རོ་མའི་མེ་དང་འགྲོགས་ཏེ། གྱེན་དུ་ཆེར་འབར་བས་འཁོར་ལོ་གོང་མ་གསུམ་བསྲེགས། ཚངས་པའི་བུ་ག་ནས་ཕྱིར་སོང་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ལོང་བུ་གཡས་པར་ཞུགས་ནས། སངས་རྒྱས་ཐམས་ཅད་ཀྱི་བདུད་རྩིའི་རྒྱུན་བཀུག་པ་ཚངས་པའི་བུ་ག་ནས་ཞུགས། གཡོན་རྐྱང་མའི་ཐིག་ལེ་དང་བཅས་ཏེ་བབ། རིམ་པ་བཞིན་འཁོར་ལོ་རྣམས་གསལ་བཏབ། ཐིགས་པ་གཅིག་ལྟེ་བའི་ཨ་ལ་ཕོག་པས། དེ་ལས་མེའི་ཟེར་མ་ཤིན་ཏུ་ཕྲ་བ་ཨ་ཝ་དྷ་ཏཱིའི་ནང་ནས་མྱུར་དུ་སོང་བས། སྤྱི་བོའི་ཧཾ་ལ་བསྣུན་པས། ཧཾ་ལས་ཐིག་ལེའི་དྭངས་མ་ཤིན་ཏུ་ཕྲ་བའི་རྒྱུན་དབུ་མའི་ལམ་ནས་ཟགས་ནས། གཏུམ་མོའི་མེ་ལ་ཞུགས་པས་མེའི་ནུས་པ་ཆེར་འཕེལ་ཞིང༌། ཐིག་ལེ་ལྟེ་བ་ནས་འཕྲོས་པས་ལུས་ཐམས་ཅད་ལ་ཁྱབ་པས་བདེ་བ་སྐྱེས། མེའི་ནུས་པ་ཁམས་དང་འདྲེས་པས་སྤྱི་བོ་ནས་ལུས་ཐམས་ཅད་ལ་ཁྱབ་པས་དྲོད་འབར་བར་བསམ་ཞིང་རླུང་ཁ་སྦྱོར་དུ་བྱའོ། །དེ་ལྟར་གོམས་པས་ལུས་ལ་དྲོད་དང་བདེ་བ་དང༌། སེམས་ལ་གསལ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །དམིགས་མེད་བསྒོམ་པའི་ཚུལ་ནི། སྙིང་གའི་ཨཾ་ལས་འོད་འཕྲོས་པས། སྣོད་བཅུད་ཐམས་ཅད་སྲུང་བའི་འཁོར་ལོ་ལ་བསྡུ། དེ་གཞལ་ཡས་ཁང༌། དེ་ཕྱིའི་ལྷ་མོ་བཅུ་ལ། སྟེང་འོག་གི་ལྷ་མོ་གཉིས་གདན་དང་བཅས་པ། གཙོ་མོའི་དབུ་དང༌། ཞབས་དང༌། ཕྱོགས་མཚམས་ཀྱི་ལྷ་མོ་བརྒྱད་གདན་དང་བཅས་པ། ནང་གི་ལྷ་མོ་བཞི་དང༌། ཐོད་པ་རྣམས་ལ། དེ་དག་གདན་དང་བཅས་པའང་གཙོ་མོའི་སྐུའི་ཐད་ཀ་རྣམས་སུ་བསྡུའོ། །གཙོ་མོའང་ཐུགས་ཀའི་ཨཾ་ལ་བསྡུ། ཨཾ་གི་ཁོག་པ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་ལ་བསྡུ་སྟེ་སེམས་ཅུང་ཟད་བཟུང་ངོ༌། །དེ་ནས་ནཱ་དའང་ཡལ་ཏེ་མི་དམིགས་པའི་ངང་ལ་གཞག་གོ །དེ་གོམས་པས་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །རྫོགས་པའི་རིམ་པ་སྟེ། མཉམ་པར་གཞག་པའི་རྣལ་འབྱོར་རོ། །དེནས་ཆུ་ལས་ཆུ་བོར་རྡོལ་བ་ལྟར། འོད་གསལ་ལས་རང་ཉིད་ཟུང་འཇུག་གི་སྐུ་རྡོ་རྗེ་བདག་མེད་མར་བཞེངས་པ། དེའི་ཐུགས་ཀའི་ཨྃ་ལས་འོད་འཕྲོས་པས་རྩ་བའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་སྔར་བཞིན་གསལ་བཏབ་ནས། རྩ་བའི་ལྷ་མོ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། སོ་སོའི་ས་བོན་གྱི་ཡི་གེ་གསལ་བར་དམིགས་པའི་མཐའ་མར་སྔགས་ཀྱི་ཕྲེང་བ་འཁོར་བའི་འོད་ཀྱིས་སྒྲིབ་པ་གཉིས་སྦྱངས་ཚོགས་གཉིས་སྤེལ་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་དེ་དག་གི་བྱིན་རླབས་བདག་ལ་འཇུག་པར་བསམ་ཞིང༌། ཨོཾ་ཨཱཿཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨཱྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨིྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨཱིྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿརྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿརཱྀྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿལྀྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿལཱྀྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨེྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨཻྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨཽཾི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སོ་སོའི་སྔགས་དང༌། ཨོཾ་ཨཱཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྲེང་བའི་སྔགས་རྣམས་གང་ལ་མོས་པ་ཇི་སྲིད་མི་སྐྱོའི་བར་དུ་བཟླ་བར་བྱའོ། །བཟླས་པའི་རྣལ་འབྱོར་རོ། །དེ་ལྟར་བཟླས་པ་ཚར་བ་དང༌། མཆོད་པ་དང་གཏོར་མ་བྱ་བའི་ཚུལ་ནི། དབེན་པའི་གནས་སུ་མཎྜལ་ཁྲུ་གང་བ་ལ་བ་བྱུང་དང་དྲི་བཟང་གིས་བྱུག ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། ནང་མཆོད་དང༌། རྡོ་རྗེ་དྲིལ་བུ་རྣམས་ཇི་ལྟར་རིགས་པར་བཞག རང་གིས་བསྒོམས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྡུས་ཏེ། གཙོ་མོའམ་ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་གྱིས་གནས་ཏེ། ཡོ་བྱད་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷ྅ཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་གྱི་མཆོད་པ་ངོ་བོ་བཟང་ཞིང་རྒྱ་ཆེ་བར་བསྐྱེད་ལ། སོ་སོའི་སྔགས་དང༌། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། མཎྜལ་གྱི་དབུས་སུ་དྲིའི་ཆུ་བླུགས་པ་ལག་པ་གཡས་པས་དབང་ལྡན་ནས་གཡས་སྐོར་དུ་བྱུག་ཅིང༌། སྲུང་བའི་འཁོར་ལོ་གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་བསྐྱེད། ལྷ་དང་ཀ་པཱ་ལའི་གནས་རྣམས་སུ་དྲིའི་ཐིག་ལེ་དང་མེ་ཏོག་ཚོམ་བུ་ཅུང་ཟད་རེ་བཞག་པ་གདན་རྣམས་སུ་བསྒོམས་ནས། དབུས་སུ་མེ་ཏོག་གི་ཚོམ་བུ་དགོད་ཅིང༌། ཨོཾ་ཨཱཿཨྃ་བཛྲ་ནཻ་རཱཏྨཱ་ན་མཿ ཞེས་པས་རྡོ་རྗེ་བདག་མེད་མ་དང༌། ཤར་དུ་ཨོཾ་ཨཱཿཨཱྃ་བཛྲཱི་ཡེ་ན་མས་རྡོ་རྗེ་མ། ལྷོར་ཨོཾ་ཨཱཿཨིཾ་གཽ་རཱི་ཡེ་ན་མས་དཀར་མོ། ནུབ་ཏུ་ཨོཾ་ཨཱཿཨཱིཾ་ཝ་རཱི་ཡེ་ན་མས་ཆུ་མ། བྱང་དུ་ཨོཾ་ཨཱཿཨུཾ་བཛྲ་ཌཱ་ཀི་ནཱི་ཡེ་ན་མས་རྡོ་རྗེ་མཁའ་འགྲོ་མ། མཚམས་རྣམས་སུ་ཨོཾ་ཨཱཿཧཱུྃ་ལས་བདུད་རྩི་གང་བའི་ཐོད་པ། ཕྱིའི་བྱང་ཤར་དུ། ཨོཾ་ཨཱཿཨཱུཾ་པུཀྐ་སཱི་ཡེ་ན་མས་པུཀྐ་སཱི། ཤར་ལྷོར་ཨོཾ་ཨཱཿརྀཾ་ཤ་བ་རཱི་ཡེ་ན་མས་རི་ཁྲོད་མ། ལྷོ་ནུབ་དུ། ཨོཾ་ཨཱཿརཱྀ་ཙཎྜཱ་ལཱི་ཡེ་ན་མས་གདོལ་པ་མོ། ནུབ་བྱང་དུ་ཨོཾ་ཨཱཿལྀཾ་ཌོཾ་བི་ནཱི་ཡེ་ན་མས་གཡུང་མོ། ཤར་དུ་ཨོཾ་ཨཱཿལཱྀཾ་གཽ་རཱི་ཡེ་ན་མས་གཽ་རཱི། ལྷོར་ཨོཾ་ཨཱཿཨེྃ་ཙཽ་རཱི་ཡེ་ན་མས་ཆོམ་རྐུན་མ། ནུབ་ཏུ་ཨོཾ་ཨཱཿཨཻཾ་བེ་ཏཱ་ལཱི་ཡེ་ན་མས་རོ་ལངས་མ། བྱང་དུ་ཨོཾ་ཨཱཿཨོཾ་གྷསྨ་རཱི་ཡེ་ན་མས་གྷསྨ་རཱི། འོག་ཏུ་བསྒོམ་པར་བྱ་བ་ནུབ་ཏུ། ཨོཾ་ཨཱཿཨཽཾ་བྷུ་ཙ་རཱི་ཡེ་ན་མས་ས་སྤྱོད་མ། སྟེང་དུ་བསྒོམ་པར་བྱ་བ་ཤར་དུ། ཨོཾ་ཨཱཿཨྃ་ཁེ་ཙ་རཱི་ཡེ་ན་མས་མཁའ་སྤྱོད་མ་རྣམས་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ནས་རང་གི་ལག་པ་གཡས་པ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། གཡོན་པ་ཨ་ལས་པདྨ་འདབ་མ་ལྔ་པ་ཨས་མཚན་པར་བསྐྱེད་ལ། ཧཱུྃ་ཨ་ཞེས་བརྗོད་པས། དེ་དག་ཞུ་བ་ལས་བྱུང་བའི་ལག་པར་བྱིན་གྱིས་བརླབ། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བརྗོད་པས། གཡས་པས་རྡོ་རྗེ་སྨིན་མཚམས་ཀྱི་བར་དུ་ལན་གསུམ་གསོར་ནས་སྙིང་གར་བཟུང་ལ་ཧཱུྃ་ཞེས་བརྗོད་དེ། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་དམ་ཚིག ཨོཾ་བཛྲ་གྷཎྜེ་ཨཿཧཱུྃ་ཞེས་བརྗོད་ཅིང༌། གཡོན་པས་དྲིལ་བུ་དཀྲོལ་ནས་ཁ་གྱེན་དུ་བསྟན་ཏེ། དཀུར་བཟུང་ལ། ཨཿཞེས་བརྗོད་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག་པ་སྟོན་པར་བྱེད་པ་གསུང་གི་དམ་ཚིག དེ་ལྟར་རང་ལྷའི་སྐུར་དམིགས་པ་ཕྱག་རྒྱའི་དམ་ཚིག་ཏུ་དྲན་པར་བྱ་བ་སྟེ་དམ་ཚིག་གསུམ་གྱིས་བདག་བྱིན་གྱིས་བརླབ། དྲིལ་བུ་གནས་བརྒྱད་དུ་དཀྲོལ་བའི་སྒྲས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲང་བར་བསམ་ཞིང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲ་ཛྙྱཱ་པཱ་ར་མི་ཏཱ། ནཱ་ད་སྭ་བྷ་ཝེ། བཛྲ་དྷརྨ་ཧྲི་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཨ་ཁཾ་སྭཱ་ཧཱ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ཏི་མ་ཧཱ་ཀཱ་རུ་ཎི་ཀ་ནཻ་རཱཏྨཱ་ས་པ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿཞེས་བརྗོད་ཅིང༌། མདུན་གྱི་ནམ་མཁར་བྱོན་པ་ལ། མཆོད་ཅིང་བསྟོད་ནས། བསྟིམ་པ་དང༌། དབང་བསྐུར་བ་དང༌། རིགས་བདག་གི་རྒྱས་གདབ་པའི་བར་བདག་བསྐྱེད་ལྟར་བྱས་ནས། བླ་མ་དང་རིགས་བདག་གཉིས་སུ་མེད་པར་བལྟའོ། །སྒྲུབ་པའོ། །དེ་ནས་སོ་སོའི་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ལྡན་པས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བྷ་ག་ཝ་ཏི་མ་ཧཱ་ཀཱ་རུ་ཎི་ཀ་ནཻ་རཱཏྨཱ་ས་པ་རི་ཝཱ་ར་ནི་རི་ཏེ་ཨཱཿཧཱུྃ་གིས་ཞབས་བསིལ་དབུལ། དེ་བཞིན་དུ་ཞལ་བསིལ་འདི་དང༌། ནི་ཝི་ཏི་ཨཱཿཧཱུྃ་འཐོར་འཐུང་འདི་དང༌། སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། མཆོད་ཡོན་འདི་དང༌། ཛཿཧཱུྃ་བྃ་ཧོཿམ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་རྣམས་དབུལ་ལོ། །མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག ཚལ་དག་རོ་ནི་ཕན་པ་དང༌། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་རྣམས་སེལ་བ། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ། སྨན་རྣམས་བཅུད་གཙང་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་དྷརྨ་ཞེས་པ་ནས་ཨ་ཁཾ་སྭཱ་ཧཱའི་བར་གོང་དུ་བསྟན་པ་ལྟར་བརྗོད་ལ་རོལ་མོ་དབུལ་ལོ། །ཕྱིའི་མཆོད་པའོ། །ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབ། མཐེབ་སྲིན་གྱིས་གཏོར་བ་རྣམས་ཐོད་པ་བདུད་རྩིས་གང་བ་དུ་མར་གྱུར་པས། རྩ་བའི་བླ་མ་དང༌། བརྒྱུད་པའི་བླ་མ་རྣམས་དང༌། དཀྱིལ་འཁོར་གྱི་ལྷ་དང༌། ཡི་དམ་གྱི་ལྷ་རྣམས་ལ་སོ་སོའི་སྔགས་ཀྱིས་ཕུལ་ལ། ལྕེ་དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་རེག་པས་ལུས་ཀྱི་ལྷ་རྣམས་མཆོད། དེ་ནས་ཆོས་སྐྱོང་སྲུང་མ་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་དང༌། འཇིག་རྟེན་སྐྱོང་བ་རྣམས་དང༌། མཐར་རིག་དྲུག་གི་སེམས་ཅན་རྣམས་ལ་བྱིན་པས་ཚིམ་པར་བསམ་མོ། །ནང་གི་མཆོད་པའོ། །སྙིང་ག་ནས་སྤྲུལ་པའི་གཽ་རཱི་ལ་སོགས་པ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། དཀར་མོ་རི་དྭགས་མཚན་མ་འཛིན། །ཞེས་པ་ལ་སོགས་པས་མཆོད་པ་ནི་ཡིད་ལས་བྱུང་བའོ། །རང་གི་ལུས་དཔག་ཏུ་མེད་པ་སྤྲུལ་པས་བསྟོད་ཅིང་ཕྱག་འཚལ་བར་བསམ་ཞིང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ལ་སོགས་པས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཅི་ཤེས་པས་བསྟོད་པར་བྱའོ། །བསྟོད་པའི་མཆོད་པའོ། །དེ་ནས་སྡིག་པ་དང་ཉེས་ལྟུང་འདག་ཅིང་ཚོགས་འདུམས་པར་བྱ་བའི་ཕྱིར། ཡན་ལག་བདུན་པ་དང་སྡོམ་པ་གཟུང་བ་ལན་གསུམ་གསུམ་དུ་བྱས་ནས། ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་པ་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་བ། །དེས་ནི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་བཏབ་བོ། །དེ་ནས་མངོན་པར་བཤམས་པའི་གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཨཱཿལས་ཐོད་པར། ཤར་ནས་རིམ་པས། གོ་ལས་བ་ལང་གི་ཤ ཀུ་ལས་ཁྱིའི་ཤ ད་ལས་རྟའི་ཤ ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ དེའི་སྟེང་དུ་རིམ་པ་དེས་བྷྲཱུྃ་ལས་དྲི་ཆེན། ཨཱྃཿལས་རཀྟ། ཛྲཱིཾ་ལས་བྱང་ཆུབ་ཀྱི་སེམས། ཁཾ་ལས་ཀླད་པ། ཧཱུྃ་ལས་དྲི་ཆུ། དེའི་སྟེང་དུ་རིམ་པ་དེས། བྷྲཱུྃ་མེ་ལོང་ལྟ་བུ། ཨཱྃ་མཉམ་པ་ཉིད། ཛྲཱིཾ་སོ་སོར་རྟོག་པ། ཁྃ་བྱ་བ་གྲུབ་པ། ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་རྣམས་ཀྱི་སྟེང་དུ་བདུད་རྩིའི་ངོ་བོ་ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་བ། དེའི་སྟེང་དུ་ཉི་མ་ལ་གནས་པའི་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ཐམས་ཅད་ཀྱི་གཡོན་སྐོར་དུ་ཨཱ་ལི། གཡས་སྐོར་དུ་ཀཱ་ལིས་བསྐོར་བར་བསམ་མོ། །ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། དེས་མེ་སྦར་བས་རྫས་ཐམས་ཅད་ཞུ། རླངས་པ་ཨོཾ་ལ་ཕོག་པས་བདུད་རྩིས་རྒྱུན་བབ། ཧཱུྃ་ལ་ཕོག་པས། དེ་ལས་ཀྱང་འོད་ཟེར་འཕྲོས་པས་བརྟན་གཡོའི་བཅུད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་བཀུག་པ་རྡོ་རྗེ་ལ་ཐིམ། རྡོ་རྗེ་ཉི་མ་དང་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་ནས་ཐམས་ཅད་འདྲེས་ཏེ། ཁ་དོག་དང༌། དྲི་དང༌། རོ་དང༌། ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིར་བསྐྱེད་ནས། ཨོཾ་ཨཱཿཧཱུྃ་དང༌། ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ་པ་རྫས་ཀྱི་ཏིང་ངེ་འཛིན་ཏོ། །མདུན་གྱི་ནམ་མཁར་ཨེ་ལས་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་པདྨ་འདབ་བརྒྱད་སུམ་བརྩེགས་ཀྱི་དབུས་མའི་ལྟེ་བར་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར། སྟེང་གི་ལྟེ་བ་དང་འདབ་མར་ཨོཾ་རྣམས་ལས་དབུས་སུ་སྐུ་རྡོ་རྗེ། ཤར་ནས་རིམ་པས་དབང་ཕྱུག་ཆེན་པོ། ལྷའི་དབང་པོ། ཚངས་པ་ཆེན་པོ། ཁྱབ་འཇུག ཤར་ལྷོ་ནས་འདོད་པས་དབང་ཕྱུག ཚོགས་ཀྱི་བདག་པོ། བྷྲྀངྒི་རི་ཏི། གཞོན་ནུ་ཀཱརྟི་ཀཱ། ཐམས་ཅད་མདོག་དཀར་པོ། བར་གྱི་འདབ་མ་བརྒྱད་ལ། ཧཱུྃ་བརྒྱད་ལས། བརྒྱ་བྱིན། གཤིན་རྗེ། ཆུ་ལྷ། གནོད་སྦྱིན། མེ་ལྷ། སྲིན་པོ། རླུང་ལྷ། དབང་ལྡན་ཏེ་ཐམས་ཅད་ཀྱང་སྐུ་མདོག་སྔོན་པོའོ། །འོག་གི་ལྟེ་བ་དང་འདབ་མར་ཨཱཿརྣམས་ལས། དབུས་སུ་གསུང་རྡོ་རྗེ། འདབ་མ་རྣམས་ལ་སྟོབས་ཀྱི་རྒྱུ། དུང་སྐྱོང༌། མཐའ་ཡས། ནོར་རྒྱས། འཇོག་པོ། རིགས་ལྡན། པདྨ། པདྨ་ཆེན་པོ་སྟེ་ཐམས་ཅད་སྐུ་མདོག་དམར་པོ། ལྷ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུ་འཛིན་པ། རང་དང་འདྲ་བའི་ཡུམ་ལ་གཉིས་སུ་མེད་པར་འཁྱུད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །དེ་ནས་གཙོ་བོ་གསུམ་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས། ས་འོག་ས་སྟེང་ས་བླའི་སེམས་ཅན་ཐམས་ཅད་རང་རང་གི་འཁོར་རྣམས་ལ་བསྡུས་ནས། ཐམས་ཅད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས། མདུན་བསྐྱེད་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཡང་འོད་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས་པ་ལ། མཆོད་ཅིང་གསོལ་བ་བཏབ། དབང་བསྐུར་བས། སྐུ་རྡོ་རྗེ་འཁོར་དང་བཅས་པ་ལ་རྣམ་པར་སྣང་མཛད། གསུང་རྡོ་རྗེ་འཁོར་དང་བཅས་པ་ལ་འོད་དཔག་མེད། ཕྱོགས་སྐྱོང་རྣམས་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་པ་ནི་མགྲོན་གྱི་ཏིང་ངེ་འཛིན་ནོ། །ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བའི་ནང་ནས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་བྷ་ག་ཝ་ཏི་མ་ཧཱ་ཀཱ་རུ་ཎི་ཀ་ནཻ་རཱཏྨཱ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱཀྩཱིཏྟ། ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བཱ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ། པཱ་ཏཱ་ལེ། ཨཊྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུལླ། དྷཱུཔྤ། མཾ་ས། པིཾ་གྷ། ཨམྦྷ། སཔྤ། ཀཛྫ། སཱ་ད། ཁནྟི། ཁུ་ཎི། ཕེ་ཌ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་འབུལ། ཕྱི་ནང་ཡིད་ལས་བྱུང་བས་མཆོད། སྔ་མ་བཞིན་བསྟོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ལྷ་ཆེན་བརྒྱད་པོ་འཁོར་བཅས་དང༌། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང༌། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མི་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཕྲིན་ལས་གཞོལ་ནས། ཀོལླ་ཨི་རེཊཋི་ཨ་བོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫཱ་ཨི། ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨཱི། གཱ་ཌྷེཾ་མ་ཨ་ཎཱི་པཱིཛྫཱ་ཨི། ཧ་ལེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུནྡུ་ར་བཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རཱི་སིཧླཱ། ཀཱ་པཱུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ནཾ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཌ་ཁ་ཊ་ཀ་རནྟེ་ཤུདྡྷ་ཨ་ཤུདྡྷ་ན་མུ་ནི་ཨ་ཨི། ནི་རཱཾ་སུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུན་ཏུ་རུ་བྦ་ཊཱ་ཨི། ཌི་ཎི་མ་ཏ་ཧིནྣ་བཱཛྫི་ཨ་ཨི། ཞེས་རྡོ་རྗེའི་གླུས་བྱིན་དབབ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །དེ་ནས་ཚོམ་བུའི་དཀྱིལ་འཁོར་དང༌། གཏོར་མའི་མགྲོན་གཉིས་ཀ་ལ་རང་གིས་ནོངས་པར་སྤྱད་པ་བཟོད་པར་གསོལ། ཡི་གེ་བརྒྱ་པས་ཆོ་ག་ལྷག་ཆད་ཁ་བསྐང༌། སྨོན་ལམ་གདབ། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཉིས་ཀ་གཤེགས་སུ་གསོལ་ལོ། །དམ་ཚིག་པ་རྣམས་བདག་ལ་བསྡུའོ། །མཆོད་པ་དང་གཏོར་མའི་རྣལ་འབྱོར་རོ། །ཁ་ཟས་གཏོར་མ་ལྟར་རམ། ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། རང་རྡོ་རྗེ་བདག་མེད་མར་དམིགས་པའི་ལྟེ་བར་གཏུམ་མོའི་མེ་སྦར་བའི་མེ་ལྕེའི་ཁྲོད་དུ། སྙིང་གར་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར། བླ་མ་གཙོ་མོའི་རིགས་བདག་ཏུ་བཞུགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ། ལྟེ་བར་ཆོས་སྐྱོང་སྲུང་མ་དང༌། འབྱུང་པོ་ཉི་ཤུ་རྩ་བཞི་ལ་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་དམིགས་ལ། ལག་པ་གཉིས་དགང་བླུགས་ཀྱིས་ཁ་མེའི་སྒོར་བསྲེག་བླུགས་ཀྱི་ཚུལ་དུ་ཕུལ་བས། ཐམས་ཅད་མཆོད་པར་བསམ་ཞིང་བཟའོ། །ལྷག་མ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱས། ལྷག་མ་ལ་དབང་བའི་འབྱུང་པོ་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་དམིགས་ནས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །སེར་སྣ་གསང་བའི་དཀར་མོ་ཉིད། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །ས་ནི་པུཀྐ་སཱིར་བཤད་དེ། །ཆུ་ཁམས་རྔོན་པ་མོ་ཞེས་བཤད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་གི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །རེག་ལ་ས་སྤྱོད་མ་ཞེས་བརྗོད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ཞེས་ལྷའི་དག་པ་དང༌། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་གནས། །དངོས་དང་དངོས་མིན་རྣམ་རྟོག་གི །མགོ་བོ་པདྨའི་སྣོད་དུ་ནི། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། །སྟོང་པའིརྣམ་པས་ཁ་ཊྭཱཾ་ག །ཐབས་ཀྱི་རོ་ནི་རྣམ་པར་བརྟག །སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པ་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོ་རྗེ་འཛིན། །ཞེས་ཕྱག་མཚན་དང་རྒྱན་གྱི་དག་པ་དང༌། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལམ་གྱི་ཆོས་རྣམ་པར་དག་པ། དུར་ཁྲོད་ནི་ལུས་དང་འཁོར་བའི་ཆོས་རྣམ་པར་དག་པ། སྲུང་བའི་འཁོར་ལོ་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བས་མཐུ་སྟོབས་རྣམ་པར་དག་པའོ། །ཞེས་རྟེན་གྱི་དཀྱིལ་འཁོར་གྱི་དག་པ་དྲན་པར་བྱས་ནས། འཁོར་གྱི་ལྷ་རྣམས་རང་ལ་བསྡུ། རང་གི་སྐྱེ་མཆེད་དྲུག་དང༌། ཡུལ་གྱི་སྐྱེ་མཆེད་དྲུག་སྔ་མ་ལྟར་ལྷ་རྣམས་སུ་དམིགས་ནས། ཡུལ་གྱི་ལྷས་ནང་གི་ལྷ་ལ་མཆོད་པར་བསམ་ཞིང་ཡུལ་རྣམས་ལ་སྡང་ཞེན་མེད་པར་ལོངས་སྤྱད་དོ། །སྤྱོད་ལམ་གྱི་རྣལ་འབྱོར་རོ། །རྗེས་སུ་ཆགས་པའི་རྣམ་འབྱོར་ནི། དབང་གིས་སྨིན་པའི་ཡུལ་ལ་རུང་གི གཞན་དུ་ན་ཉེས་པར་འགྱུར་རོ། །དེ་ཡང༌། རང་ཉིད་ཧེ་རུ་ཀར་བྱས་ཤིང༌། །རང་གི་བཙུན་མོ་ངར་བྱས་ནས། །ཆགས་ཅན་གྱིས་ནི་འདོད་སྤྱོད་པ། །དེ་ལ་ང་ནི་རྟག་ཏུ་དགྱེས། །ཞེས་འབྱུང་བས། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་གནས་བསྒྱུར། རིག་མ་རྡོ་རྗེ་བདག་མེད་མར་དམིགས་པ་ལྷའི་འདུ་ཤེས། གཉིས་ཀའི་གནས་གསུམ་ཨོཾ་ཨཱཿཧཱུྃ་དང་མཁའ་དང་གསང་བ་པདྨ་དང་རྡོ་རྗེ་ཨ་དང་ཧཱུྃ་གིས་མཚན་པ། ཨོཾ་པདྨ་སུ་ཁཱ་དྷཱ་ར། མ་ཧཱ་རཱ་ཀ་སུ་ཁནྡཱ་ད་ཙ་ཏུ་རཱ་ནནྡ། བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻཾ་ཀུ་རུ་ཥྭ་མེ་ཞེས་པ་དང༌། ཨོཾ་བཛྲ་མ་ཧཱ་དྭེ་ཥ། ཙ་ཏུ་རཱ་ནནྡ་དཱ་ཡ་ཀཿཁ་ག་མུ་ཁ་ཨེ་ཀཱ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻཱཾ་ཀུ་རུ་ཥྭ་མེ། ཞེས་པས་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས་ཕྱི་ནང་གི་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་མཆོད་པར་བྱ་སྙམ་པ་ཆོས་ཀྱི་འདུ་ཤེས་དང་ལྡན་པས་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བས། ཕྱི་ནང་གི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བསམ་ཞིང༌། བདེ་སྟོང་ཟུང་དུ་འཇུག་པའི་ངང་ལ་མཉམ་པར་གཞག་གོ །རྗེས་སུ་ཆགས་པའི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི། གོང་དུ་བཤད་པའི་དམིགས་མེད་རྫོགས་པའི་རིམ་པ་དང་འདྲའོ། །ལྡང་བའི་རྣལ་འབྱོར་ནི། དེ་ཉིད་ལས་ཟུང་འཇུག་གི་སྐུར་བཞེངས་པ་དང་འདྲའོ། །ཁྲུས་ཀྱི་རྣལ་འབྱོར་ནི། རང་བཞིན་གྱིས་ནམ་མཁར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཀྲུས་པར་བསམ་ཞིང་ཡི་གེ་བརྒྱ་པ་བརྗོད་བཞིན་པས་ཁྲུས་བྱའོ། །ཁྲུས་ཀྱི་རྣལ་འབྱོར་ཏེ། ཡན་ལག་གི་རྣལ་འབྱོར་བརྒྱད་དོ། །དམ་ཚིག་རྣམ་པར་དག་པ་དང་ལྡན་པས་དེ་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱེད་པས་ནི། ས་དང་ལམ་རྣམས་མྱུར་དུ་བགྲོད་ནས། རིང་པོར་མི་ཐོགས་པར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བ་ཉིད་དོ། །གསུང་རབ་ཟབ་མོའི་སྙིང་པོ་ལེགས་བསྡུས་ནས། །ཉམས་སུ་བླང་བའི་ཚུལ་འདི་ཇིམ་གྱིན་གྱིས། །བསྐུལ་ནས་འཕགས་པས་སྦྱར་བའི་དགེ་བ་ཡིས། །བདག་གཞན་ཡེ་ཤེས་མཁའ་འགྲོ་ཉིད་གྱུར་ཅིག །སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པའི་མན་ངག་གི་རྗེས་སུ་འབྲང་བ། རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་འདི་ནི། དད་པ་དང་ཤེས་རབ་ཀྱི་ཐུགས་ཡོངས་སུ་དག་པ་དང་ལྡན་པ་རྒྱལ་བུ་ཇིམ་གྱིན་གྱིས་བསྐུལ་ནས། དགེ་སློང་སྔགས་འཆང་འཕགས་པ་ཞེས་བྱ་བས། ཆུ་མོ་བྱའི་ལོ་དབྱར་ཟླ་འབྲིང་པོའི་ཡར་གྱི་ངོ་ལ་ཤིང་ཀུན་ཏུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply