བསྟོད་པ་རྣམ་དག་ཕྲེང་བ།

༼པ༽

༄༅། །བསྟོད་པ་རྣམ་དག་གི་ཕྲེང་བ་བཞུགས།།

༄༅། །རྡོ་རྗེ་བདག་མེད་མའི་བསྟོད་པ་རྣམ་དག་གི་ཕྲེང་བ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མ་ལུས་སངས་རྒྱས་ཀུན་བདག་ཉིད། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །དཔལ་ལྡན་བླ་མར་ཕྱག་འཚལ་ནས། །མཁའ་འགྲོའི་དཀྱིལ་འཁོར་བསྟོད་པར་བགྱི། །འཁོར་དང་མྱ་ངན་འདས་དངོས་ཀུན། །གང་ཞིག་ལས་ནི་བྱུང་གྱུར་པ། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །བདག་མེད་མ་དཔལ་ཕྱག་འཚལ་ལོ། །བུད་མེད་སྒྱུ་མས་འཁོར་བ་ཡི། །སྒྱུ་མའི་སྤྲོས་པ་ཞེས་བྱའི་ཕྱིར། །ཡེ་ཤེས་སྒྱུ་མར་རྣམ་འཕྲུལ་བ། །སྒྱུ་མ་ཆེན་མོར་ཕྱག་འཚལ་ལོ། །གདབ་པའི་ཕྱིར་དང་འདེབས་པའི་ཕྱིར། །མཚོན་ཕྱིར་མི་འདའ་བ་ཡི་ཕྱིར། །རྫོགས་སངས་རྒྱས་ཉིད་ཕྱག་རྒྱ་ཆེར། །ཡང་དག་སྟོན་ལ་ཕྱག་འཚལ་ལོ། །ཆགས་ཅན་རྗེས་སུ་གཞུག་ཕྱིར་དང༌། །ཆགས་པས་བྱང་ཆུབ་བསྒྲུབ་ཕྱིར་དང༌། །དངོས་གྲུབ་མྱུར་ཕྱིར་ལྷ་མོ་ཡི། །སྐུར་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་ཞེ་སྡང་རྣམ་དག་ཅིང༌། །ཆོས་དབྱིངས་ཡེ་ཤེས་བདག་ཉིད་ཐུགས། །མི་བསྐྱོད་རྡོ་རྗེའི་ངོ་བོ་ཉིད། །བདག་མེད་མ་ལ་ཕྱག་འཚལ་ལོ། །གཟུགས་དང་གཏི་མུག་རྣམ་དག་ཅིང༌། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྣམ་པར་སྣང་མཛད་བདག་ཉིད་དཔལ། །རྡོ་རྗེ་མ་ལ་ཕྱག་འཚལ་ལོ། །ཚོར་བ་སེར་སྣ་རྣམ་དག་ཅིང༌། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་འབྱུང་གནས་བདག་ཉིད་དཔལ། །གསང་བའི་དཀར་མོར་ཕྱག་འཚལ་ལོ། །འདུ་ཤེས་འདོད་ཆགས་རྣམ་དག་ཅིང༌། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །འོད་དཔག་མེད་པའི་བདག་ཉིད་དཔལ། །ཆུ་ཡི་རྣལ་འབྱོར་མར་ཕྱག་འཚལ། །འདུ་བྱེད་ཕྲག་དོག་རྣམ་དག་ཅིང༌། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །དོན་ཡོད་གྲུབ་པའི་བདག་ཉིད་དཔལ། །རྡོ་རྗེ་མཁའ་འགྲོ་མར་ཕྱག་འཚལ། །ས་ཡི་ཁམས་ནི་རྣམ་དག་ཅིང༌། །བྱམས་པ་ཆེན་པོའི་ངོ་བོ་ཉིད། །ལྷ་མོ་སྤྱན་མའི་བདག་ཉིད་དཔལ། །པུཀྐ་སཱི་ལ་ཕྱག་འཚལ་ལོ། །ཆུ་ཡི་ཁམས་ནི་རྣམ་དག་ཅིང༌། །སྙིང་རྗེ་ཆེན་པོའི་ངོ་བོ་ཉིད། །མཱ་མ་ཀཱི་ཡི་བདག་ཉིད་དཔལ། །རི་ཁྲོད་མ་ལ་ཕྱག་འཚལ་ལོ། །མེ་ཡི་ཁམས་ནི་རྣམ་དག་ཅིང༌། །དགའ་བ་ཆེན་པོའི་ངོ་བོ་ཉིད། །གོས་དཀར་མོ་ཡི་བདག་ཉིད་དཔལ། །གདོལ་པ་མོ་ལ་ཕྱག་འཚལ་ལོ། །རླུང་གི་ཁམས་ནི་རྣམ་དག་ཅིང༌། །བཏང་སྙོམས་ཆེན་པོའི་ངོ་བོ་ཉིད། །ལྷ་མོ་སྒྲོལ་མའི་བདག་ཉིད་དཔལ། །ཌོཾ་བི་ནཱི་ལ་ཕྱག་འཚལ་ལོ། །གཟུགས་ཀྱི་སྐྱེ་མཆེད་རྣམ་དག་ཅིང༌། །དགུག་དང་ཞི་བའི་ལས་མཛད་མ། །རྡོ་རྗེ་གཟུགས་མའི་བདག་ཉིད་དཔལ། །གཽ་རཱི་ལ་ནི་ཕྱག་འཚལ་ལོ། །སྒྲ་ཡི་སྐྱེ་མཆེད་རྣམ་དག་ཅིང༌། །གཞུག་དང་རྒྱས་པའི་ལས་མཛད་པ། །རྡོ་རྗེ་སྒྲ་མའི་བདག་ཉིད་དཔལ། །ཙཽ་རཱི་ལ་ནི་ཕྱག་འཚལ་ལོ། །དྲི་ཡི་སྐྱེ་མཆེད་རྣམ་དག་ཅིང༌། །བཅིང་དང་དབང་གི་ལས་མཛད་པ། །རྡོ་རྗེ་དྲི་མའི་བདག་ཉིད་དཔལ། །བེ་ཏཱ་ལཱི་ལ་ཕྱག་འཚལ་ལོ། །རོ་ཡི་སྐྱེ་མཆེད་རྣམ་དག་ཅྀང༌། །དབང་དང་དྲག་པོའི་ལས་མཛད་པ། །རྡོ་རྗེ་རོ་མའི་བདག་ཉིད་དཔལ། །གྷསྨ་རཱི་ལ་ཕྱག་འཚལ་ལོ། །རེག་དང་ལུས་ནི་རྣམ་དག་ཅིང༌། །ས་འོག་སྦྱོང་མཛད་སྐུ་ཡི་དངོས། །རྡོ་རྗེ་རེག་མའི་བདག་ཉིད་དཔལ། །ས་སྤྱོད་མ་ལ་ཕྱག་འཚལ་ལོ། །ཆོས་དང་ཡིད་ནི་རྣམ་དག་ཅིང༌། །ས་བླ་སྐྱོང་མཛད་གསུང་གི་དངོས། །རྡོ་རྗེ་དབྱིངས་མའི་བདག་ཉིད་དཔལ། །མཁའ་སྤྱོད་མ་ལ་ཕྱག་འཚལ་ལོ། །ལྷ་མོ་ཐམས་ཅད་ཁ་དོག་གནག །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞལ་གཅིག་སྤྱན་གསུམ་དམར་བ་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །འཁོར་ལོ་རྣ་ཆ་ནོར་བུ་དང༌། །ལག་གདུབ་དང་ནི་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པའི། །ཕྱག་རྒྱ་འཛིན་ལ་ཕྱག་འཚལ་ལོ། །ལག་པ་གཅིག་ནི་ཐོད་པས་བྲེལ། །གཡས་པ་ན་ནི་གྲི་གུག་དང༌། །གཡོན་ན་ཁ་ཊྭཱཾ་ག་འཛིན་པའི། །ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །སྟག་གི་པགས་པས་སྣམ་དཀྲིས་ཤིང༌། །རོ་ལ་ཞོན་ཞིང་གཟི་བརྗིད་འབར། །དབུ་སྐྲ་སེར་པོ་གྱེན་འཁྱིལ་བའི། །ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་གནས། །དངོས་དང་དངོས་མེད་རྣམ་རྟོག་གི །མགོ་བོ་པདྨའི་སྣོད་དུ་ནི། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་ཕྱིར་ནི་རྟག་གསོལ་ཞིང༌། །སྟོང་པའི་རྣམ་པས་ཁ་ཊྭཱཾ་ག །ཐབས་ཀྱིས་རོ་ཡི་གདན་ལ་གནས། །མི་གནས་མྱ་ངན་འདས་དངོས་ཕྱིར། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །བཅོ་ལྔས་ཡོངས་སུ་བསྐོར་བ་ཡི། །ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །སྣོད་ཀྱི་འཇིག་རྟེན་ཡོངས་སྤྱོད་ཞིང༌། །ཡང་དག་ལམ་ནི་ཉེར་མཚོན་བྱེད། །རྟེན་གནས་གྱུར་པའི་བདག་ཉིད་དཔལ། །གཞལ་ཡས་ཁང་ལ་ཕྱག་འཚལ་ལོ། །ལུས་དང་སྲེད་པ་ཡོངས་སྦྱོང་ཞིང༌། །ལྷ་དང་འབྱུང་པོ་དབང་སྡུད་ཕྱིར། །གཞལ་ཡས་ཁང་པ་ཡོངས་བསྐོར་བའི། །དུར་ཁྲོད་བརྒྱད་ལ་ཕྱག་འཚལ་ལོ། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང༌། །བདག་གཞན་ཉེ་བར་སྲུང་བྱེད་པ། །མཐུ་སྟོབས་མཐའ་ཡས་བདག་ཉིད་དཔལ། །སྲུང་བའི་འཁོར་ལོར་ཕྱག་འཚལ་ལོ། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ། །བསྟོད་དབྱངས་རྒྱ་མཚོས་ལེགས་མཆོད་པའི། །དགེ་བ་གང་དེས་འགྲོ་བ་ཀུན། །ཡེ་ཤེས་མཁའ་འགྲོ་ཉིད་གྱུར་ཅིག །རྗེ་བཙུན་རྡོ་རྗེ་བདག་མེད་མའི་དཀྱིལ་འཁོར་ལ་བསྟོད་པ་རྣམ་དག་གི་ཕྲེང་བ་ཞེས་བྱ་བ་འདི་ནི། རྡོ་རྗེ་འཛིན་པ་འཕགས་པས་ཆུ་མོ་ཕག་གི་ལོ། གདུ་བུའི་ཟླ་བའི་ཚེས་ཉི་ཤུ་གཅིག་གི་མཚན་མོར་རྒྱལ་པོ་ཆེན་པོ་ལ་འདི་ཉིད་ཀྱི་དབང་བསྐུར་མདོར་བསྡུས་པ་བྱས་པའི་ཚེ་སྦྱར་བའོ།།  །།ཚིགས་སུ་བཅད་པ་སུམ་ཅུ་རྩ་གཅིག་ཡོད་དོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*