དག་པ་གསུམ་གྱི་ཁྲིད་ཡིག

༼པ༽

༄༅། །དག་པ་གསུམ་གྱི་ཁྲིད་ཡིག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ལམ་གྱི་སྔོན་དུ་འགྲོ་བ་ལ་གཉིས་ལས། བསོད་ནམས་བསག་པ་ནི། གནས་དབེན་པར་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བསོད་ནམས་ཀྱི་ཚོགས་བསག་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་རང་འདུག་པའི་གནས་སྟོང་པར་བསྒོམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་རིན་པོ་ཆེའི་ཁྲི་ཆེན་པོ་པདྨ་དང་ཉི་ཟླ་བརྩེགས་པའི་གདན་སྟེང་ན། དུས་གསུམ་གྱི་སངས་རྒྱས་ཐམསཅད་ཀྱི་ངོ་བོ་བླ་མ་དམ་པ་བཞུགས་པར་བསམ། དེའི་མཐར་མར་བླ་མ་བརྒྱུད་པ་རྣམས་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཞུགས་པར་བསམ། དེ་ནས་རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་སྟབས་གཅིག་ཏུ་ཕྱག་འཚལ་བར་བསམ་ཞིང༌། ན་མོ་གུ་རུ་བྷྱཿ ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མ་སྶཾ་གྷཱ་ཡ། ཞེས་བརྗོད་ཅིང་ཕྱག་འཚལ། དེ་ནས་ཨོཾ་ཨརྒྷཾ། པཱ་དྱཾ། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷཱུ་པྤེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་བརྗོད་པས་ཕྱིའི་མཆོད་པ་ཕུལ་བར་བསམ། དེ་ནས་མཎྜལ་མེ་ཏོག་ཚོམ་བུ་བདུན་བཀོད་ནས། དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུའི་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞེས་བརྗོད་ཅིང༌། དེ་དག་ཏུ་མོས་ནས་བླ་མ་དམ་པ་ལ་ཕུལ་བར་བསམ། དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་དམ་པས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་སྡིག་པ་སྦྱང་བའི་ཕྱིར། སྤྱི་བོར་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་ཞུ་བ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམ། ཛཿཧཱུྃ་བཾ་ཧོཿས་སངས་རྒྱས་ཐམས་ཅད་གཉིས་སུ་མེད་པར་བསྟིམ། དེ་ལ་བདག་གི་སྡིག་པ་དང༌། སྒྲིབ་པ་ཐམས་ཅད་སྦྱང་དུ་གསོལ། ཞེས་གསོལ་བ་བཏབ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་པས། རང་གི་ཕྱི་ནང་གི་སྡིག་པ་དང༌། དྲི་མ་ཐམས་ཅད་དག་པར་བསམ་ཞིང༌། ངག་ཏུ་ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་བཛྲ་ཧེ་རུ་ཀ མཱ་མེ་མུཉྩ་ཧེ་རུ་ཀོ་བྷཱ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཱུྃ་ཕཊ། ཅེས་བརྗོད་དོ། །ཚུལ་འདི་ཇི་ཙམ་གྲུབ་པ་བྱས་པའི་མཐར་རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་བསྔོ། མདུན་གྱི་བླ་མ་འཁོར་དང་བཅས་པ་རྣམས་ལ་ཨོཾ་བཛྲ་མུཿཞེས་བརྗོད་པས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། ཇི་སྲིད་སྡིག་པ་དག་པ་དང༌། བསོད་ནམས་འཕེལ་བའི་རྟགས་མ་བྱུང་གི་བར་དུ་བྱའོ། །སྔོན་དུ་འགྲོ་བའི་བྱ་བའོ། །དེ་ནས་དངོས་གཞི་དག་པ་གསུམ་གྱིས་བསྡུས་པ་ལས། ཐོག་མར་དེ་བཞིན་ཉིད་ཀྱི་དག་པ་ལྟ་བ་བསྒོམ་པའི་ཚུལ་ནི། ཐོག་མར་ཕྱི་དང་ནང་གི་ཆོས་ཐམས་ཅད་བརྟགས་ན་ཕྱོགས་དང་དུས་མེད་པ་ལ། ཕྱོགས་དང་དུས་ཀྱི་ཕྱེ་ཙ་ན་གཅིག་ཏུ་མ་གྲུབ་ཅིང༌། གཅིག་མེད་ན་དུ་མ་མི་འབྱུང་ལ། གཅིག་དང་དུ་མ་མེད་པས་ཡོད་པ་མི་འགྲུབ་ཅིང༌། ཡོད་པ་མེད་ཙ་ན་དེ་ལ་ལྟོས་པ་མེད་པ་མི་འགྲུབ་པས། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོད་མེད་གང་གི་ཡང་ངོ་བོར་མ་གྲུབ་ཅིང་སྤྲོས་བྲལ་ཡིན་པས། རང་གི་སེམས་ཀྱི་རང་བཞིན་ཡང་སྤྲོས་པ་དང་བྲལ་བ་ཡིན་ཞེས་ཐོས་པ་དང་བསམ་པའི་སྒོ་ནས་སྒྲོ་འདོགས་བཅད་ནས་བསྒོམ་པའི་ཚེ། སྟན་བདེ་བ་ལ་ལུས་སྐྱིལ་ཀྲུང་གིས་བསྡད་ནས། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཡན་ལག་དང་པོའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་དེ་ཁོ་ན་ཉིད་ལ་མཉམ་པར་གཞག་སྙམ་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཡན་ལག་གཉིས་པའོ། །དེ་ནས་སྐད་ཅིག་གིས་རང་གི་ལུས་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསལ་བཏབ་ལ། དེ་ལ་རེ་ཞིག་མཉམ་པར་གཞག་པ་ནི་ཡན་ལག་གསུམ་པའོ། །དེ་ནས་སྤྱི་བོར་བླ་མ་དམ་པ་བསྒོམས་ནས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་སྙམ་དུ་མོས་གུས་དྲག་དུ་བསྒོམ་པ་ནི། ཡན་ལག་བཞི་པའོ། །དེ་ནས་དངོས་གཞི་ནི་སྔ་མ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་སྤྲོས་པ་བཅད་ནས། ནམ་མཁའ་ལ་སྤྲིན་དྭངས་པའམ། ཆུ་ལ་འཁྱགས་པ་ཞུ་བ་ལྟར། རྟོག་པ་ཐམས་ཅད་རང་ཡལ་ལ་སོང་ནས། མི་རྟོག་པའི་ངང་ལ་མཉམ་པར་གཞག སེམས་ལ་དམིགས་པ་དང་འཛིན་པ་མེད་པ་ཁོ་ན་བསྒོམ་པ་ཡིན་གྱི། དེ་ལས་གཞན་པ་ནི་བསྒོམ་རྒྱུ་མེད། དངོས་གཞིའི་ཡན་ལག་སྟེ་ལྔ་པའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པ་ལ། དེ་ལྟར་མ་རྟོགས་པའི་དབང་གིས། འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམ་པ་ནི། རྗེས་ཀྱི་ཡན་ལག་ཐོག་མ་སྟེ་དྲུག་པའོ། །དེ་ནས་དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་བསྔོ་བར་བྱའོ། །རྗེས་ཀྱི་ཡན་ལག་གཉིས་པ་སྟེ། ཡན་ལག་བདུན་པའོ། །དེ་ལྟར་ཡན་ལག་བདུན་པོ་འདི་ནི་མཉམ་པར་གཞག་པ་ཡིན་ལ། མཉམ་པར་བཞག་པ་ལས་ལངས་ནས་སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། སྣང་བ་དང༌། གྲག་པ་དང༌། མྱོང་བའི་ཆོས་ཐམས་ཅད་ཡང་དག་པར་ན་རང་བཞིན་མེད་བཞིན་དུ་སྣང་བ་འདི་རྨི་ལམ་དང་སྒྱུ་མ་དང་འདྲ་སྙམ་དུ་བསམས་ནས། གང་ལ་ཡང་ཆགས་པ་དང་ཞེན་པ་མེད་པར་བཟང་ངན་དང༌། བདེ་སྡུག་གིས་ཀྱང་དགའ་མི་དགར་མི་འགྱུར་བར་སྣང་བ་ཐུག་ཕྲད་དུ་སྤྱད་པར་བྱའོ། །དེ་ལྟར་དེ་བཞིན་ཉིད་ཀྱི་དག་པ་བསྒོམས་པས་ལྟ་བ་ཕྱིན་ཅི་ལོག་གི་དབང་དུ་མི་འགྲོ་ཞིང༌། མཚན་མ་དང་རྣམ་པར་རྟོག་པ་མེད་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ནས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་བཞིན་ཉིད་ཀྱི་དག་པ་ཉམས་སུ་བླང་བའོ། །དེ་ནས་ལྷ་སོ་སོའི་དག་པ་བསྐྱེད་པའི་རིམ་པ་བསྒོམ་པ་ནི་དཀྱིལ་འཁོར་རྫོགས་པའམ། དཔའ་བོ་གཅིག་པ་ལྟ་བུ་ལྷ་གང་ཡང་རུང་བ་ཅིག་རྫོགས་པར་བསྒོམས་པའི་མཐར། ལུས་སྐྱིལ་ཀྲུང༌། ལག་པ་མཉམ་གཞག སྒལ་ཚིགས་དྲང་པོར་བསྲང༌། ལྷའི་རྣམ་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་ཝལ་གྱིས་གསལ་བཏབ་ནས། སྤྱན་དབུས་མ་ཁོ་ན་བྱེ་བྲག་ཏུ་གསལ་བ་ལ་དམིགས་པ་གཏད་ནས། མི་གསལ་ན་བྲིས་པའི་སྤྱན་དབུས་མ་ལའང་བལྟ་ཞིང་གསལ་བཏབ། དེས་ཀྱང་གསལ་བར་མ་གྱུར་ན་རང་གི་དཔྲལ་བའི་དབུས་སུ་སྤྱན་དབུས་མ་བྲིས་ནས། མདུན་གྱི་ཉེ་རིང་དང་མཐོ་དམན་རན་པར་མེ་ལོང་ཤིན་ཏུ་གསལ་བ་ཅིག་བཞག་ནས་དེ་ལ་བལྟ། ཡང་མིག་བཙུམས་ཤིང་བསྒོམ། ཡང་བལྟ། ཡང་བསྒོམ། དེ་ལྟ་བུ་ཡང་ཡང་བྱས་པས་དམིགས་པ་གསལ་བར་འགྱུར་རོ། །དེ་ནས་སྤྱན་དབུས་མ་ཡོད་པ་སྙམ་བྱེད་པ་དང༌། ཇི་ཙམ་འདོད་ཀྱི་བར་དུ་མཉམ་པར་གཞག་ཀྱང༌། ཡིད་མི་འཕྲོ་བར་གྱུར་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྤྱན་གསུམ་ཀ་ལ་དམིགས་པ་གཏད་ལ་སྔ་མ་བཞིན་བསྒོམ་མོ། །དེ་ནས་དབུ་རིལ་པོ་དང༌། དེ་ནས་སྐུ་རིལ་པོ་དང༌། དེ་ནས་གདན་དང༌། དེ་ནས་དཀྱིལ་འཁོར་བསྒོམ་པ་ཡིན་ན། དཀྱིལ་འཁོར་གྱི་ལྷ་རྣམས་དང༌། དེ་ནས་གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དང་བཅས་པ་སྔ་མ་བཞིན་བསྒོམ་ཞིང༌། སྤྱན་དབུས་མའི་ཏིང་ངེ་འཛིན་གོམས་པ་བཞིན་མ་གྱུར་གྱི་བར་དུ་བསླབ་པར་བྱའོ། །དེ་ལྟར་བདག་བསྐྱེད་ཀྱི་ལྷ་ལ་དམིགས་པ་གསལ་བ་དང༌། ཕྱི་རོལ་གྱི་དངོས་པོ་གང་ཡང་རུང་བ་ཅིག་རང་གིས་ལྷག་པའི་ལྷར་བསྒོམ་ཞིང་མཉམ་པར་བཞག དེ་ལ་གོམས་པ་དང་རིམ་གྱིས་རྒྱ་བསྐྱེད་ཅིང༌། རང་གིས་མཐོང་ཚད་ཀྱི་སྣང་བ་རྣམས་ལ་ལྷར་བསྒོམ་ཞིང་གོམས་པར་བྱའོ། །དེ་ནས་རང་གིས་བསྒོམས་པའི་ལྷ་དང༌། དཀྱིལ་འཁོར་གྱི་ཚད་ཀྱང་རྒྱ་བསྐྱེད་ཅིང༌། མཐར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་རིམ་པ་བཞིན་ལྷ་དང་དཀྱིལ་འཁོར་གྱི་ཚད་ཇེ་ཆུང་ཇེ་ཆུང་དུ་བསྡུས་ནས། མཐར་ཤིན་ཏུ་ཆུང་བ་ཡུངས་འབྲུའི་ཚད་ཙམ་གྱི་ནང་དུ་ལྷའམ་དཀྱིལ་འཁོར་རྫོགས་པར་བསྒོམ་ཞིང་གསལ་གདབ། དམིགས་པའི་རིམ་པ་དེ་རྣམས་ཀྱང༌། སྤྱན་དབུས་མའི་དམིགས་པ་ལྟར་གོམས་གོམས་ཀྱི་བར་དུ་བསྒོམ། དེ་རྣམས་ལ་གོམས་པ་དང༌། ཡུངས་འབྲུའི་ཚད་ཙམ་གྱི་ལྷ་དང༌། དཀྱིལ་འཁོར་གྱིས་འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོར་ཁྱབ་པར་བསྒོམས་ཀྱང་འཇིག་རྟེན་གྱི་ཁམས་ཆེར་མི་འགྲོ་ཞིང༌། ལྷའི་སྐུ་ཆུང་དུ་མི་འགྲོ་བ་བསྒོམ་ཞིང༌། ཏིང་ངེ་འཛིན་དེ་ཉིད་གོམས་པ་མཐར་མ་སོན་གྱི་བར་དུ་བསྒོམ། དེ་བཞིན་དུ་ཡུངས་འབྲུ་ལྟ་བུ་ཆུང་ངུ་ཞིག་གི་ནང་དུ། ཤིན་ཏུ་རྒྱ་ཆེ་བའི་ལྷ་དང་དཀྱིལ་འཁོར་བསྒོམས་པས། ལྷ་དང་དཀྱིལ་འཁོར་ཆུང་ངུ་མི་འགྲོ་ཞིང༌། ཡུངས་འབྲུ་ཆེར་མི་འགྲོ་བའི་ཚུལ་དུ་བསྒོམ་ཞིང་གོམས་པར་བྱའོ། །ལྷའི་རྣམ་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་སྣང་བ། རང་བཞིན་སྟོང་པ། ངོ་བོ་ཟུང་དུ་འཇུག་པར་བསྒོམ་པར་བྱའོ། །དམིགས་པ་དེ་ལྟ་བུ་གྲུབ་པ་དང་བསྐྱེད་པའི་རིམ་པ་མཐར་ཕྱིན་པ་ཡིན་ནོ། །ལྷ་སོ་སོའི་དག་པ་བསྐྱེད་པའི་རིམ་པའོ། །དེ་ནས་རང་རིག་པའི་དག་པ་བསྒོམ་པ་ལ། ཐོག་མར་བསམ་གཏན་གྱི་ཡན་ལག་དགུས་སྦྱང་བ་ནི། གནས་དབེན་པར་སྟན་བདེ་བ་ལ་བསྡད། རླུང་ནང་དུ་དྲངས་ལ་ཁ་སྦྱར་བ་ཐམས་ཅད་ཀྱི་སྔོན་དུ་བྱས་ལ། མགོ་བོ་མཇིང་པ་བསྒྱུར་བྱ་ཞིང༌། །ལག་པ་གཉིས་ནི་སོ་སོར་གཡབ། །རྐང་པ་གཉིས་ནི་དྲག་ཏུ་སྤྲུག །ཡན་ལག་ལྔ་ཡི་སྦྱང་བ་ཡིན། །ཞེས་པ་ལྟར་ལུས་བདེ་བ་དང་ཡང་བ་དང༌། ཡན་ལག་གི་ནད་ཡོངས་སུ་བྱང་བ་ལ་སོགས་པ་འབྱོངས་པའི་རྟགས་མ་བྱུང་གི་བར་དུ་བྱའོ། །ལུས་སྦྱང་བའོ། །ངག་ཏུ་ཁ་ཏོན་དང་བཟླས་བརྗོད་དང༌། གླེང་བསླང་ལ་སོགས་པ་ངག་གི་ལས་གང་ཡང་མི་བྱེད་པར་མི་སྨྲ་བར་འདུག་པ་ནི། ངག་སྦྱང་བའོ། །སེམས་ཀྱིས་འཇིག་རྟེན་གྱི་བྱ་བའི་བསམ་མནོ་དང༌། ཆོས་ཀྱི་བསམ་མནོ་དང༌། མོས་གུས་དང༌། སྙིང་རྗེ་ལ་སོགས་པ་ཡིད་ཀྱི་ལས་གང་ཡང་མི་བྱེད་པར་ཡིད་དལ་བར་བྱེད་པ་ནི་ཡིད་སྦྱང་བའོ། །དེ་ལྟར་སྦྱང་བ་གསུམ་པོ་ཟླ་བའམ། ལོའི་བར་དུ་བསྒོམས་པས་དེ་ཉིད་ལ་བརྟེན་ནས་ཀྱང༌། ཏིང་ངེ་འཛིན་གྱི་རྣམ་གྲངས་སྐྱེ་བ་སྲིད་ལ། དེ་ནས་གནད་ལ་དབབ་པ་གསུམ་ནི། དུས་ནམ་ཡང་ལུས་ཀྱིས་སྐྱིལ་ཀྲུང་བཅའ། ལག་པ་མཉམ་གཞག་བྱ། སྒལ་ཚིགས་དྲང་དུ་བསྲང༌། མགོ་ཅུང་ཟད་དགུག སོ་དང་མཆུ་སྦྱར། མིག་སྣ་རྩེར་དབབ། ལུས་ལྷོད་ལྷོད་པ་ནི་ལུས་གནད་ལ་དབབ་པའོ། །དེ་ནས་སྣའི་སྒོ་ནས་རླུང་དྲག་ཏུ་ལན་གསུམ་ཕྱིར་བུས་ནས། རླུང་གི་སྐྱོན་ཐམས་ཅད་ཕྱིར་བསལ་བར་བསྒོམ་པ་ནི། ངག་གི་རྟེན་རླུང་ཡིན་པས་ངག་གནད་ལ་དབབ་པའོ། །དེ་ནས་སེམས་མ་ཡེངས་པར་ཀློད་ལ་ཡིད་ལ་མི་བསམ་པར་འཇོག་པ་ནི་སེམས་གནད་ལ་དབབ་པའོ། །འདི་ཟླ་བ་དང་ལོའི་བར་དུ་བསྒོམས་པས་སེམས་གནས་པ་དང༌། ཡིད་བདེ་བ་ལ་སོགས་པའི་ཏིང་ངེ་འཛིན་འབྱུང་ངོ༌། །དེ་ནས་འོག་ནས་འཆད་པའི་ཏིང་ངེ་འཛིན་གང་བསྒོམ་ཡང༌། དེའི་སྔོན་འགྲོ་གསུམ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཏིང་ངེ་འཛིན་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ་པ་དང་གཅིག ཧཱུྃ་ཞེས་བརྗོད་པས་རང་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམ་པ་དང་གཉིས། སྤྱི་བོར་བླ་མ་དམ་པ་བསྒོམས་ནས། དེ་ལ་མོས་གུས་དྲག་པོ་བྱས་པ་དང་གསུམ་ནི་སྔོན་འགྲོ་གསུམ་སྟེ་བསམ་གཏན་གྱི་ཡན་ལག་དགུའོ། །དེ་ནས་བསམ་གཏན་གྱི་དངོས་གཞི་ལ། རླུང་འབྱོངས་ན་གཞན་ཐམས་ཅད་ལ་དབང་འབྱོར་བར་འགྱུར་བས། རླུང་གི་རྣལ་འབྱོར་བདུན་ནི། སྲོག་རྩོལ་བསྒོམ་པ། ཕྱིར་བཏང་བ་ལ་རྩོལ་བ་བཀག་སྟེ་སྲོག་ནས་གཏང་བ། ཤུགས་བསྐྱེད་དེ་གཉིས་ཀ་ནས་གཏང་བ། ཁ་ནས་སྒྲ་བཅས་སུ་གཏང་བ་དང་གསུམ་མོ། །དགང་བ་ནི་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ། ཁ་ནས་སྒྲ་མེད་དུ་དགང་བ་དང་གཉིས་སོ། །གནས་པ་ལམ་དུ་བྱེད་པ་ལ་རླུང་ཁ་སྦྱར་ཏེ་དེ་ལྟར་ན་བདུན་ནོ། །དེ་ནས་སྲོག་རྩོལ་བསྒོམ་པའི་ཚུལ་ནི། ཐོག་མར་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་བར་བྱས་ལ། རླུང་སྣ་བུག་ནས་ཕྱིར་འགྲོ་བའི་ཚེ་ཕྱིར་སོང་སྙམ་དུ་བསྒོམ། དེ་བཞིན་དུ་ནང་དུ་འཇུག་པའི་ཚེ་ནང་དུ་ཞུགས། གནས་པའི་ཚེ་གནས་སྙམ་དུ་བསྒོམ་ཞིང༌། ཚུལ་དེ་ཉིད་ཟླ་བ་ལ་སོགས་པའི་བར་དུ་བསྒོམས་པས། ཏིང་ངེ་འཛིན་སྐྱེ་བ་དང༌། ཕྱིར་རྒྱུ་བ་ལ་བསྣན་ཏེ། ཕྱིར་རིང་དུ་རྒྱུས། ནང་དུ་ཐུང་དུ་རྒྱུས། ནང་དུ་གནས་སྙམ་དུ་བསྒོམ་ཞིང་ཟླ་བ་ལ་སོགས་པའི་བར་དུ་སྦྱང༌། དེ་ནས་རླུང་ནང་དུ་ཞུགས་ནས་ཕྱིར་རྒྱུས་སྙམ་དུ་བསྒོམ་ཞིང་ཟླ་བ་ལ་སོགས་པའི་བར་དུ་སྦྱང༌། དེ་ནས་ནང་དུ་འཇུག་པ་ལ་བསྣན་ཏེ། ནང་དུ་རིང་དུ་རྒྱུས། ནང་དུ་གནས། ཕྱིར་ཐུང་དུ་རྒྱུས་སྙམ་དུ་དྲན་ཞིང༌། ཟླ་བ་ལ་སོགས་པའི་བར་དུ་སྦྱང༌། དེ་དག་གི་རླུང་འགྲོ་འོང་ཇི་ལྟར་བསྒོམ་པའི་ཚུལ་དང་བསྟུན་ཞིང་བྱའོ། །མཐར་ཕྱིན་པའི་ཚད་ནི། རྒྱུ་བ་གསལ་བ་ཞེས་བྱ་བ་སྣ་སྒོ་ནས་ས་རླུང་སེར་པོ་རྒྱུ་བ་དང་ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་སྔོན་རྣམས་མངོན་སུམ་དུ་མཐོང་བ་འབྱུང་ངོ༌། །རྣམ་པར་ངེས་པ་ཞེས་བྱ་བ། གཡས་ནས་རྒྱུ་བའི་རླུང་གཡོན་དུ་སྤོ་ནུས་པ་འབྱུང་སྟེ། དེ་གཉིས་ནི་མཐར་ཕྱིན་པའི་ཚད་དོ། །ཡོན་ཏན་ནི་རླུང་ལ་བརྟེན་ནས། ཕྲིན་ལས་བཞི་འགྲུབ་པ་དང༌། གཞན་གྱི་སེམས་ཤེས་པའི་མངོན་ཤེས་ལྟ་བུ་ཡང་ཅི་རིགས་པ་འབྱུང༌། གཟའ་དང་ཐོག་ལ་སོགས་པ་དུས་མ་ཡིན་པར་འཆི་བའི་འཇིགས་པའི་སྐྱོན་སེལ་ལོ། །འདི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་རྟགས་མ་བྱུང་གི་བར་དུ་བསྒོམ་པ་གལ་ཆེའོ། །སྲོག་རྩོལ་བསྒོམ་པའི་རིམ་པ་སྟེ་རླུང་གི་རྣལ་འབྱོར་དང་པོའོ། །དེ་ནས་གཏང་བའི་ཡན་ལག་རྩོལ་བ་བཀག་སྟེ། སྲོག་ནས་གཏང་བ་ནི། བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་ནས་རང་གི་ཤེས་པ་སྣ་བུག་གཡོན་པའི་སྒོར་གཏད་ལ། མཛུབ་མོ་གཡས་པས་སྣ་བུག་གཡས་པའི་སྒོ་བཀག་ནས། སྣ་བུག་གཡོན་ནས་རླུང་རིམ་གྱིས་གཏང༌། ཕྱིར་ཐུབ་ཚད་ཅིག་བཞག ནང་དུ་འཇུག་པའི་ཚེ། དམིགས་པ་དང་རྩོལ་བ་མེད་པར་རིམ་གྱིས་འོང་དུ་གཞུག ཡང་སྔ་མ་བཞིན་དུ་གཏང༌། དེ་ལྟ་བུ་རྟགས་མ་བྱུང་གི་བར་དུ་བསྒོམ། རྟགས་ནི་རླུང་ཕྱིར་བཏང་ནས། རླུང་ཟད་ཀྱང་མི་བདེ་བ་མེད་པར་ཇི་ཙམ་འདོད་པའི་བར་དུ་ཕྱིར་བཞག་ནུས་པ་འབྱུང་ངོ༌། །ཡོན་ཏན་ནི་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ། རོ་སྟོད་གཟེར་བ་དང༌། གྲང་བ་ལ་སོགས་པའི་སྐྱོན་ཐམས་ཅད་སེལ། བཏང་བའི་ཡན་ལག་དང་པོའོ། །དེ་ནས་ཤུགས་བསྐྱེད་དེ་གཉིས་ཀ་ནས་གཏང་བ་ནི། བསམ་གཏན་གྱི་ཡན་ལག་དགུ་སྔ་མ་ལྟར་བསྒོམས་ལ། རང་གི་ཤེས་པ་སྨིན་མཚམས་སུ་གཏད་ནས། སྣ་བུག་གཉིས་ཀ་ནས་རླུང་ཕྱིར་དྲག་ཏུ་གཏང༌། ཕྱིར་ཐུབ་ཚད་ཅིག་བཞག ནང་དུ་འཇུག་པའི་ཚེ་དམིགས་པ་དང༌། རྩོལ་བ་མེད་པར་འོང་དུ་གཞུག ཡང་སྔ་མ་ལྟར་གཏང༌། དེ་ལྟ་བུ་ཞག་འགའི་བར་དུ་བསྒོམ། དེ་ནས་དམིགས་པ་རང་གི་མདུན་འདོམ་གང་གི་སར་གཏད། དེ་ནས་འདོམ་བཅུ་ཙམ་གྱི་སར་གཏད། དེ་ནས་རིམ་པ་བཞིན་འདོམ་བརྒྱ་དང༌། སྟོང་དང༌། ཁྲི་དང༌། འབུམ་དང༌། མཐར་ནམ་མཁའི་མཐའ་ཚད་མེད་པ་ལ་ཤེས་པ་གཏད་ལ་རླུང་བཏང་ཞིང༌། སྔ་མ་ལྟར་བསྒོམ། གོམས་པའི་ཚད་སྔ་མ་དང་འདྲ། ཡོན་ཏན་མགོ་ནད་མིག་ནད་དང༌། དབུགས་ཀྱི་ནད་མ་ལུས་པ་སེལ། བཏང་བའི་ཡན་ལག་གཉིས་པའོ། །དེ་ནས་ཁ་ནས་སྒྲ་བཅས་སུ་གཏང་བ་ནི། བསམ་གཏན་གྱི་ཡན་ལག་དགུ་ཚང་བར་བྱས་ནས་ཤེས་པ་ཁའི་ཕྱི་སོའི་ཐད་ཀར་གཏད་ལ། སོ་བསྒྲིགས་ནས་སོའི་སྒྲ་དང་བཅས་ནས། རླུང་སོའི་བར་ནས་རིམ་གྱིས་གཏང༌། ནང་དུ་འཇུག་པའི་ཚེ། དམིགས་པ་མེད་པར་རིམ་གྱིས་འོང་དུ་གཞུག དེ་ལྟ་བུ་རྟགས་མ་བྱུང་གི་བར་དུ་བསྒོམ། མཐར་ཕྱིན་པའི་ཚད་སྔ་མ་དང་འདྲ། ཡོན་ཏན་ལུས་ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བར་འགྱུར་རོ། །ཁྲག་གི་ནད་དང་རིམས་གློ་བུར་བ་དང༌། ཚད་པའི་ནད་སེལ། བཏང་བའི་ཡན་ལག་གསུམ་པའོ། །དེ་ནས་དགང་བའི་ཡན་ལག་ནི། རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ནི། བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་ནས། རང་གི་ལྟེ་བའི་ནང་དུ་སྒོ་ང་ཁོག་སྟོང་ལྟ་བུའི་འོད་ཀྱི་གོང་བུ་ཕྱི་དཀར་ལ་ནང་སེར་བ་སྟོང་སང་ངེ་བ་ཅིག་བསྒོམ། རླུང་ཐམས་ཅད་དེའི་ནང་དུ་སིབ་སིབ་འཇུག་པ་ལ་ཤེས་པ་གཏད་ལ། མཛུབ་མོ་གཡས་པས་སྣ་བུག་གཡས་པ་བཀག་ནས། གཡོན་པ་ནས་རིམ་གྱིས་རླུང་རྔུབས་ནས། རླུང་རྫོགས་པ་དང༌། མཆིལ་མ་སྒྲ་མེད་པར་མིད་ལ། རླུང་ཐུབ་ཚད་ཅིག་མནན་ནོ། །མ་ཐུབ་པ་དང་སེམས་ཀྱི་དམིགས་པ་མེད་པར་དལ་བུས་ཕྱིར་བཏང་ངོ༌། །ཡང་སྔ་མ་བཞིན་དུ་དྲང་ཞིང༌། དེ་ལྟ་བུ་རྟགས་མ་བྱུང་གི་བར་དུ་བྱའོ། །མཐར་ཕྱིན་པའི་ཚད་ནི་ཇི་ཙམ་འདོད་པར་མནན་ཐུབ་པ་དང༌། མནན་ཡང་མི་བདེ་བ་མེད་པ་ཡིན་ནོ། །ཡོན་ཏན་དྲོད་དང་བདེ་བ་སྐྱེ། །གྲང་བ་དང༌། སྐྲན་དང་མ་ཞུ་བའི་སྐྱོན་སེལ་ལོ། །དེ་ནས་ཁ་ནས་སྒྲ་མེད་དུ་དགང་བ་ནི་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་ནས། ལྟེ་བར་ཆོས་འབྱུང་ཕྱི་སྔོ་ལ་ནང་དམར་བ་ཅིག་བསྒོམས་ནས། རླུང་ཁ་ནས་སྒྲ་མེད་པར་དལ་བུས་རྔུབ་ཅིང་རྔུབས་ཚར་བ་དང༌། མཆིལ་མ་སྒྲ་མེད་པར་མིད་ལ་ཐུབ་ཚད་ཅིག་མནན་ནོ། །ཕྱིར་གཏོང་བའི་ཚེ་དམིགས་པ་མེད་པར་རིམ་གྱིས་གཏང༌། དེ་ལྟ་བུ་རྟགས་མ་བྱུང་གི་བར་དུ་སྦྱང༌། མཐར་ཕྱིན་པའི་ཚད་ནི། རླུང་ཇི་ཙམ་འདོད་པ་ནང་དུ་གནས་པ་དང༌། མི་བདེ་བ་མེད་པ་ཡིན། ཡོན་ཏན་དྲོད་དང་བདེ་བ་སྐྱེ་ཞིང་ཁམས་རྒྱས་པར་འགྱུར། དམུ་ཆུ་དང་ལྟོ་བའི་སྐྱོན་མ་ལུས་པ་སེལ་ལོ། །དགང་བའི་ཡན་ལག་གཉིས་པའོ། །དེ་ནས་གནས་པ་ལམ་དུ་བྱེད་པ་ཁ་སྦྱོར་བསྒོམ་པ་ནི། བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་ནས། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་མནན་ནས། ལྟེ་བར་གཏུམ་མོའི་མེ་ཨ་ཤད་ཀྱི་རྣམ་པ་ལྟ་བུ་ཕྲ་ཞིང་ཚ་ལ་ངར་དང་ལྡན་པ་ཅིག་བསྒོམ། དེ་ནས་འོག་རླུང་ཅུང་ཟད་ཡར་འཐེན་ནས། སྟེང་རླུང་གང་ནས་རྒྱུ་བའི་སྣ་སྒོ་ནས་རིམ་གྱིས་དྲངས་ནས་རླུང་ཐམས་ཅད་ལྟེ་བའི་ཨ་ལ་ཐིམ་པར་བསམ། རླུང་རྫོགས་པ་དང༌། མཆིལ་མ་ཅིག་མིད་ནས། སྟེང་རླུང་གིས་འོག་རླུང་དྲག་ཏུ་འཐེན་ནས། རླུང་གཉིས་ལྟེ་བའི་གནས་སུ་ཁ་སྦྱར་བས། གཏུམ་མོའི་ནུས་པ་བསྐྱེད་པར་བསམ་ཞིང་ཐུབ་ཚད་གཟུང་ངོ༌། །དེ་ལྟ་བུ་ཐུན་བཞི་ལ་སོགས་པའི་ངེས་པར་རྟགས་མ་བྱུང་གི་བར་དུ་བསྒོམ། དེའང་དང་པོ་སྐྱིལ་ཀྲུང་བཅས་ནས་སྦྱང༌། དེ་ནས་ཙོག་པུ་དང༌། ཉལ་བ་དང༌། ལངས་པ་དང༌། འགྲོ་བ་ལ་སོགས་པ་ཐམས་ཅད་བསླབ་ཅིང་གོམས་པར་བྱའོ། །མཐར་ཕྱིན་པའི་ཚད་ནི། སྤྱོད་ལམ་ཇི་ལྟར་གནས་ཀྱང་རུང༌། ཁ་སྦྱང་འདོད་ཚད་དུ་ཐུབ་པའོ། །ཡོན་ཏན་ནི་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེའོ། །ལུས་ཀྱི་འབྱུང་བ་འཁྲུགས་པའི་སྐྱོན་ཐམས་ཅད་སེལ་ལོ། །ཁ་སྦྱོར་བསྒོམ་པའི་ཚུལ་ཏེ་རླུང་གི་རྣལ་འབྱོར་རྣམ་པ་བདུན་ནོ། །དེ་ནས་གཏུམ་མོའི་རྣལ་འབྱོར་ནི། ལུས་ཙོག་པུ་ཐབ་མགལ་གྱི་ཕྱག་རྒྱ་བཅའ། བསམ་གཏན་གྱི་ཡན་ལག་བཞི་སྔར་དང་འདྲ། ལྟེ་བའི་སོར་བཞིའི་འོག་ཏུ་གཏུམ་མོའི་མེ་རྟ་རྔ་བརྒྱར་གཤགས་པ་ལྟར་ཕྲ་བ་སོར་ཕྱེད་ཀྱི་ཚད་དང་ལྡན་པ་ཚ་བ་ངར་དང་ལྡན་པ་ཅིག་བསྒོམས་ནས། སྟེང་རླུང་མནན་འོག་རླུང་བསྡམས་ལ། ཁ་སྦྱར་གྱི་ཚུལ་སྔ་མ་ལྟར་བསྒོམས་ནས། སྟེང་འོག་གི་རླུང་ཐམས་ཅད་ལྟེ་བའི་གཏུམ་མོའི་མེ་ལ་ཐིམ་པར་བསྒོམ། མ་ཐུབ་ཙ་ན་དལ་བུས་གཏང་ངོ༌། །དེ་ལྟ་བུ་རྟག་ཏུ་བསྒོམས་པས་ཐོག་མར་ལྟེ་བའི་གནས་སུ་དྲོད་སྐྱེ། དེ་ནས་ལུས་ཐམས་ཅད་ལ་དྲོད་ཅི་རིགས་པ་འབྱུང་ངོ༌། །དེ་ནས་གཏུམ་མོའི་མེ་དེ་ཆེར་བསྐྱེད་དེ། ལྟོ་བའི་གནས་གང་བ་ལ་དམིགས་པ་གཏད་ལ་བསྒོམ། དེ་ནས་རིམ་པ་བཞིན་དུ་ལུས་ཀྱི་ནང་ཐམས་ཅད་གང་བ་དང༌། ཕྱི་རོལ་དུ་འདོམ་གང་གི་ཁོར་ཡུག་གང་བ་དང༌། རྒྱང་གྲགས་དང༌། དཔག་ཚད་དང༌། ཡུལ་འཁོར་དང༌། གླིང་དང༌། འཇིག་རྟེན་གྱི་ཁམས་དང༌། མཐར་ནམ་མཁའི་མཐས་ཁྱབ་པ་ཐམས་ཅད་མེས་ཡོངས་སུ་གང་བ་ལ་དམིགས་ཤིང་རླུང་ཁ་སྦྱར་སྔ་མ་ལྟར་བསྒོམ། མཐར་ཕྱིན་པའི་ཚད་ནི། རྩོལ་བ་མ་བྱས་ཀྱང་དྲོད་རྒྱུན་མི་འཆད་པ་འབྱུང༌། ཡོན་ཏན་དྲོད་ཀྱིས་གཙོ་བྱས་པའི་ལུས་ཐམས་ཅད་ལ་བདེ་བ་སྐྱེའོ། །གཏུམ་མོའི་རྣལ་འབྱོར་རོ། །དེ་ནས་ཐིག་ལེའི་རྣལ་འབྱོར་ནི། ལུས་སྐྱིལ་མོ་ཀྲུང་དུ་བཅས་ནས། རང་གི་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་སེན་མོ་ཟླུམས་པ་ཙམ་ཞིག་བསམ། དེའི་སྟེང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དཀར་ལ་ཟླུམས་པ་སྲན་མ་ཙམ་ཞིག་བསྒོམ། དེ་ལ་ཡིད་གཏད་ནས་རླུང་ཅི་བདེ་བར་རྒྱུར་གཞུག དེ་ལྟ་བུ་ཐུན་ཚོད་དང་ཐུན་གྲངས་མེད་པར་དུས་རྟག་ཏུ་བསྒོམ། དེ་ལ་གོམས་པ་དང་སྨིན་མཚམས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྔ་མ་ལྟ་བུ་ཞིག་བསྒོམས་ལ། དེ་ལ་ཡིད་གཏད་ལ་སྔ་མ་ལྟར་བསྒོམ། དེ་ལ་གོམས་པ་དང༌། གསང་གནས་ཀྱི་ནང་དུ་ཐིག་ལེ་དམར་པོ་ཞིག་བསྒོམས་ནས། དེ་ལ་ཡིད་གཏད་ནས་སྔ་མ་བཞིན་བསྒོམ། དེ་ལ་གོམས་པ་དང༌། ཐིག་ལེ་གསུམ་ཀ་ཅིག་ཅར་བསྒོམས་ནས། གསུམ་ཀའང་འོད་ཀྱི་སྐུད་པ་ཕྲ་མོ་ཅིག་གིས་སྦྲེལ་ནས། དབུགས་ཕྱིར་རྒྱུ་བའི་ཚེ། གསང་གནས་ཀྱི་ཐིག་ལེའི་ནུས་པ་སྙིང་གི་ནང་གི་ཐིག་ལེ་ལ་ཐིམ། ནང་དུ་འཇུག་པའི་ཚེ་སྨིན་མཚམས་ཀྱི་ཐིག་ལེའི་ནུས་པ་སྙིང་གི་ནང་གི་ཐིག་ལེ་ལ་ཐིམ། གནས་པའི་ཚེ་སྙིང་གི་ཐིག་ལེའི་ནུས་པས་ལུས་དང་ཡན་ལག་གི་རྩ་དང༌། ཡི་གེའི་སྦུབས་ན་གནས་པའི་ཁམས་ཐམས་ཅད་ཀྱི་ནུས་པ་རྒྱས་པར་བསྒོམ་ཞིང༌། ཐུན་གྲངས་མེད་པར་ཡིད་ཇི་ལྟར་འཇུག་པ་བཞིན་བསྒོམ་མོ། །གོམས་པའི་ཚད་ཏིང་ངེ་འཛིན་དེའི་ངང་དུ་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བ་དང༌། བཟའ་བ་དང༌། བཏུང་བ་མེད་ཀྱང་ཁམས་རྒྱས་པར་འགྱུར་རོ། །ཡོན་ཏན་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེའོ། །ལུས་དང་དབང་པོ་རྒུད་པ་དང༌། ཡིད་མི་བདེ་བའི་སྐྱོན་ཐམས་ཅད་སེལ་ལོ། །ཐིག་ལེའི་རྣལ་འབྱོར་རོ། །དེ་ནས་རླུང་དང༌། གཏུམ་མོ་དང༌། ཐིག་ལེའི་རྣལ་འབྱོར་སྣ་ཚོགས་པར་བསྒོམ་པའི་ཚུལ་ལ་ཚུལ་མང་དུ་གསུངས་པ་ལས། འཁོར་ལོ་བཞི་ལ་བརྟེན་པའི་རྣལ་འབྱོར་ནི་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་ནས། རང་གི་ལུས་ཀྱི་དབུས་ཀྱི་ཆ་ལ་རྩ་ཨ་ཝ་དྷཱུ་ཏཱི་ཤིན་ཏུ་ཕྲ་ཞིང་དྲང་བ་ཅིག་ཡོད་པར་བསམ། དེའི་གཡས་ཀྱི་ཆ་ལ་ར་ས་ནཱ་མེའི་རང་བཞིན་དམར་པོ་ཁ་གྱེན་དུ་ལྟ་བ་བསམ། གཡོན་གྱི་ཆ་ལ་ལ་ལ་ན་དཀར་པོ་ཆུའི་རང་བཞིན་ཁ་ཐུར་དུ་ལྟ་བ་བསམ། རྩ་དབུས་མའི་ཆ་ལ་བརྟེན་པའི་ལྟེ་བར་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཨ་ཁ་དོག་སྣ་ཚོགས་མགོ་གྱེན་དུ་ལྟ་བ་དེའི་ནང་སྐོར་བརྒྱད་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། ཕྱི་སྐོར་འདབ་མ་དྲུག་ཅུ་རྩ་བཞི་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་ཕྲག་གཉིས་དང༌། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཞེས་པ་རྣམས་ཡོད་པར་བསམ། སྙིང་ག་ལ་བརྟེན་པར་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ནག་པོ་མགོ་ཐུར་དུ་ལྟ་བ། ཕྱོགས་བཞིར་བྷྲཱུྃ་ཨཱཾ་ཛྲཱིྃ་ཁྃ་མཚམས་བཞིར་ལྃ་མྃ་པྃ་ཏཱྃ་རྣམས་ཡོད་པར་བསམ། །མགྲིན་པ་ལ་རྟེན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པའི་ལྟེ་བར། ཨོཾ་དམར་པོ་མགོ་གྱེན་དུ་ལྟ་བ། འདབ་མ་རྣམས་ལ་ཨཱ་ལི་ཕྲག་གཉིས་བསམ། སྤྱི་བོ་ལ་བརྟེན་པ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཧྃ་དཀར་པོ་མགོ་ཐུར་དུ་ལྟ་བ། འདབ་མ་རྣམས་ལ་ཨཱ་ལི་ཕྲག་གཉིས་བསམ། དེ་ནས་འོག་རླུང་བསྐྱོད་པའི་སྦྱོར་བའི་ལྟེ་བའི་གཏུམ་མོའི་མེ་སྦར་བ། གཡས་རོ་མའི་མེ་དང་བསྡོངས་ནས་སོང་བས་སྙིང་གའི་འཁོར་ལོ་བསྲེགས། མགྲིན་པའི་འཁོར་ལོའང་བསྲེགས། མེ་དེ་སྤྱི་གཙུག་ནས་སོང་ནས་སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་ལོང་བུ་གཡས་པ་ནས་ཞུགས། སངས་རྒྱས་ཀྱི་ལྟེ་བའི་གཏུམ་མོའི་མེ་སྦར། དེས་སངས་རྒྱས་ཀྱི་སྤྱི་གཙུག་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཕབ་པ་དེ། གཏུམ་མོའི་མེའི་ནུས་པས་དྲངས་ནས་སྤྱི་གཙུག་ནས་བབ། གཡོན་རྐྱང་མའི་ཐིག་ལེ་དང་བསྡོངས་ནས་བབ། སྤྱི་གཙུག་གི་འཁོར་ལོ་གསལ་བཏབ། ཡང་གཡོན་རྐྱང་མའི་ཐིག་ལེ་དང་བསྡོངས་ནས་བབ། མགྲིན་པའི་འཁོར་ལོ་གསལ་བཏབ། ཡང་མར་བབ་ནས་ལྟེ་བའི་འཁོར་ལོ་གསལ་གདབ། དེ་ནས་ཐིག་ལེའི་ཐིགས་པ་ཕྲ་མོ་གཅིག་ལྟེ་བའི་ཨ་ལ་ཕོག་པས། ཨ་ལས་མེའི་འོད་ཟེར་ཆ་ཤིན་ཏུ་ཕྲ་བ་གཅིག་དབུས་ཀུན་འདར་མའི་ནང་ན་ཡར་སོང༌། སྤྱི་གཙུག་གི་ཧྃ་ལ་ཕོག་པས་ཧྃ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཤིན་ཏུ་ཕྲ་བའི་རྒྱུན་དབུས་ཀུན་འདར་མ་ནས་བབ། ཐིག་ལེའི་གནས་ནས་བརྒྱུད་ནས་ལུས་ཀྱི་རྩ་དང་ཡི་གེ་ཐམས་ཅད་ལ་ཁྱབ། གཏུམ་མོའི་མེ་ཤིན་ཏུ་ཕྲ་བའང་ཀུན་འདར་མའི་ནང་ན་ཡར་འབར། དེའི་ནུས་པས་ལུས་ཐམས་ཅད་དྲོད་ཀྱིས་གང༌། དེ་ལ་དམིགས་པ་གཏད་ནས་རླུང་ཁ་སྦྱར་སྔ་མ་ལྟར་བསྒོམ། དེ་ལྟ་བུ་ཅི་ནུས་པ་རྒྱུན་མི་འཆད་པར་བསྒོམ། མཐར་ཕྱིན་པའི་རྟགས་དང་ཡོན་ཏན་དུ་རླུང་གི་ནུས་པ་ནང་དུ་ཇི་ཙམ་གནས་པར་ཐུབ་པ་དང༌། ཕྱིར་ཇི་ཙམ་འདོད་པར་གཏོང་བ་དང༌། སྟེང་འོག་གི་ནད་སྟེང་འོག་ཏུ་འབྱུང་བར་ནུས། ཐིག་ལེའི་ནུས་པས་ཐིག་ལེ་མི་ཉམས་པ་དང༌། ཁམས་རྒྱས་པ་དང༌། ཏིང་ངེ་འཛིན་དང༌། མངོན་པར་ཤེས་པ་འབྱུང༌། གཏུམ་མོའི་ནུས་པས་ལུས་དྲོད་དང་ལྡན་པ་དང་ཟོ་མདོག་བཟང་བ་དང༌། ཕྱི་ནང་གི་ནད་མ་ལུས་པ་སེལ་བ་འབྱུང༌། རྩའི་ནུས་པས་འབྱུང་བ་འཁྲུགས་པའི་ནད་ཐམས་ཅད་སེལ་བ་དང་རྫུ་འཕྲུལ་སྟོན་ནུས་པ་འབྱུང་ངོ༌། །དེ་ལྟར་རླུང་སེམས་ལ་དབང་འབྱོར་བ་དང༌། དབང་གསུམ་པའི་ལམ་རྗེས་སུ་ཆགས་པའི་རྣལ་འབྱོར་དང་མཐུན་པར་སྤྱད་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་བར་འགྱུར་ལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཟབ་པ་དང་རྒྱ་ཆེ་བའི་མན་ངག་ཐོས་ཤིང་བསྒོམས་ནས། སངས་རྒྱས་ཀྱི་སའི་བར་དུ་བགྲོད་པར་འགྱུར་བས། འཇིག་རྟེན་ལས་འདས་པའི་ལམ་ནི་འདིར་མ་བྲིས་སོ། །དེ་ལྟར་དག་པ་རྣམ་པ་གསུམ་གྱི་སྒོ་ནས་རྣལ་འབྱོར་པས་ལམ་ཉམས་སུ་བླངས་པས། འཇིག་རྟེན་ལས་འདས་པའི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཚུལ། ཆོས་རྗེ་ས་སྐྱ་པ་ཡབ་སྲས་ཀྱི་མན་ངག་བཞིན། རྡོ་རྗེ་འཛིན་པ་འཕགས་པས་བྲིས་ནས་རྒྱལ་པོ་ཆེན་པོ་དང་བཙུན་མོ་ལ་ཕུལ་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*