༼པ༽
༄༅། །བདེ་མཆོག་ནག་པོ་པའི་དབང་གི་སྡོམ་ཚིག་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྣ་ཚོགས་པདྨའི་ལྟེ་བར་བཞུགས། །འཇིགས་བྱེད་དུས་མཚན་མཉམ་པར་མནན། །སྲིད་དང་ཞི་བའི་བདག་ཉིད་གཙོ། །ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ། །སློབ་མ་དབང་བསྐུར་བྱ་བ་ཡི། །ཆོ་གའི་རིམ་པའི་སྡོམ་གྱི་ཚིག །བླ་མའི་གསུང་བཞིན་བྲི་བར་བྱ། །སྔོན་དུ་བསྙེན་པའི་བྱ་བ་དང༌། །དེ་བཞིན་དངོས་གཞིའི་བྱ་བ་དང༌། །དཀྱིལ་འཁོར་མཇུག་གི་བྱ་བ་སྟེ། །རྣམ་པ་གསུམ་གྱིས་བསྡུས་པ་ཡིན། །ཕན་ཚུན་འབྲེལ་བརྟག་བླ་མར་གསོལ། །བསྙེན་པར་གསོལ་དང་ཡོ་བྱད་དྲི། །གཉེན་པོ་དྲི་དང་གནས་བརྟག་པ། །དྲུག་ནི་བསྙེན་པའི་སྔོན་འགྲོའི་ཆོས། །བདག་དང་བུམ་པའི་རྣལ་འབྱོར་དང༌། །མཆོད་དང་སྔགས་ཀྱི་བཟླས་པ་དང༌། །དེ་བཞིན་བསྙེན་པའི་ཚད་དང་ལྔས། །བསྙེན་པའི་དངོས་གཞི་བསྟན་པ་ཡིན། །སྤྱོད་དང་བརྟུལ་ཞུགས་རིམ་པ་སྟེ། །གཉིས་ཀྱིས་དངོས་གཞིའི་བྱ་བ་བསྟན། །ས་ཆོག་དང་ནི་སྟ་གོན་དང༌། །ཐིག་གིས་བྲི་དང་ཚོན་གྱིས་བྲི། །བསྒྲུབ་དང་མཆོད་དང་འཇུག་པ་སྟེ། །དཀྱིལ་འཁོར་སྤྱོད་པ་རྣམས་པ་བདུན། །ས་ཕྱོགས་བརྟག་དང་བསླང་བ་དང༌། །སྦྱང་བ་དང་ནི་བྱིན་གྱིས་བརླབ། །བསྲུང་ཞིང་ཡོངས་སུ་གཟུང་བ་སྟེ། །རྣམ་པ་དྲུག་གིས་ས་ཆོག་བསྟན། །ཕྱོགས་དང་དབྱིབས་དང་ཁ་དོག་དང༌། །ས་ཡི་མཚན་མ་དེ་བཞིན་ལྟས། །རང་གི་ཡིད་ཀྱིས་བརྟག་པ་སྟེ། །རྣམ་པ་དྲུག་གིས་བརྟག་པ་བསྟན། །བསླང་བ་རྣམ་གཉིས་མངོན་པ་དང༌། །མི་མངོན་པ་ལས་བསླང་བའོ། །ལུས་ཀྱི་ལས་དང་ཏིང་འཛིན་གྱིས། །ས་དང་བགེགས་ཀྱི་སྐྱོན་གཉིས་སྦྱང༌། །བྱིན་གྱིས་བརླབ་པ་རྣམ་གསུམ་སྟེ། །སྔགས་དང་ཏིང་འཛིན་སྟང་སྟབས་སོ། །བསྲུང་བ་རྣམ་གཉིས་ཏིང་འཛིན་སྔགས། །གཟུང་བ་གཉིས་ཡིན་བློ་དང་ནི། །རྫོགས་སངས་རྒྱས་ཀྱིས་གཟུང་བའོ། །སྟང་སྟབས་ཚུལ་ནི་དྲུག་ཡིན་ཏེ། །གོམ་སྟབས་གར་སྟབས་འདུག་སྟངས་དང༌། །ལག་སྟབས་བཞིན་གྱིས་འགྱུར་ཚུལ་དང༌། །དེ་བཞིན་ངག་གི་འདྲེན་པའོ། །སྟ་གོན་སྔོན་འགྲོ་དངོས་དང་མཇུག །རྣམ་པ་གསུམ་གྱིས་བསྡུས་པ་ཡིན། །སྔོན་འགྲོ་ཡོ་བྱད་བསགས་པ་དང༌། །བདག་གི་རྣལ་འབྱོར་གཉིས་ཡིན་ནོ། །དངོས་ཀྱི་བྱ་བ་ས་དང་ལྷ། །བུམ་པ་སློབ་མའི་ལས་དང་བཞི། །ས་ཡི་ལྷ་མོ་བསྒྲུབ་པ་དང༌། །མཆོད་དང་གཏོར་མ་སྦྱིན་པ་དང༌། །མཁྱེན་པར་གསོལ་དང་གཤེགས་སུ་གསོལ། །ལྔ་ནི་ས་ཡི་སྟ་གོན་ནོ། །རྡོ་རྗེ་ཕུར་བུས་བསྲུང་བ་དང༌། །ཚོམ་བུ་བསྒྲུབ་དང་མཆོད་པ་དང༌། །གཏོར་མ་དབུལ་དང་སྙན་གསན་དབབ། །ལྔ་ནི་ལྷ་ཡི་སྟ་གོན་ནོ། །བུམ་པར་ལྷ་བསྐྱེད་མཆོད་པས་མཆོད། །བཟླས་པས་མཉེས་བྱས་སླར་ཡང་མཆོད། །ཡེ་ཤེས་ཆུར་ནི་བྱིན་བརླབ་པ། །ལྔ་ནི་བུམ་པའི་སྟ་གོན་ནོ། །བདག་བསྐྱེད་དཀྱིལ་འཁོར་ཚོགས་ཀྱིས་མཆོད། །སྐབས་ཀྱི་བྱ་བ་ཤེས་པར་བྱ། །མཎྜལ་དབུལ་དང་ངེས་འབྱུང་བསྐྱེད། །ནང་གི་དབང་བསྐུར་གསོལ་བ་གདབ། །སྤྲོ་བ་བསྐྱེད་དང་བྱང་སེམས་བསྐྱེད། །བསྲུང་དང་མཆོད་དང་སོ་ཤིང་དོར། །སྐྱོར་ཆུ་བླུད་དང་སྲུང་སྐུད་བཅིང༌། །ཀུ་ཤ་སྦྱིན་དང་ཆོས་བཤད་དང༌། །རྨི་ལམ་ལེགས་པར་བརྟག་པ་སྟེ། །བཅུ་བཞི་སློབ་མའི་སྟ་གོན་ནོ། །ཚོམ་བུའི་དཀྱིལ་འཁོར་མཆོད་བྱས་ནས། །ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། །དཀྱིལ་འཁོར་བསྡུ་ཞིང་བདག་ཉིད་བསྲུང༌། །བཞི་ནི་སྟ་གོན་མཇུག་གི་ལས། །ཐིག་ཚོན་བྱིན་གྱིས་བརླབ་པ་དང༌། །ལས་ཀྱི་ཐིག་གིས་ཆ་དབྱེ་དང༌། །ཡེ་ཤེས་ཐིག་གིས་བྱིན་བརླབ་པ། །ཐིག་གིས་བྲི་བའི་ཆོས་གསུམ་མོ། །བླ་མས་དབང་ལྡན་རྩིག་པ་བྲི། །དེ་རྗེས་སློབ་མས་བྲི་བྱ་ཞིང༌། །མཚན་པ་དགོད་ཅིང་རྒྱན་དགྲམ་པ། །ཚོན་གྱིས་བྲི་བའི་ཆོས་བཞིའོ། །ཡོ་བྱད་བསགས་དང་བདག་བསྐྱེད་བསྒོམ། །དཀྱིལ་འཁོར་སྦྱང་ཞིང་བསྒྲུབ་པ་དང༌། །བྱིན་བརླབ་མཆོད་དང་གཏོར་མ་སྦྱིན། །རྣམ་པ་བདུན་གྱིས་བསྒྲུབ་པ་བསྟན། །འཇུག་པ་རྣམ་གཉིས་སློབ་དཔོན་དང༌། །དེ་བཞིན་སློབ་མ་འཇུག་པའོ། །སློབ་དཔོན་ཕྱག་གཉིས་སྦྱོར་ལྡན་པས། །དཀྱིལ་འཁོར་འཇུག་ཅིང་དབང་རྣམས་བླང༌། །བདེན་པའི་སྟོབས་བརྗོད་གསོལ་བ་གདབ། །ལྔ་ཡིས་སློབ་དཔོན་འཇུག་པ་བསྟན། །ཚོགས་ཀྱི་མཆོད་པས་ཚིམ་བྱ་བ། །སྐབས་ཀྱི་བྱ་བ་ཤེས་པར་བྱ། །སློབ་མ་འཇུག་པ་གཉིས་ཡིན་ཏེ། །ཡོལ་བའི་ཕྱི་དང་ནང་དུའོ། །མཎྜལ་དབུལ་དང་བདེན་པ་བརྗོད། །གདོང་བཅིང་བསང་ཞིང་བྱིན་གྱིས་བརླབ། །མེ་ཏོག་གཏད་ལ་འདོད་པ་དྲི། །བྱང་སེམས་བསྐྱེད་ནས་ནང་དུ་གཞུག །རྣམ་པ་དགུ་ཡིས་ཕྱི་འཇུག་བསྟན། །ལྷར་བསྐྱེད་དཔའ་བོ་བསྐུལ་བ་དང༌། །སྐྱབས་སུ་འགྲོ་ཞིང་གསོལ་བ་གདབ། །སྦྱང་ཞིང་ནང་འཇུག་དངོས་གཞི་བྱ། །ཕྱག་འཚལ་དམ་བསྒྲགས་སྡོམ་པ་གཟུང༌། །དམ་ལ་བཞག་ཅིང་ཡེ་ཤེས་དབབ། །མེ་ཏོག་དོར་ནས་དཀྱིལ་འཁོར་བསྟན། །བཅུ་དང་གསུམ་གྱིས་ནང་འཇུག་བསྟན། །སྦྱང་བ་རྣམ་གསུམ་བགེགས་དང་ནི། །སྡིག་པ་དང་ནི་དྲི་མའོ། །ཞི་དང་མཉམ་དང་དྲག་པོ་སྟེ། །གསུམ་གྱིས་བགེགས་ཀུན་སྦྱང་བར་བྱ། །དམ་ལ་གཞག་པ་བཞི་ཡིན་ཏེ། །ཕན་ཡོན་ཉེས་དམིགས་གཉིས་ཀ་དང༌། །བླ་མའི་བཀའ་བཞིན་བསྒྲུབ་པའོ། །གསོལ་གདབ་དབབ་ཅིང་བརྟན་བྱ་བ། །གསུམ་གྱིས་ཡེ་ཤེས་དབབ་པ་བསྟན། །སྔོན་འགྲོ་དང་ནི་དངོས་གཞི་སྟེ། །གཉིས་ཀྱིས་བརྟུལ་ཞུགས་རིམ་པ་བསྟན། །ཡོན་དབུལ་གསོལ་གདབ་ཤེས་པར་བྱ། །གསུམ་ནི་སྔོན་འགྲོའི་བྱ་བ་ཡིན། །སྔགས་དང་ཆུ་དང་ཅོད་པན་དང༌། །རྡོ་རྗེ་དྲིལ་བུ་མིང་དང་ནི། །བརྟུལ་ཞུགས་སློབ་དཔོན་རྗེས་གནང་དང༌། །དམ་ཚིག་ལུང་བསྟན་དབུགས་དབྱུང་བ། །བཅུ་གཉིས་བུམ་པའི་དབང་གིས་བསྡུས། །གསང་བ་ཤེས་རབ་ཡེ་ཤེས་ཏེ། །བརྟུལ་ཞུགས་རིམ་པ་བཅུ་བཞིའོ། །བཞི་པ་བརྗོད་དུ་མེད་པ་ཡིན། །མཎྜལ་དབུལ་དང་གསོལ་བ་གདབ། །སློབ་དཔོན་དུ་ནི་དབང་བསྐུར་ཞིང༌། །བླ་མའི་བྱ་བ་ལེགས་བསྒོ་བ། །བཞི་ནི་རྡོ་རྗེ་སློབ་དཔོན་དབང༌། །མཆོད་དང་སེམས་ཅན་དོན་དང་ནི། །ཆོས་འཆད་ཕྲིན་ལས་དངོས་གྲུབ་སྟེ། །རྗེས་སུ་གནང་བ་རྣམ་པ་ལྔ། །སྒེག་མོ་ཕྲེང་བ་གླུ་མ་གར། །བདུག་སྤོས་མེ་ཏོག་མར་མེ་དྲི། །མཆོད་པའི་རྗེས་སུ་གནང་བ་བརྒྱད། །ཐུར་མ་མེ་ལོང་མདའ་གཞུ་སྟེ། །སེམས་ཅན་དོན་བྱེད་རྗེས་གནང་གསུམ། །འཁོར་ལོ་དང་ནི་དེ་བཞིན་དུང༌། །ཆོས་འཆད་རྗེས་སུ་གནང་བ་གཉིས། །དམ་ཚིག་སྡོམ་པ་བསྟན་པ་དང༌། །བསྲུང་བའི་དམ་ཚིག་བཀའ་གནང་བ། །གཉིས་ནི་དམ་ཚིག་སྦྱིན་པའོ། །སྤྱོད་དང་ཐུན་མོང་མི་འདའ་བ། །གཉིས་ནི་བཀའ་ཡི་གནང་བའོ། །གང་དུ་གང་ཐོབ་གང་སྦྱངས་སོགས། །བརྡ་སྤྲད་བུམ་དབང་མཇུག་སྡུད་ཡིན། །གསང་དབང་སྔོན་འགྲོ་དངོས་དང་མཇུག །ཡོན་དབུལ་གསོལ་གདབ་གདོང་གཡོགས་བཅིང༌། །སྔོན་དུ་འགྲོ་བའི་ཆོས་གསུམ་མོ། །གསང་བའི་རྫས་སྦྱིན་ཏིང་འཛིན་བསྐྱེད། །གཉིས་ནི་དངོས་གཞིའི་གདོང་གཡོགས་དབྱེ། །རྟོགས་པ་བསྐྱེད་པ་མཇུག་གི་ལས། །ཤེས་རབ་ཡེ་ཤེས་སྔོན་འགྲོ་དང༌། །དངོས་དང་མཇུག་གིས་བསྡུས་པ་ཡིན། །ཡོན་དབུལ་གསོལ་གདབ་གདོང་གཡོགས་བཅིང༌། །གསུམ་ནི་སྔོན་དུ་འགྲོ་བའི་ཆོས། །དངོས་གཞི་ཤེས་རབ་གཏད་པ་དང༌། །མོས་པ་དྲི་དང་ལན་གདབ་དང༌། །བྱིན་གྱིས་བརླབ་དང་སྙོམས་པར་འཇུག །ཐིག་ལེ་ཡོངས་སུ་གཟུང་བ་དང༌། །ཡེ་ཤེས་ཉམས་སུ་མྱོང་བྱ་བ། །རྣམ་པ་བདུན་གྱིས་བསྡུས་པ་ཡིན། །གདོང་གཡོགས་ཕྱེ་ལ་རྟོགས་པ་བསྐྱེད། །གཉིས་ནི་མཇུག་གི་ལས་ཡིན་ནོ། །བཞི་པ་སྔོན་འགྲོ་དངོས་དང་མཇུག །ཡོན་དབུལ་གསོལ་གདབ་གདོང་གཡོགས་བཅིང༌། །སྔོན་འགྲོའི་ལུས་ཀྱི་འཁྲུལ་འཁོར་དང༌། །ཡེ་ཤེས་ངོ་སྤྲད་མཉམ་འཇོག་པ། །གསུམ་ནི་དངོས་གཞིའི་གདོང་དབྱེ་དང༌། །རྟོགས་པ་བསྐྱེད་པ་མཇུག་གི་ལས། །སྤྱོད་དང་བརྟུལ་ཞུགས་རིམ་པ་སྟེ། །དངོས་གཞིའི་བྱ་བ་བསྟན་ཟིན་ཏོ། །དཀྱིལ་འཁོར་མཆོད་དང་དངོས་གྲུབ་བསླང༌། །སྨོན་ལམ་གདབ་ཅིང་བཟོད་པར་གསོལ། །གཤེགས་སུ་གསོལ་དང་བདག་ཉིད་བསྲུང༌། །རྡུལ་ཚོན་དོར་ནས་དགའ་སྟོན་བྱ། །བླ་མ་ཡོན་གྱིས་མཉེས་པར་བྱ། །དགུ་ནི་དཀྱིལ་འཁོར་མཇུག་གི་ལས། །ཐམས་ཅད་རྫོགས་པར་བསྟན་ཟིན་ཏོ། །རྒྱལ་བས་སྦས་ཏེ་གསུངས་པའི་དོན། །སྤྱོད་པའི་རྡོ་རྗེས་རྣམ་པར་ཕྱེ། །ཆོ་གའི་རིམ་པ་རབ་གསལ་བ། །རྣལ་འབྱོར་དབང་ཕྱུག་གྲགས་པས་མཛད། །དེ་ཡི་དོན་བསྡུས་གཟུང་སླའི་ཕྱིར། །ཚིགས་སུ་བཅད་པར་བསྡེབས་པ་འདི། །འཕགས་པའི་མིང་དང་ལྡན་པས་བྱས། །བདག་བློའི་ཉེས་གང་བཟོད་པར་གསོལ། །དེ་ལས་དགེ་བ་གང་བསྐྲུན་པ། །དེ་ཡིས་མཁའ་མཉམ་སེམས་ཅན་རྣམས། །ལམ་མཆོག་འདི་ལ་རབ་ཞུགས་ནས། །སྐུ་གསུམ་དཔལ་འབྱོར་ཐོབ་པར་ཤོག །བཅུ་ཕྲག་ལྔ་ཡི་རབ་བྱེད་གཞུང༌། །དོན་གསལ་བ་ལ་གཟུང་བདེ་བ། །རྒྱ་ཡུལ་མི་དབང་ཕོ་བྲང་དུ། །ཤིང་ཡོས་དབྱུ་གུའི་ཟླ་བར་སྦྱར།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply