༼པ༽
༄༅། །དཔལ་འཁོར་ལོ་བདེ་མཆོག་གི་མཆོད་པའི་ཆོ་ག་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞུགས།།
༄༅། །དཔལ་འཁོར་ལོ་བདེ་མཆོག་གི་མཆོད་པའི་ཆོ་ག་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ནམ་མཁའི་རང་བཞིན་ནམ་མཁའི་མདོག་ཅན་ཧེ་རུ་ཀ་དཔལ་ནམ་མཁའི་སྐུ། །ཉི་མ་འཁྱིལ་པ་ཉི་མའི་མདངས་ཅན་རྡོ་རྗེ་ཕག་མོ་ཉི་མས་འཁྱུད། །སྐར་མའི་མདོག་ཅན་སྐར་མ་ལྟར་བཀྲ་ཕྱག་རྒྱ་དྲུག་གི་སྐར་མའི་རྒྱན། །རྣམ་པར་བཀྲམ་པས་རྣམ་པར་བཀྲ་བའི་ཞབས་ཀྱི་པདྨོའི་རྣམ་པར་འདུད། །ཧེ་རུ་ཀ་དཔལ་སྒྲུབ་པའི་ཐབས། །སྤྱོད་པའི་རྡོ་རྗེའི་གཞུང་བཞིན་དུ། །བདག་གིས་བཀོད་མོད་སླར་ཡང་ནི། །དེ་མཉེས་བྱེད་པའི་ཆོ་ག་བཤད། །དཀྱིལ་འཁོར་བསྒྲུབ་དང་མཆོད་པ་དང༌། །བཀའ་དྲིན་ནོས་དང་དངོས་གྲུབ་བླང༌། །བདག་ཉིད་མཆོད་དང་མཇུག་གི་ལས། །རྣམ་པ་དྲུག་གིས་ཡང་དག་བསྡུ། །དེ་ལ་སྔགས་པས་ཐོ་རངས་ལ་སོགས་པའི་དུས་སུ། ཇི་སྐད་བཤད་པའི་རིམ་པ་གཉིས་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། དཀྱིལ་འཁོར་བསྡུས་ཏེ་ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་དང་ལྡན་པས། བསྒྲུབ་པའི་མཎྜལ་ཁྲུ་གང་ལས་མི་ཆུང་བ། བ་ལས་བྱུང་བ་ལྔས་ཁྱེ་མ་མེད་པར་བྱུགས་པའི་མདུན་དུ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། ནང་གི་མཆོད་པ་དང༌། གཏོར་མ་གསུམ་བཤམ། རྡོ་རྗེ་དྲིལ་བུ་མདུན་དུ་བཞག་ལ། མཆོད་རྫས་རྣམས་སུཾ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པའམ་སྣོད་རྣམས་ཀྱི་ནང་དུ། ཡི་གེ་གསུམ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས་རྣམས་ངོ་བོ་བཟང་ཞིང་རྒྱ་ཆེ་བས་ས་དང་ནམ་མཁའ་དང་བར་སྣང་གང་བར་བསྐྱེད་ལ། སོ་སོའི་སྔགས་དང་ཡི་གེ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་བདུད་རྩིའི་རི་ལུ་དང་སྦྱར་བའི་དྲིའི་ཆུས། དཀྱིལ་འཁོར་གྱི་དབུས་དང་དབང་ལྡན་ནས་བརྩམས་ཏེ། གཡོན་སྐོར་དུ་བྱུག་ཅིང་སུམ་བྷའི་སྔགས་བརྗོད་ལ། དེར་སྲུང་བའི་འཁོར་ལོ་བསྒོམ་མོ། །དེ་ནས་བསྲུང་བའི་ཕྱིར་ལག་པ་མ་བཏེག་པར་མེ་ཏོག་གཅིག་དབུས་སུ་བཞག་ནས་སྲུང་བའི་འཁོར་ལོའི་ནང་དུ། སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་གཞལ་ཡས་ཁང་པ་བསྒོམས་ལ། ལྷའི་གནས་སུམ་ཅུ་སོ་བདུན་དང༌། ནང་གི་གྲྭ་བཞིའི་ཐོད་པ་དང༌། ཕྱིའི་དུར་ཁྲོད་བརྒྱད་ཀྱི་གནས་སུ་དྲིའི་ཐིག་ལེ་མེ་ཏོག་ཅུང་ཟད་རེ་དང་བཅས་པ་བཀོད་པ་རྣམས། གདན་དང་གཞིར་དམིགས་ནས་གཡོན་པའི་སྲིན་ལག་གིས་མཎྜལ་ལ་རེག་ཏེ། པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཞེས་བརྗོད་པས་རང་བཞིན་གྱིས་གྲུབ་པའི་ཡུལ་ཉི་ཤུ་རྩ་བཞིར་བལྟའོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་གཉིས་དང༌། འཁོར་རྣམས་ཀྱི་སོ་སོའི་སྔགས་དང༌། ཐོད་པ་དང་དུར་ཁྲོད་རྣམས་ལ་ཡི་གེ་གསུམ་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་རྣམས་རིམ་པ་བཞིན་བཀོད་ལ། མེ་ཏོག་གི་ཚོམ་བུར་གྲུབ་པ་ཙམ་གྱིས་ལྷའི་སྐུ་དང༌། བདུད་རྩིས་གང་བའི་ཐོད་པ་དང༌། དུར་ཁྲོད་རྣམས་སུ་གྱུར་པར་སྐད་ཅིག་གིས་ལྷག་པར་མོས་པའམ། ཡང་ན་ཚོམ་བུ་དབུས་མའི་སྟེང་དུ་ཨཱ་ལི་གཉིས་ལས་ཟླ་བའི་དཀྱིལ་འཁོར་དང༌། ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པའི་ཀཱ་ལི་གཉིས་ལས་ཉི་མའི་དཀྱིལ་འཁོར་དང་བར་དུ་ཧཱུྃ་དང་ཨྃ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨྃ་གིས་མཚན་པ་རྣམས་གཅིག་ཏུ་འདྲེས་པ་རྣམས་ལས་བྱུང་བའི་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ལ། སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཉེ་བར་བཀུག་ནས་ཞལ་དུ་ཞུགས་ཏེ་སྙིང་གར་བཞུ་ནས། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་ཐིག་ལེ་བཞི་བཅུར་གྱུར་པ་ལས་བྱུང་བའི་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་སོ་དྲུག་དང༌། བདུད་རྩིས་ཡོངས་སུ་གང་བའི་ཐོད་པ་རྣམས་སུ་གྱུར་པ། སྦྱོར་མཚམས་ནས་སྤྲོས་ནས་སོ་སོའི་གདན་ལ་འཁོད་པར་བསམ། འདིའི་ལུགས་ལ་དུར་ཁྲོད་རྣམས་གཞལ་ཡས་ཁང་པ་བསྐྱེད་པའི་དུས་སུ་བསྒོམ་པར་བྱའོ། །ལཱུ་ཧི་པའི་ལྟར་ན། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྒྲ་ཚུལ་ལས་བསྐྱེད་དོ། །དེ་ནས་གོ་ཆ་གཉིས་ཤེས་ནས། ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྔགས་དང་ཕྱག་རྒྱ་སྦྱོར་ཤེས་ནས། །དམ་ཚིག་འཁོར་ལོ་ལ་མྱུར་གཞུག །དེ་ནས་དབང་བསྐུར་ཏེ། རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །གཙོ་བོའི་རིགས་བདག་རྩ་བའི་བླ་མ་དང་གཉིས་སུ་མེད་པར་བསམ། དཀྱིལ་འཁོར་གྱི་སྟེང་གི་ཆ་ལ་བླ་མ་བརྒྱུད་པ་རྣམས་དང༌། འཁོར་ཡུག་ཀུན་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་གང་བར་བལྟའོ། །དཀྱིལ་འཁོར་སྒྲུབ་པའི་རིམ་པའོ། །སྔགས་དང་ཕྱི་དང་ཡིད་ལས་བྱུང༌། །ནང་དང་མཉེས་དང་བླ་མེད་དང༌། །བསྟོད་དང་དེ་བཞིན་གཏོར་མ་སྟེ། །དཀྱིལ་འཁོར་མཆོད་པ་རྣམ་པ་བརྒྱད། །དེ་ལ་ཐོག་མར་སྔགས་ཀྱིས་མཆོད་པའི་ཕྱིར། རང་གི་སྙིང་གའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་འཕྲོས་པས་ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་ལ་ཐིམ་པས། ལྷ་རྣམས་ཀྱི་འོད་དང་གཟི་བརྗིད་ཚད་མེད་པར་འཕེལ་ཞིང་རྒྱུད་བསྐུལ་བས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བདག་ལ་ཐིམ་ནས་བདག་བྱིན་གྱིས་བརླབས་པར་བསམ་ཞིང་སྔགས་རྣམས་བཟླས་པར་བྱའོ། །སྔགས་ཀྱི་ཚིག་ནི་འདི་དག་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཝཱི་རེ་ཤཱ་ཡ། མ་ཧཱ་ཀལྤཱ་གྣི་སཾ་ནི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ། དཾ་ཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ། མ་ཧཱ་དྷཱུམ་བྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿཧྲཿ ཕཻཾ་ཕཻཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར་ཨནྟ་མཱ་ལཱ་བ་ལམྦི་ནེ། གྲྀཧྞ་གྲྀཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བྷཱུ་ཛཾ་ག་སརྦམྦཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷ། ཨཱ་ཀཌྜྷ། ཧྲིཾ་ཧྲིཾ། ཛཎཽཾ་ཛཎཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ། ཕཊ། ཡབ་ཀྱི་རྩ་བའི་སྔགས་སོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཧྲི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་ར་ཧཱི་བྃ། ཨཱརྻཱ་པ་རཱ་ཛི་ཏེ་ཏྲེ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱཱ་ཤྭ་རཱི། སརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ། བཛྲཱ་ས་ནེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། བ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི། ཤོ་ཥ་ཎི། རོ་ཥ་ཎི། ཀྲོ་དྷེ། ཀ་རཱ་ལེ་ནི། ཏྲཱ་ས་ནི་མཱ་ར་ཎི། པྲ་བྷེ་ད་ནི། པ་རཱ་ཛ་ཡེ། བི་ཛ་ཡེ་ཛམྦྷ་ནི་སྟྭཾ་བྷ་ནི་མོ་ཧ་ནི། བཛྲ་བཱ་ར་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རཱི་ཁ་གེ ཏདྱ་ཐཱ། པྲོ་ཏཾ་གེ པྲོ་ཏཾ་གེ ཧ་ན་ཧ་ན་པྲཱ་ཎཱ་ན། ཀིཾ་ཀི་ནི་ཁིཾ་ཁི་ནི། དྷུ་ན་དྷུ་ན། བཛྲ་ཧསྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཁ་ཊྭཱཾ་ག་ཀ་པཱ་ལ་དྷཱ་རི་ཎི། མ་ཧཱ་པི་སི་ཏ་མཱཾ་ས་ཨ་ཤ་ནི། མཱ་ནུ་ཥ་ཨནྟྲ་པྲཱ་པྲྀཏྟི། སཱནྣི་དྷྱ་ན་ར་སི་ར། མཱ་ལཱ་གྲནྠི་ཏ། དྷཱ་རི་ཎི། སུམྦྷ་ནི་སུམྦྷེ། ཧ་ན་ཧ་ན་པྲ་ཎཱཾ་སརྦ་པ་ཤུ་བཱ་ནཱཾ། མ་ཧཱ་མཱནྶ། ཙྪེ་ད་ནི་ཀྲོ་དྷ་མཱུརྟྟེ། དཾ་ཥྚཱ་ཀ་རཱ་ལི་ནི་མ་ཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ དེ་བ་སྱ། ཨ་གྲ་མ་ཧི་ཥི་ས་ཧ་སྲ་ཤི་རེ་ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲ་ཨ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལཱ་མུ་ཁི། པིངྒ་ལ་ལོ་ཙ་ནི། བཛྲ་ཤ་རི་རེ། བཛྲ་ཨཱ་ས་ནེ། མི་ལི་ཏེ། མི་ལི་ཏེ། ཧེ་ཧེ། ཧཱུྃ་ཧཱུྃ། ཁ་ཁ། དྷུ་དྷུ། དྷུ་རུ་དྷ་རུ། མུ་རུ་མུ་རུ། མུཉྩ་མུཉྩ། ཨ་དྭེ་ཏེ་མ་ཧཱ་ཡོ་གི་ནཱི། པ་ཋི་ཏ་སིདྡྷེ། དྲེཾ་དྷཾ་དྲེཾ་དྷཾ། གྲཾ་གྲཾ། ཧེ་ཧེ་ཧ་ཧ། བྷཱི་མེ་ཧ་ས་ཧ་ས། བཱི་རེ་ཧཱ་ཧཱ་ཧོ་ཧོ། ཧཱུྃ་ཧཱུྃ། ཏྲཻ་ལོ་ཀྱ་བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་པ་རི་བཱ་རེ་ཧཱུྃ་ཧཱུྃ་ཕཊ། སིཾ་ཧ་རཱུ་པེ་ཁཿ ག་ཛ་རཱུ་པེ་གཿ ཏྲཻ་ལོ་ཀྱ་ཨུ་ད་རེ་ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས། ཧཱུྃ་ཧཱུྃ་ཕཊ། བཱི་ར། ཨ་དྭཻ་ཏེ་ཧཱུྃ་ཧཱུྃ་ཧཱཿཧཱཿམ་ཧཱ་པ་ཤུ་མོ་ཧ་ནི། མ་ཧཱ་ཡོ་གཱི་ཤྭ་རཱི་ཏྭཾ་ཌཱ་ཀི་ནཱི། སརྦ་ལོ་ཀཱ་ནཱཾ་བནྡ་ནི་སཏྱཿ པྲ་ཏྱ་ཡ་ཀཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི་མ་ཧཱ་བཱི་རེ་པ་ར་མ། སིདྡྷེ་ཡོ་གཱི་ཤྭ་རཱི་ཕཊ། ཧཱུྃ་ཧཱུྃ་ཕཊ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཙཽ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལཱ་མ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་སོ། །ཨོཾ་ཀ་ར་ཀ་ར་ཧཱུྃ་ཧཱུྃ་ཕཊ། ཨོཾ་པྲ་ཙཎྜི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཎྜ་ཨ་ཀྵཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པྲ་བྷཱ་ཝ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁརྤ་རཱི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཿཧྲཿཧཱུྃ་ཧཱུྃ་ཕཊ། ཨོཾ་ལཾ་ཀེ་ཤྭ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཕཻཾ་ཕཻཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དྲུ་མཙྪཱ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཕཊ་ཕཊ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨེ་རཱ་བ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བྷཻ་ར་པི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་ཨ་བ་ལམྦི་ནེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་རཱ་བྷཀྵཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦམྦཱ། ཏརྫ་ཡ་ཏརྫ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྱཱ་མ་དེ་བཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ཀཌྜྷ་ཨཱ་ཀཌྜྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་བྷ་དྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛཎཽཾ་ཛཎཽཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁ་གཱ་ན་ནེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་བེ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཾ་ཧཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧིཾ་ཧིཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤོཎྜི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་ཝརྨི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་བཱི་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སི་ལི་སི་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་ཝརྟི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བཱིརྻེ་ཧཱུྃ་ཧཱུྃ་ཕཊ། དཔའ་བོ་ཉི་ཤུ་རྩ་བཞི་དང༌། རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་སྔགས་སོ། །ཨོཾ་ཀཱ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སཱུ་ཀརྻ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱ་དྷཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དྷཱུ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཾ་ཥྚཱི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། སྒོ་མཚམས་མ་བརྒྱད་ཀྱི་སྔགས་སོ། །ལཱུ་ཧི་པའི་ལུགས་ལྟར་ན་ཞལ་བཞི་པའི་སྔགས་དང༌། སྙིང་པོའི་རྣལ་འབྱོར་མ་བཞིའི་མིང་སྤེལ་བ་དང༌། ཡབ་ཀྱི་རྐང་པ་བརྒྱད་པ་དང༌། སྒོ་མཚམས་མ་བརྒྱད་ཀྱི་མིང་སྤེལ་བའི་སྔགས་བརྗོད་པར་བྱའོ། །སྔགས་ཀྱི་མཆོད་པའོ། །དེ་ནས་ཕྱིའི་མཆོད་པ་ནི། གོང་དུ་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་སོ་སོའི་ཕྱག་རྒྱ་དང་བཅས་པས་དངོས་སུ་དབུལ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་ཉེ་བར་མཁོ་བའི་ཡོ་བྱད་དུ་དབུལ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ་ཕུལ་བས། ཞབས་བཀྲུས་པར་བསམ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག་དབུ་ལ་དབུལ། བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས་ཤངས་ལ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ་སྤྱན་ལ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ་སྐུ་ལ། བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་ཞལ་དུ། བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏཱ། ནཱ་ད་སཾ་བྷ་བེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱས་རོལ་མོ་སྙན་ལ་དབུལ་ལོ། །དེ་ནས་ཡིད་ལས་བྱུང་བའི་མཆོད་པ་ནི། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། ཨོཾ་བཱི་ནི་བཛྲཱི་ནཱི་ཧཱུྃ་ཨཱཿཞེས་པས་རང་གི་སྙིང་གའི་ཧཱུྃ་ལས་པི་ཝང་མ་སྔོན་མོ་ཕྱུང་ནས། དཔག་ཏུ་མེད་པར་གྱུར་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་པར་བསམ་ཞིང༌། པདྨ་ཡོངས་སུ་བསྐོར་བའི་ཕྱག་རྒྱ་བྱས་ལ། སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཞེས་བརྗོད་པས་མཆོད་པའི་ཡུལ་གསལ་བཏབ་ནས། པི་ཝང་དཀྲོལ་བའི་ཚུལ་དུ་བྱ་ཞིང༌། བཱི་ནི་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ། ཚུལ་དེ་དག་འོག་མ་རྣམས་ལའང་སྦྱར་བར་བྱའོ། །ཨོཾ་བཾ་སེ་བཛྲི་ནཱི་ཧཱུྃ་ཨཱཿས་གླིང་བུ་མ་སེར་མོ་ཕྱུང་ནས་བཾ་སེ་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་མྲྀ་ཏཾ་ག་བཛྲཱི་ནཱི་ཧཱུྃ་ཨཱཿས་རྔ་ཟླུམ་མ་དམར་མོ་ཕྱུང་ནས་མྲྀ་ཏཾ་ག་བཛྲཱི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་མུརྫི་བཛྲི་ནཱི་ཧཱུྃ་ཨཱཿས་རྫ་རྔ་མ་ལྗང་གུ་ཕྱུང་ནས་མུརྫི་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་ཧ་སྱེ་བཛྲི་ནཱི་ཧཱུྃ་ཨཱཿས་བཞད་མ་དམར་མོ་རྡོ་རྗེ་ཁུ་ཚུར་ཁའི་འགྲམ་དུ་འཇོག་པ་ཕྱུང་ནས་ཧ་སྱེ་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་ལཱ་སྱེ་བཛྲཱི་ནཱི་ཧཱུྃ་ཨཱཿས་སྒེག་མོ་སྔོན་མོ་རྡོ་རྗེ་དང་དྲིལ་བུ་དཀུར་འཛིན་པ་ཕྱུང་ནས། ལཱ་སྱེ་བཛྲཱི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་གཱིརྟི་བཛྲི་ནཱི་ཧཱུྃ་ཨཱཿས་གླུ་མ་དམར་མོ་ཏིང་ཏིང་ཤག་འཛིན་པ་ཕྱུང་ནས། གཱིརྟི་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་ནིརྟི་བཛྲི་ནཱི་ཧཱུྃ་ཨཱཿས་གར་མ་ལྗང་གུ་ཕྱུང་ནས། ནིརྟི་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་བཛྲ་པུཥྤེ་བཛྲི་ནཱི་ཧཱུྃ་ཨཱཿས་མེ་ཏོག་མ་དཀར་མོ་ཕྱུང་ནས། པུཥྤཾ་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་དྷཱུ་པཾ་བཛྲཱི་ནཱི་ཧཱུྃ་ཨཱཿས་བདུག་སྤོས་མ་སྔོན་མོ་ཕྱུང་ནས། དྷཱུ་པཾ་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་དཱི་པཾ་བཛྲི་ནཱི་ཧཱུྃ་ཨཱཿས་མར་མེ་མ་དམར་མོ་ཕྱུང་ནས། དཱི་པཾ་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་གནྡྷཾ་བཛྲི་ནཱི་ཧཱུྃ་ཨཱཿས་དྲི་ཆབ་མ་ལྗང་གུ་ཕྱུང་ལ། གནྡྷཾ་བཛྲཱི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་ཨཱ་དརྴ་རཱུ་པ་བཛྲི་ནཱི་ཧཱུྃ་ཨཱཿས་གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ་ཕྱུང་ལ། ཨཱ་དརྴ་རཱུ་པ་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་ར་ས་བཛྲི་ནཱི་ཧཱུྃ་ཨཱཿས་རོ་རྡོ་རྗེ་མ་དམར་མོ་ཕྱུང་ལ། ར་ས་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་སྤརྵེ་བཛྲི་ནཱི་ཧཱུྃ་ཨཱཿས་རེག་རྡོ་རྗེ་མ་ལྗང་གུ་གོས་འཛིན་པ་ཕྱུང་ལ། སྤརྵེ་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ནཱི་ཧཱུྃ་ཨཱཿས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དཀར་མོ་ཆོས་འབྱུང་འཛིན་པ་ཕྱུང་ལ། རྡོ་རྗེ་བསྡམས་པ་ལས། མཐེ་བོང་དང་མཛུབ་མོ་དང་མཐེའུ་ཆུང་རྣམས་བརྐྱང་ནས་གྲུ་གསུམ་དུ་བྱས་པའི་ཕྱག་རྒྱ་བཅིངས་ནས། དྷརྨ་དྷཱ་ཏུ་བཛྲི་ནཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དབུལ་བར་བྱའོ། །ལཱུ་ཧི་པའི་རྗེས་སུ་འབྲང་བ་ལྟར་ན་ལྷ་མོ་རྣམས་ཕྱག་བཞི་མ། དང་པོ་གཉིས་ཀྱིས་རང་གི་མིང་གི་དོན་གྱི་མཚན་མ་རྣམས་འཛིན་ལ། འོག་མ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུའམ། ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པའོ། །ནག་པོ་སྤྱོད་པའི་རྗེས་སུ་འབྲང་བ་ལྟར་ན་ཕྱག་གཉིས་མ་རང་གི་ཕྱག་མཚན་འཛིན་པ་ཡིན་ནོ། །ཕྱག་རྒྱ་རྣམས་ནི་ཕྱག་མཚན་གྱི་ཚུལ་དུ་བྱེད་པ་ཉིད་དོ། །དེ་ནས་སྙིང་ག་ནས་རིན་པོ་ཆེ་སྣ་བདུན་རིམ་པ་བཞིན་ཕྱུང་ནས་དབུལ་བར་བྱ་སྟེ། ཚིགས་སུ་བཅད་པ་བརྗོད་པའི་ཚེ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པ་བརྗོད་པའི་ཚེ་པད་ཀོར་གྱི་ཕྱག་རྒྱ་བྱའོ། །དེའང༌། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཅེས་བརྗོད་ནས་ལག་པ་གཉིས་རྒྱབ་སྦྱར་སོར་མོ་རྣམས་སོ་སོར་བསྣོལ་ནས་ལྟོ་སྦྱར་ལ་མཐེ་བོང་གཉིས་བཀུག་པ་འཁོར་ལོའི་ཕྱག་རྒྱ་བཅིངས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པའི་མཐར། ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །དེ་ནས། བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཞིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཅེས་བརྗོད་ནས་ཁུ་ཚུར་གཉིས་སྦྱར་ལ་གུང་མོ་བརྐྱང་ནས་མཛུབ་མོའི་ཚིགས་བཅག་པ་དང་མཐེ་བོང་སྦྱར་བ་རིན་པོ་ཆེའི་ཕྱག་རྒྱ་བཅིངས་ལ། མ་ཎི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་མ་རབ་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཅེས་བརྗོད་ནས་རྡོ་རྗེ་བསྡམས་པ་ལས་གུང་མོ་སྦྱར་བ་བརྐྱང་པའི་ཚིགས་དང་པོར་མཛུབ་མོ་གཉིས་སྦྱར་བ་བཙུན་མོའི་ཕྱག་རྒྱ་བཅིངས་ལ། ཝ་ཏི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཅེས་བརྗོད་ནས་རྡོ་རྗེ་བསྡམས་པ་ལས་གུང་མོ་སྦྱར་བ་བརྐྱང་ནས་མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྒྲེང་བ་བློན་པོའི་ཕྱག་རྒྱ་བཅིངས་ལ། མ་ཧ་ཏ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཅེས་བརྗོད་ནས་ལག་པ་གཡས་པ་གླང་པོའི་སྣ་ལྟར་བརྐྱང་པའི་གྲུ་མོར་གཡོན་པའི་ཐལ་མོས་བརྟེན་པ་གླང་པོའི་ཕྱག་རྒྱ་བྱས་ལ། ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ཡོངས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག །ཅེས་བརྗོད་ནས། ཁུ་ཚུར་གཉིས་མཐེ་བོ་སོ་སོར་དབྱེ་ཞིང་གུང་མོ་སྦྱར་བ་དང༌། སྲིན་ལག་སྦྱར་བ་སོ་སོར་བརྐྱང་བ། རྟ་མཆོག་གི་ཕྱག་རྒྱ་བཅིངས་ལ། ཏུ་རངྒ་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །འཇིགས་བྲལ་ཚོགས་ནི་ཐོབ་པར་ཤོག །ཅེས་བརྗོད་ནས་གཡོན་པ་ཕུབ་འཛིན་པའི་ཚུལ་དང༌། གཡས་པ་རལ་གྲི་འདེབས་པའི་ཚུལ་དུ་བྱ་བ་དམག་དཔོན་གྱི་ཕྱག་རྒྱ་བཅས་ལ། ཁཌྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ།། །།དེ་ནས་དངོས་སུ་འབྱོར་བ་དང༌། སྙིང་ག་ནས་རིམ་པ་བཞིན་སྤྲོས་པའི་འདོད་ཡོན་ལྔས་མཆོད་པར་བྱ་སྟེ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཞེས་བརྗོད་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་གཟུགས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པའི་མཐར། རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་སྒྲ་སྙན་ཡིད་འོང་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཞེས་བརྗོད་ནས་རོལ་མོ་དཀྲོལ་ཞིང༌། ཤཔྟ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཞེས་བརྗོད་ནས་ཐལ་མོ་སྟོང་པར་སྦྱར་བ་ལས་མཐེབ་མཛུབ་སྦྱར་བ་དྲིའི་དུང་ཆོས་ཀྱི་ཕྱག་རྒྱ་བྱས་ལ། གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཞེས་བརྗོད་ནས་ཞལ་ཟས་འབུལ་བའི་ཚུལ་རོའི་ཕྱག་རྒྱ་བཅས་ལ། ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཞེས་བརྗོད་ནས་ལག་པ་གཉིས་འཁྱུད་པ་རེག་བྱའི་ཕྱག་རྒྱ་བྱས་ལ། སྤརྵེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་པས་དབུལ་ལོ། །ཡིད་ལས་བྱུང་བའི་མཆོད་པའོ།། །།དེ་ནས་ནང་བདུད་རྩིའི་མཆོད་པ་ནི། དངོས་སུ་བཤམས་པ་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། གཡོན་པའི་མཐེབ་སྲིན་གྱིས་གཏོར་བས་གཏོར་བའི་རྡུལ་ཕྲ་རབ་དང་མཉམ་པའི་ཐོད་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར་པས་མཆོད་པར་བསམ་ཞིང༌། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར། ཨོཾ་ཨཱཿཧཱུྃ་བརྗོད་ཅིང་དབུལ་ལོ། །དེ་ནས་གོང་དུ་བརྗོད་པའི་སྔགས་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབུལ་ཞིང༌། ཡི་དམ་གཞན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སོ་སོའི་སྔགས་དང་ཡི་གེ་གསུམ་བརྗོད་པས་ཕུལ་ནས་རང་གི་ལྕེ་ལ་མྱང་ཞིང་གནས་གསུམ་དུ་ཐིག་ལེ་བཀོད་པས་རང་གི་ལུས་ཀྱི་ལྷ་ལའང་མཆོད་ནས། ཆོས་སྐྱོང་དང་དུར་ཁྲོད་ན་གནས་པ་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་རྣམས་དང༌། འཇིག་རྟེན་པའི་ཚོགས་ཐམས་ཅད་ལའང་བྱིན་པས་ཚིམ་པར་བྱའོ། །དེ་ལྟར་བདུད་རྩིས་མཆོད་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རབ་ཏུ་དགྱེས་ནས་ཡི་གེ་བདུན་པའི་སྒྲ་སྒྲོགས་པར་བསམ་ཞིང་རང་གིས་ཀྱང་སྔགས་དངོས་སུ་བརྗོད་བཞིན་པས་རྣམ་ལྔ་འདོད་པའི་བསྐོར་བའི་ཕྱག་རྒྱ་བྱའོ། །ནང་གི་མཆོད་པའོ། །དེ་ནས་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བས་ཕྱི་ནང་གི་ལྷའི་ཚོགས་ཐམས་ཅད་མཆོད་པས། དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་རྣམས་ཀྱང་སྙོམས་པར་ཞུགས་ནས་བདེ་བ་ཆེན་པོས་ལྷག་པར་མཉེས་པར་བསམས་ལ། ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་བཅའ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ། ཞེས་བརྗོད་དོ། །རབ་ཏུ་མཉེས་པའི་མཆོད་པའོ། །དེ་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་སོར་མོ་རྣམས་ཀྱི་ཚིགས་དབུས་མ་བཅག་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ལ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་གྱིས་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང་ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས། འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བརྗོད་དེ་སེ་གོལ་བརྡབ། ཡང་སྙིང་གར་ཕྱག་རྒྱ་བྱས་ལ། ཨོཾ་སརྦ་བིད། པུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ་ཨཱ་བརྟ་ཧོ། ན་མཿསམནྟ་བུདྡྷཱ་ནཱཾ། ཨ་བྷིསྨ་ར་ཡེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཾ། སརྦ་ཏ་ཐཱ་ག་ཏཱ་པ་རི་ཤོ་དྷ་ལེ་མཎྜ་ལེ། མ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེ་ན། བྷནྡྷ་སྭསྠཱ་ན། བ་ལེ་ན་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་སེ་གོལ་བརྡབས་ལ་མཆོད་པར་བྱའོ། །བླ་ན་མེད་པའི་མཆོད་པའོ། །དེ་ནས་སྔར་སྤྲོས་པའི་མཆོད་པའི་ལྷ་མོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྟོད་པར་བསམ་ཞིང༌། རྡོ་རྗེ་དྲིལ་བུ་འཛིན་པས། ཨོཾ་ན་མོ་བྷཱ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤཱ་གྣི་སཾ་ནི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾ་ཥྞཱ་ཀཱ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱུམ་བྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་རྐང་པ་བརྒྱད་པ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་ར་ཧཱི་བཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རཱི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷེ་ཀ་རཱ་ལི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཏྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་བ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟྭམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་ར་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རཱི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡུམ་གྱི་རྐང་པ་བརྒྱད་པ་བརྗོད་པས་བསྟོད་དོ། །གཞན་ཡང་རྒྱས་པར་བསྟོད་པར་སྤྲོ་ན། རྒྱལ་བ་སྤྲུལ་པ་དུས་མཐའི་མེ་ལྟར་རབ་ཏུ་འཇིགས་མཛད་ཅིང༌། །རྃ་རྃ་རྣམ་འཁོར་ཨུཏྤལ་སྔོ་འདྲ་ཉི་མ་བརྒྱ་ཡི་གཟི། །རྡོ་རྗེ་དང་ནི་ཁ་ཊྭཱཾ་གར་བཅས་ཨོཾ་ཨོཾ་དག་པར་ལྡན། །ཚངས་དང་ལྷ་ཆེན་ཁྱབ་འཇུག་མགོ་བཅད་དབུ་ཡི་ཅོད་པན་ཅན། །ཧཱུྃ་ཧཱུྃ་ཕཊ་ཕཊ་ཧ་ཧ་ཞེས་བྱ་ཁྲོ་བ་དང་བཅས་པས། །མི་ཡི་སེང་གེ་དྲེགས་པ་འཇོམས་མཛད་ཞབས་ཀྱིས་གནོན་མཛད་ཅིང༌། །ཨ་ལ་ལ་ཡི་སྒྲ་སྒྲོགས་བགེགས་རྣམས་ཡོངས་སུ་འདར་བར་མཛད། །ཅང་ཏེའུ་སྒྲ་སྒྲོགས་ལྷ་ཆེན་ཁྱབ་འཇུག་དག་གི་པགས་པ་བསྣམས། །ཐུགས་རྗེ་ཆེ་སྤྲུལ་རབ་ཁྲོས་ཛཿཧཱུྃ་བྃ་ཧོཿཧཱུྃ་མཛད་ཅིང༌། །ལཀྵྨཱི་གཽ་རཱི་ཞབས་ཀྱིས་གནོན་ཅིང་ཀུ་ཙར་རབ་ཏུ་བཞུགས། །ལྷ་རྣམས་མགོ་ལ་ཞབས་ཀྱིས་མནན་བཞུགས་བདེ་གཤེགས་དབུ་རྒྱན་ཅན། །ལྷ་རྣམས་ཀུན་གྱི་འཁོར་གྱི་འཁོར་ལོས་ཡོངས་བསྐོར་མཛད་པ་པོ། །ཧུ་ལུ་ཧུ་ཡ་ཛིཾ་ཛིཾ་ཏྲཾ་བཾ་རྒྱུ་མ་ཐོད་རློན་གྱི། །ཕྲེང་བ་འཛིན་ཅིང་རྡོ་རྗེ་མཁའ་འགྲོ་འཇིགས་ཤིང་ཁྲོ་བ་ཡི། །གླུ་སྒྲ་མི་བཟད་ཧུ་ལུ་ཧུ་ལུས་རབ་ཏུ་རྨོངས་མཛད་ཅིང༌། །རྡོ་རྗེ་ཆེན་མོ་མཱ་མ་ཀཱིས་ནི་སྐུ་ལུས་རྣམ་པར་བརྒྱན། །དུར་ཁྲོད་རབ་ཏུ་འཇིགས་ཤིང་གར་གྱིས་འཁོར་ལོས་ཚོགས་སྐྲག་མཛད། །ཀ་ཧ་ཀ་ཧའི་བཞད་སྒྲ་དྲག་པོས་གནོད་སྦྱིན་སྐྲག་རེངས་མཛད། །བརྐྱང་བསྐུམ་ཚུལ་གྱིས་བཞུགས་ཤིང་བི་བི་ཤ་ནས་སྐུ་ལ་བརྒྱན། །བསྐལ་པ་གྲངས་མེད་རྒྱུན་མི་འཆད་པའི་དུས་ཀྱི་མཐར་ཡང་ནི། །ཧ་ན་ཧ་ན་ད་ཧ་ད་ཧ་ཕཊ་ཀྱི་མཛད་པ་ཅན། །སྟོང་པའི་ངང་ལས་སྐུ་གསུང་ཐུགས་ཀྱི་སངས་རྒྱས་རྣམ་པར་འཕྲོ། །ཕྱིན་ཅི་ལོག་ཞེན་ལྟ་ངན་མ་ལུས་མཐའ་དག་མེད་མཛད་ཅིང༌། །གུ་ལུ་གུ་ལུ་ཛྃ་ཛྃ་ཡྃ་ཡྃ་གིས་ནི་ཞི་བར་མཛད། །ནམ་མཁའ་དག་དང་མཉམ་པའི་ཏིང་འཛིན་ཐུགས་ནི་རྣམ་པར་སྨིན། །བདེ་བ་ཆེན་པོ་ཁྱོད་ནི་མྃ་མྃ་ཞེས་ནི་མཛད་པ་ཅན། །སེམས་ཅན་དོན་དུ་ཐུགས་རྗེ་ཆེན་པོའི་མཛད་པ་མཛད་པ་པོ། །ཨཱ་ལི་ཀཱ་ལི་རབ་ཏུ་སྦྱོར་བའི་སྡོམ་པ་གསང་བ་ཅན། །བཅོམ་ལྡན་མཁའ་འགྲོའི་དམ་ཚིག་མ་ལུས་སྟོན་པར་མཛད་པ་ཡི། །དཔལ་ཆེན་ཧེ་རུ་ཀ་ནི་བརྟན་གཡོའི་བདག་པོ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ཧེ་རུ་ཀ་ཡི་བསྟོད་པ་འདི་བསྒོམས་ཕྱག་འཚལ་བའི། །ལྷ་དང་མི་རྣམས་གསང་བ་གསུམ་བདག་ཧེ་རུ་ཀ་ཡི་གཟུགས་འཛིན་འགྱུར། །ཞེས་པས་བསྟོད་དོ། །གཞན་ཡང་སྤྲོ་ན་ཅི་ལྟར་ཤེས་པས་བསྟོད་པར་བྱ་སྟེ་བསྟོད་པའོ།། །།དེ་ནས་གཏོར་མས་མཆོད་པ་ནི། འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པ་གཉིས་ལས། སྔ་མ་ནི་སྒྲུབ་པའི་ཐབས་སུ་བསྟན་པ་ལྟར་བྱ་ཞིང༌། གཉིས་པ་ནི་གཏོར་མ་ལ་ལག་པ་གཡོན་དང་གཡས་དང་གཉིས་ཀ་དང༌། བྱ་ཁྱུང་གི་ཕྱག་རྒྱ་རིམ་པ་བཞིན་བསྟན་ཞིང༌། ཨོཾ་ཨཱཿཧཱུྃ་ཧོཿཞེས་བརྗོད་པས་སྟོང་པ་དང༌། ཡངས་ཤིང་རྒྱ་ཆེ་བའི་ཐོད་པ་དང༌། བདུད་རྩིས་གང་བ་དང༌། ཁ་དོག་དང་རོ་བཅུད་ཕུན་སུམ་ཚོགས་པར་གྱུར་པར་བསམ་མོ། །དེ་ནས་འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱེས་སུ་བསྐོར་ཞིང་མིག་གྱེན་དུ་བལྟས་ལ། ངག་ཏུ་ཨོཾ་བཛྲ་ཨ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿཞེས་པ་དང་ཕཻཾ་གྱི་སྒྲ་དྲག་ཏུ་བརྗོད་ནས། སེམས་ཀྱིས་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་ལ་སོགས་པ་འཇིག་རྟེན་པའི་ཚོགས་ཐམས་ཅད་མདུན་དུ་བཀུག་པར་དམིགས་ལ། དེ་རྣམས་ཀྱི་ཞལ་ནས་བྱུང་བའི་འོད་ཀྱི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བཅས་ནས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙི། ཨུནྨཱ་ད། ཨ་པསྨཱ་ར། ཌཱ་ཀ ཌཱ་ཀི་ནྡཱ་ད་ཡཿ ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྤྲ་ཡཙྪནྟུ། ཡ་ཐཻ་ཝཾ། ཡ་ཐཻཥྚཾ། བྷུཉྫ་ཐ། ཛིཾ་གྷ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡ། སཏྶུ་ཁཾ་བི་ཤུདྡྷ་ས་ཧཱ་ཡི་ཀ་བྷ་བནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་ཕུལ་ནས། སླར་ཡང་ཕྱི་དང་ནང་གིས་མཆོད་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོགས་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཕྲིན་ལས་བཅོལ་ནས། རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་བྱིན་དབབ་ཅིང་བཀྲ་ཤིས་པར་བྱའོ། །གཏོར་མ་སྟེ་མཆོད་པའི་རིམ་པའོ།། །།རྒྱུན་བཤགས་སྡོམ་པ་གཟུང་བ་དང༌། །དམ་ཚིག་རྗེས་སུ་དྲན་པ་དང༌། །གནང་བ་རྗེས་སུ་ནོད་པ་སྟེ། །བཀའ་དྲིན་ནོད་པ་རྣམ་པ་བཞི། །ད་ལྟར་མཆོད་པས་མཉེས་པའི་དཀྱིལ་འཁོར་གྱི་མདུན་དུ། སྡིག་པ་དང་དམ་ཚིག་གི་ཉེས་པ་སྦྱང་བ་དང༌། བྱང་ཆུབ་ཀྱི་སེམས་གཟུང་བའི་ཕྱིར་ཡང་ཡང་ཕྱག་འཚལ་ནས་ཙོག་པུར་འདུག་ལ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། བརྗོད་པར་འགྱུར་བའི་དོན་དྲན་བཞིན་པས་སློབ་དཔོན་བྷུ་རི་པས་མཛད་པའི་རྒྱུན་བཤགས་ལྟར་རྒྱས་པར་བྱ་བའམ། ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་སྡོམ་པ་མཐའ་དག་གཟུང་བའི་ཕྱིར། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་པས་བླང་ངོ༌།། །།དེ་ནས་བསྲུང་བའི་དམ་ཚིག་རྗེས་སུ་བསྐྱང་པའི་བསམ་པས། ནང་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་ནི་བྱས་ནས་ཀྱང༌། །བསྲུང་དང་བཟའ་ལ་སོགས་པ་ཡི། །སྡོམ་པའི་བདག་ཉིད་ཅན་བསྲུང་ངོ༌། །ལུས་སྲོག་ལྟོས་པ་མེད་པར་ཡང༌། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་མེད་པང་ན་འཁོར་ལོར་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཤ་དང་ཆང་སོགས་གང་ཅིའང་རུང༌། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་པང་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤང་ཞིང༌། །མྱ་ངན་འདས་ལ་དགར་མི་བྱ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་བགོམ་པར་མི་བྱའོ། །དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །ཁྱོད་མ་བདག་ནི་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་བྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླངས་པ་སྔོན་འགྲོ་བས། །སྒྲ་སྟོང་ལ་སོགས་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་སྲུངས། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་འབྲས་འདོད་པའི། །ཡིད་ལ་འདོད་པའི་དངོས་གྲུབ་འགྱུར། །ཞེས་བྱ་བ་དང༌། ལྷ་མོ་གཞན་དང་ཀུན་སྦྱོར་བ། །འདོད་ལ་ཆགས་པར་གྱུར་འགྲོ་བ། །མི་གཡོ་བདག་གཞན་གཉིས་པ་མེད། །གཉིས་སུ་མེད་དང་ཐོགས་པ་མེད། །དམ་ཚིག་སྤྱད་པ་སྤྱོད་པ་དང༌། །བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། །ཚངས་སྤྱོད་དེ་བཞིན་བསམ་གཏན་གནས། །ཁྲོ་མེད་རྒྱུན་ནི་ཀུན་དུ་སྤྱོད། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། །ཞེས་བརྗོད་ནས་དམ་ཚིག་དང་སྡོམ་པ་མ་ལུས་པར་རྗེས་སུ་དྲན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོས། རིགས་ཀྱི་བུ་ཁྱོད་ཚུལ་འདིས་གནས་པར་གྱིས་ཤིག་དང༌། མྱུར་དུ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་གནང་བ་བྱིན་ཞིང༌། བདག་ཉིད་ཀྱིས་ཀྱང་དེ་ལྟར་ཁས་བླངས་པར་བསམ་མོ། །བཀའ་དྲིན་ནོད་པའོ། །བཟླས་དང་འདོད་ཡོན་གསོལ་གདབ་པ། །དངོས་གྲུབ་བསླང་བ་རྣམ་པ་གཉིས། །དེ་ལྟར་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་དང་ལྡན་པས། སྔགས་ཀྱི་བཟླས་པས་དེ་བཞིན་གཤེགས་པའི་རྒྱུད་བསྐུལ་ནས་དངོས་གྲུབ་བསླང་བའི་ཕྱིར། སྔགས་ཀྱི་མཆོད་པའི་སྐབས་སུ་བརྗོད་པའི་ཚུལ་གྱིས། གང་སྤྲོ་བའི་སྔགས་ལ་ཇི་སྲིད་མི་སྐྱོ་བའི་བར་དུ་བཟླས་པར་བྱའོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པའི་ཕྱིར། ཁྲོ་བོ་བདེ་བ་དགྱེས་པ་ཡི། །བདེ་བའི་ལོངས་སྤྱོད་ལས་བྱུང་བའི། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པས་བསྟེན་པར་བྱེད། །བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ཧོ། དགྱེས་པ་རྣམས་ཀྱི་བདེ་བའི་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨི་ཨཱ་ཨ་ར་ཧོ། རབ་དགྱེས་མགོན་པོ་དགྱེས་ཞུགས་མཛོད། །མཁའ་འགྲོ་དྲྭ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་སྩོལ་བར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ཧོ། བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོས་ཁྱོད་མ་བསྒྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཅིང་འཇམ་པའི་དབྱངས་ཀྱི་ནི། །དཔྱིད་ཀྱི་རྒྱལ་མོས་གླུ་བླངས་པས། །དྲི་མེད་མཁའ་འགྲོ་དྲྭ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཞེས་གསུངས་པ་ལྟར་གསོལ་བ་གདབ་ཅིང༌། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་འདོད་པའི་དོན་གསོལ་བ་གདབ་པར་བྱའོ། །དངོས་གྲུབ་བསླང་བའོ།། །།རྒྱུན་དང་དེ་བཞིན་ཁྱད་པར་ཏེ། །བདག་ཉིད་མཆོད་པ་རྣམ་པ་གཉིས། །དེ་ལ་རྒྱུན་ནི། བདག་ཉིད་སངས་རྒྱས་སུ་མཆོད་པའི་མཐར་སྔགས་དང་ཕྱི་ལ་སོགས་པ་དང་ཟས་ཀྱི་མཆོད་པ་སྒྲུབ་ཐབས་ལྟར་བྱ་ཞིང༌། ལག་པའི་མཆོད་པ་ནི། ཞུ་བ་དང་གོང་བུ་ལ་སོགས་པའི་མཆོད་པའི་རྫས་རྣམས་མདུན་དུ་བཞག་ནས། ལག་པ་གཡོན་པ་ལ་བདུད་རྩི་གཏོར་ཞིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་མཉེས་ནས་སེན་མོ་ལྔ་བསྡུས་ཏེ་དབུས་དང་སེན་མོ་ལྔ་ལ་མེ་ཏོག་གམ་ཐིག་ལེ་བཀོད་པ་ཟླ་བའི་གདན་དྲུག་ཏུ་དམིགས་པའི་སྟེང་དུ་མཐེ་བོར་ཨོཾ་ཧ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པ། མཛུབ་མོར་ན་མཿཧི་ལས་རྣམ་པར་སྣང་མཛད་སེར་པོ་འཁོར་ལོ་འཛིན་པ། གུང་མོ་ལ་སྭཱ་ཧཱ་ཧུ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ་པདྨ་འཛིན་པ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ལས་དཔལ་ཧེ་རུ་ཀ་ནག་པོ་རྡོ་རྗེ་གདེངས་པ་འཛིན་པ། མཐེའུ་ཆུང་དུ་ཧཱུྃ་ཧཱུྃ་ཧོ་ལས་རྡོ་རྗེ་ཉི་མ་དམར་སེར་རིན་པོ་ཆེ་འཛིན་པ། བསྡུས་པ་ལ་ཕཊ་ཧྃ་ལས་རྟ་མཆོག་ལྗང་གུ་རལ་གྲི་འཛིན་པ་སྟེ། གཡོན་པ་རྣམས་ནི་གཡས་པའི་ཕྱག་མཚན་གྱིས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་གཡོན་བརྐྱང་པས་བཞུགས་པར་བསམ་མོ། །དེ་ནས་ལག་པའི་མཐིལ་དུ་རང་བཞིན་གྱིས་གྲུབ་པའི་པདྨ་འདབ་མ་ལྔ་པ་དམིགས་ལ། ལྟེ་བ་དང་འདབ་མ་ལྔར་མེ་ཏོག་གམ་ཐིག་ལེ་བཀོད་པ་ཟླ་བའི་གདན་དུ་བསྒོམས་པའི་སྟེང་དུ་ལྟེ་བར་ཨོཾ་བྃ་ལས་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ། མདུན་ནས་བརྩམས་ཏེ་གཡོན་སྐོར་གྱིས་རིམ་པ་བཞིན། ཧྃ་ཡོཾ་ལས་གཤིན་རྗེ་མ་སྔོན་མོ། ཧྲིཾ་མྃ་ལས་རྨོངས་བྱེད་མ་དཀར་མོ། ཧྲིཾ་ཧྲཱིཾ་ལས་སྐྱོད་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་ལས་སྐྲག་བྱེད་མ་ལྗང་གུ། ཕཊ་ཕཊ་ལས་ཙཎྜི་ཀ་དུ་བའི་མདོག་ཅན་ཏེ། ཐམས་ཅད་ཀྱང་གྲི་གུག་དང༌། ཐོད་པ་འཛིན་པ། སྐྲ་གྲོལ་བ་ཕྱོགས་ཀྱི་གོས་ཅན་ཕྱག་རྒྱ་ལྔས་བརྒྱན་ཅིང་གཡོན་བརྐྱང་བས་གནས་པར་བསམ་མོ། །དེ་རྣམས་རིམ་པ་བཞིན་ཡབ་ཡུམ་ཡིན་པའི་ཕྱིར། ཡབ་ཀྱི་གནས་སུ་ཡུམ་དང༌། ཡུམ་གྱི་གནས་སུ་ཡབ་སྙོམས་པར་ཞུགས་པར་བསམ་མོ། །ཡང་ན་ཡི་གེ་ཉིད་ལྷའི་ངོ་བོར་བསྒོམས་ཀྱང་འགལ་བ་མེད་དོ། །ལཱུ་ཧི་པའི་དགོངས་པ་ལྟར་རྒྱས་པ་ལ་སྤྲོ་ན་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ་སྟེ། གཡས་སྔོ་ཞིང་གཡོན་དམར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ན་ཐོད་པ་དང་ཅང་ཏེའུ་དང༌། གཡོན་གྱི་འོག་མ་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཚངས་པའི་མགོ་བོ་འཛིན་པའོ། །གཞན་རྣམས་ནི་ཕྱག་བཞི་པ་སྟེ། འོག་མ་གཉིས་ཀྱི་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པའོ། །རྡོ་རྗེ་ཕག་མོའང་ཞལ་གསུམ་ཕྱག་དྲུག་མ་སྟེ། ཞལ་གཡས་སྔོ་ཞིང་གཡོན་ལྗང་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། གཡོན་གྱི་འོག་མ་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཚངས་པའི་མགོ་བོ་འཛིན་པའོ། །གཞན་རྣམས་ནི་ཞལ་གཅིག་ཕྱག་བཞི་མ་སྟེ། འོག་མ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ་ཡིན་ལ། ཐམས་ཅད་ཀྱི་དང་པོ་གཉིས་ནི་གོང་དུ་བརྗོད་པའི་ཕྱག་མཚན་འཛིན་པ་ཉིད་ཡིན་ནོ། །གཞན་ཡང་ལག་པའི་སའི་ཁམས་ནི་ལྟུང་བྱེད་མ། ཆུའི་ཁམས་ནི་གསོད་བྱེད་མ། མེའི་ཁམས་ནི་འགུགས་བྱེད་མ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི་པདྨའི་དྲྭ་བ་ཅན་མ་སྟེ་སྙིང་པོའི་རྣལ་འབྱོར་མ་ལྔར་བསྒོམ་མོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་གཟུགས་བརྙན་ལག་པའི་རྒྱབ་ཏུ་ཤར་བར་བལྟ་བའམ། ཕྱིའི་དཀྱིལ་འཁོར་དང་མ་འབྲེལ་ན་ལྷའི་གནས་རྣམས་སུ་ཐིག་ལེ་བཀོད་ལ། དཀྱིལ་འཁོར་གྱི་ལྷ་ཡོངས་སུ་རྫོགས་པར་བལྟས་ནས་ཐམས་ཅད་ཀྱང་ཕོ་ཉ་གསུམ་དབྱེར་མི་ཕྱེད་པར་མོས་ལ་སོ་སོའི་སྔགས་བརྗོད་ཅིང༌། མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པ་དང༌། ཞུ་བ་དང་གོང་བུའི་རྫས་རྣམས་ཀྱིས་མཆོད་ནས་མཉེས་པར་བྱའོ། །དེ་ནས་རྫས་རྣམས་ཀྱི་ཕྱེད་མི་སྤྱད་པར་དབེན་པའི་གནས་སུ་བཞག་ཅིང༌། ཕྱེད་ནི་ལོངས་སྤྱད་པའི་ཁ་ཟས་རྣམས་དང་བསྲེ་བར་བྱའོ། །དེ་ནས་ལག་པ་གཡོན་པ་ལ་བདུད་རྩི་གཏོར་ཞིང་ལག་པ་གཉིས་ཕན་ཚུན་མཉེས་པས་ལྷ་རྣམས་སྙོམས་པར་ཞུགས་པར་བསམས་ནས། གཡོན་པའི་སྲིན་ལག་གིས་དཔྲལ་བ་མགྲིན་པ་སྙིང་གར་རེག་ཅིང་ལུས་ཐམས་ཅད་ལ་བྱུགས་པས་ལྷ་རྣམས་ཀྱང་ལུས་ལ་ཐིམ་པར་བསམ་ཞིང་ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་གཡོན་གྱི་ཀུན་ཏུ་སྤྱོད་པས། ནང་གི་སྦྱིན་སྲེག་གིས་ལུས་ཀྱི་ལྷ་རྣམས་ཚིམ་པར་བྱའོ། །དེ་ནས་ལྷག་མ་བསྡུས་པ་ལ་དངོས་སམ་ཡིད་ཀྱིས་འབར་བའི་ཕྱག་རྒྱའི་ནང་ནས་ཆང་གི་ཁ་ཕྲུ་བཏབ་ལ། ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས། ཨ་ཀཱ་རོའི་མཐར། ཨོཾ་སརྦ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ཅད་ལ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཤིས་པར་བྱའོ། །ཁྱད་པར་གྱི་མཆོད་པ་ཚེས་བཅུ་ལ་སོགས་པའི་དུས་སུ་ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱེད་ན། ཐོག་མར་ལས་ཀྱི་སློབ་མས་ཚོགས་ཀྱི་སློབ་དཔོན་ཚོགས་པ་དང་བཅས་པ་རྣམས་ལ་མཎྜལ་དང་མེ་ཏོག་ཕུལ་ནས་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་བོ། །དེ་ནས་ཡི་གེ་བརྒྱ་པས་རྒྱུད་སྦྱངས་ནས། སྒྲུབ་པའི་ཐབས་བཞིན་རྣལ་འབྱོར་ཡོངས་སུ་རྫོགས་པ་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། བདུན་བསྐྱེད་བསྒྲུབ་པའི་མཎྜལ་ལ་བརྟེན་ན་གོང་དུ་བསྟན་པ་ལྟར་བྱ་ཞིང༌། མི་བརྟེན་ན་བྲིས་སྐུ་ལ་སོགས་པ་དམིགས་པའི་རྟེན་ཡོད་པའམ་མེད་ཀྱང་རུང་སྟེ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྐད་ཅིག་གིས་དམིགས་ལ་ཕོ་ཉ་གསུམ་བསྲེས་ནས་ཡེ་ཤེས་པ་དང་རོ་གཅིག་པར་བྱས་ལ་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །དེ་ནས་བདག་བསྐྱེད་དང་མདུན་བསྐྱེད་གཉིས་ཀ་ལ་ཐུན་མོང་དུ་མཆོད་པར་བསམ་ཞིང༌། བསྟོད་པའི་བར་ཇི་སྐད་བསྟན་པ་བཞིན་བྱའོ། །བསྡུས་པ་ལ་སྤྲོ་ན་ཕྱི་དང་ནང་དང་མཉེས་པ་དང་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་མཆོད་ནས། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་པར་བྱའོ། །དེ་ནས་དམ་ཚིག་ཅན་ལ་གཏོར་མ་བྱིན་ནས། རྒྱུན་བཤགས་དང་སྡོམ་པ་གཟུང་བ་བྱས་ན་ཤིན་ཏུ་ལེགས་ལ་མ་བྱས་ཀྱང་ཉེས་པ་མེད་དོ། །དེ་ནས་ཚོགས་ཀྱི་ཡོ་བྱད་མངོན་དུ་བྱས་པ་གཏོར་མ་ལྟར་བྱིན་གྱིས་བརླབས་པའི་ཕུད་དཀྱིལ་འཁོར་དང་གཏོར་མ་ལ་ཕུལ་ནས། ལས་ཀྱི་སློབ་མས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྣམ་ལྔ་འདོད་པ་བསྐོར་བའི་ཕྱག་རྒྱ་བྱ་ཞིང༌། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་གཅིག་པ་ཉིད་དུ་བཞེས། །ཞེས་བརྗོད་ཅིང༌། དམ་ཚིག་གི་རྫས་གཉིས་སུ་མེད་པར་རིམ་པ་བཞིན་དྲང་ངོ༌། །ལེན་པ་པོས་ཀྱང་ཕྱག་རྒྱ་བཅས་ཤིང༌། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་བརྗོད་ཅིང་བླང་ངོ༌། །གཉིས་ཀར་གྱི་ཨ་ཧོ་སུ་ཁ་ཞེས་བརྗོད་པར་བྱའོ། །དེ་ནས་ནང་བདུད་རྩིའི་མཆོད་པ་ལྟར་ཕུད་ཀྱིས་མཆོད་ནས། ལག་པའི་མཆོད་པ་སྔོན་དུ་འགྲོ་བས་ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད་པར་བྱའོ། །བརྩོད་དང་ཀུ་ཆོ་མི་བྱ་ཞིང༌། །ཆགས་དང་སྡང་བ་རྣམ་པར་སྤང༌། །ཐ་མལ་རྟོག་པས་མ་གཡེངས་པར། །ཡང་ནས་ཡང་དུ་རྣལ་འབྱོར་བསྒོམ། །ཟས་ལ་མི་སྨོད་ཚིམ་པར་སྤྱད། །ཤིན་ཏུ་བཟི་བར་མི་བྱ་ཞིང༌། །འདོད་ཡོན་རྡོ་རྗེའི་བདེ་བ་རྣམས། །སྟོང་པ་ཉིད་ཀྱི་རྒྱས་གདབ་བྱ། །ཚོགས་ཁང་སྣོད་བཅས་གཞལ་མེད་ཁང༌། །འགྲོ་ཀུན་ལྷ་ཡི་དཀྱིལ་འཁོར་ཏེ། །འདོད་ཡོན་ཐམས་ཅད་མཆོད་པའི་རྫས། །ཀུན་ཏུ་ཀུན་ནས་མཆོད་པར་བསམ། །འདི་ལྟར་རྣམ་ཤེས་རྣལ་འབྱོར་པ། །སྒོ་གསུམ་པོ་ཡིས་སྤྱད་པའི་ལས། །དོན་དུ་མི་འགྱུར་ཅི་ཞིག་ཡོད། །ཐམས་ཅད་ཡེ་ཤེས་ཆེན་པོའི་རྒྱུ། །ཀུན་བཟང་ཧེ་རུ་ཀ་དཔལ་གྱི། །ཀུན་དུ་བཟང་པོའི་རྣམ་འཕྲུལ་གྱིས། །རྣམ་པར་རོལ་པ་ཀུན་བཟང་ཉིད། །སྒྲུབ་པའི་ཚུལ་ལ་སུ་ཞིག་སྨོད། །འདི་འདྲ་གསང་གསུམ་མངའ་བདག་གི །གསུང་གི་གསང་བ་ཆེས་གསང་བ། །དེ་འདྲ་དམན་པའི་ཡུལ་མིན་ཕྱིར། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན། །གང་འདྲས་འདི་འདྲ་རྟོགས་གྱུར་པ། །དེ་འདྲ་རྒྱལ་བའི་སློབ་མ་སྟེ། །དེ་ལྟ་དེ་ལྟར་སྒྲུབ་བྱེད་པ། །དེ་དེ་སྲས་ཀྱི་ཐུ་བོ་ཡིན། །ཚོགས་ཀྱི་མན་ངག་རྒྱུད་ཀུན་གྱི། །སྙིང་པོའི་ཚིག་ནི་མདོར་བསྡུས་པ། །འདི་འདྲ་ཚོགས་སུ་རྣལ་འབྱོར་པས། །གླུ་རུ་བླང་བྱ་ཁོ་ན་ཡིན། །དེ་ལྟ་བུའི་ཚུལ་གྱིས་བཟའ་བ་དང་བཏུང་བ་དང་གླུ་དང་གར་ལ་སོགས་པ་ཕྱི་དང་ནང་གི་འདོད་པའི་ཡོན་ཏན་ལས་བྱུང་བ། བདེ་བ་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་རོ་གཅིག་པས་ཚིམ་པའི་མཐར། སྔ་མ་བཞིན་དུ་ལྷག་མའི་གཏོར་མ་རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པ་བྱའོ། །ཚོགས་ཀྱི་འཁོར་ལོས་མདུན་བསྐྱེད་ཀྱང་མཆོད་མོད། གཙོ་ཆེ་བའི་ཕྱིར་བདག་ཉིད་མཆོད་པར་བསྡུས་སོ། །བདག་ཉིད་མཆོད་པའོ། །བཟོད་པར་གསོལ་དང་ལྷག་ཆད་སྦྱང༌། །སྨོན་ལམ་གདབ་དང་གཤེགས་སུ་གསོལ། །དཀྱིལ་འཁོར་བསྡུ་དང་བདག་ཉིད་བསྲུང༌། །རྣམ་པ་དྲུག་ནི་མཇུག་གི་ལས། །དེའང་ཚོགས་དང་འབྲེལ་པའམ་མ་འབྲེལ་ཡང་རུང་སྟེ། ཚོམ་བུའམ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་དེ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་གང༌། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ལན་གསུམ་དུ་བཟོད་པར་གསོལ་ནས། ཡི་གེ་བརྒྱ་པས་ཆོ་ག་ལྷག་ཆད་ཀྱི་ཉེས་པ་སྦྱངས་ལ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་སྔགས་པ་ལྷན་ཅིག་གར་བྱེད་ཤོག །ཅེས་པ་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པའི། །བདེན་པ་དེས་ནི་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་སྨོན་ལམ་དང་བདེན་པའི་ཚིག་བརྗོད་པར་བྱའོ། །དེ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཞེས་བརྗོད་ནས་ཡེ་ཤེས་པ་གཤེགས་སུ་གསོལ་ནས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་གི་དཀྱིལ་འཁོར་བདག་ལ་བསྡུས་ལ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧྃ། ཞེས་བརྗོད་ནས་རོ་གཅིག་པར་བྱའོ། །དེ་ནས་གཏོར་མའི་མགྲོན་ཡང་གཤེགས་སུ་གསོལ་ནས་རོལ་མོའི་སྒྲ་དང་བཅས་པས་གཏོར་མ་དོར་ལ། སུམྦྷའི་སྔགས་ལན་གཉིས་ཀྱིས་ཕྱོགས་མཚམས་བསྲུངས་ནས་དཔའ་བོ་དང་དཔའ་མོའི་གོ་ཆ་ཆེན་པོ་བཀོད་པས་བདག་ཉིད་བསྲུངས་ལ་ལས་ཀྱི་རྗེས་བསྡུས་ནས། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ།། །།རྒྱུད་སྡེ་དྲུག་པ་མ་ཡི་མར་གྱུར་སྡོམ་པའི་རྒྱུད་ལས་ལེགས་གསུངས་པའི། །ཧེ་རུ་ཀ་དཔལ་མཉེས་བྱེད་ཆོ་ག་བླ་མ་བརྒྱུད་པ་ལས་འོངས་པ། །བདག་གིས་བཀོད་ལ་ནོངས་པར་གྱུར་གང་དམ་པ་རྣམས་ཀྱིས་བཟོད་པར་དགོངས། །དགེ་བ་དེ་ཡིས་མ་ལུས་འགྲོ་ཀུན་ཀུན་བཟང་ཧེ་རུ་ཀར་གྱུར་ཅིག །དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་པའི་ཐབས་ཀྱི་ཡན་ལག དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ཆོ་ག་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཞེས་བྱ་བ། ཆོས་ཀྱི་རྗེ་མཁྱེན་རབ་ཀྱི་དབང་ཕྱུག་གི་ཞབས་རྡུལ་སྤྱི་བོས་ལེན་པ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས་ཆུ་བོ་བྱི་བའི་ལོ། རྒྱལ་གྱི་ཟླ་བ་ལ་རྒྱལ་པོ་ཆེན་པོའི་ཕོ་བྲང་ཁའི་ཕིང་ཧུར་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply