༼པ༽
༄༅། །སྦྱིན་སྲེག་ཆོ་ག་རྒྱས་པ་བཞུགས།།
༄༅། །དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཉོན་མོངས་བུད་ཤིང་ཀུན་བསྲེགས་ཤིང༌། །ཡེ་ཤེས་ལྔ་ཡི་འོད་རབ་འབར། །འགྲོ་བའི་མུན་ནག་རྣམ་སེལ་བའི། །རྡོ་རྗེ་མེ་ལ་ཕྱག་འཚལ་ནས། །སྲིད་པའི་རླན་ལས་རྣམ་སྐྱེས་པའི། །ཉེས་ཚོགས་ཚང་ཚིང་བསྲེག་བྱའི་ཕྱིར། །སྤྱོད་པའི་རྡོ་རྗེའི་རྗེས་འབྲངས་ནས། །སྦྱིན་སྲེག་ཆོ་ག་བདག་གིས་བཤད། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་ལ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བརྟན་པ་དང་ལྡན་ཞིང༌། བསྙེན་པ་སྔོན་དུ་སོང་བས། སྔགས་ཀྱི་ནུས་པ་དབྱུང་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཕྱིར། སྦྱིན་སྲེག་གི་ཆོ་ག་བརྩམ་པར་བྱ་སྟེ། གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་འབྱུང་བའི་ཕྱིར་རོ། །དེའང་སློབ་དཔོན་སྤྱོད་པའི་རྡོ་རྗེའི་ཞལ་སྔ་ནས། བླ་མེད་ནང་དང་ཕྱི་ཡི་སྟེ། །སྦྱིན་སྲེག་དག་ནི་གསུམ་དུ་འདོད། །གཞན་དག་ཞི་བ་ལ་སོགས་པ། །སྦྱིན་སྲེག་དག་ནི་བཞི་རུ་འདོད། །ཅེས་གསུངས་པའི་ཕྱིར། སྦྱིན་སྲེག་རྣམ་པ་གསུམ་དུ་བསྡུས་ཏེ། བླ་ན་མེད་པ་དང༌། ནང་དང༌། ཕྱིའོ། །བླ་ན་མེད་པ་དེ་ཡང་རྣམ་པ་གསུམ་སྟེ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། དགང་གཟར་ཤེས་རབ་བླུགས་གཟར་ཐབས། །དེ་གཉིས་སྦྱོར་བ་གཉིས་མེད་བསྒོམ། །དེ་ལས་ངེས་བྱུང་མར་གྱི་རྒྱུན། །ཡེ་ཤེས་ཆེན་པོའི་བདུད་རྩིར་འདོད། །རྒྱུ་དང་མི་རྒྱུའི་བདག་ཉིད་ཀྱི། །མེ་ནི་དེ་ཡིས་ཡང་དག་མཆོད། །འདི་ལྟར་སྦྱིན་སྲེག་གང་བྱེད་ལ། །སྐལ་བཟང་དངོས་གྲུབ་རབ་ཏུ་སྟེར། །ཞེས་འབྱུང་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་ཀུན་ནས་འབར་བ་དང་བཅས་པའི། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། ཞི་གནས་དང་ལྷག་མཐོང་དག་གི་དགང་གཟར་དང་བླུགས་གཟར་དག་གིས། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་མ་ལུས་པའི་བསྲེག་རྫས་ཀུན་ནས་སྲེག་པར་བྱེད་པ་བསམ་གྱིས་མི་ཁྱབ་པའི་བསྲེག་བླུགས་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་པོ་གཉིས་ཤིང་སྦྱོར་བ་ལས། །རླུང་གིས་མེ་ནི་སྦར་བའོ། །མར་ཡོད་པ་ནི་སྟེང་འཁོར་ལོ། །དེ་ནི་མར་སྣོད་ཅེས་སུ་བརྗོད། །ལྷ་ཡི་རྣམ་པས་བླུགས་གཟར་བསྟན། །བླུགས་གཟར་དེ་ནི་རྡོ་རྗེའོ། །ཧོམ་ཁུང་བྷ་ག་ཞེས་སུ་བཤད། །བྱང་ཆུབ་སེམས་ཀྱི་མར་ནི་བསྲེག །ཅེས་འབྱུང་བས་རྗེས་སུ་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱི་མེ་ཀུན་ནས་འབར་བ་དང་བཅས་པའི་བྷ་གའི་དཀྱིལ་འཁོར་ཡོངས་སུ་སྦྱངས་པའི་ཐབ་ཁུང་དུ་རྡོ་རྗེའི་བླུགས་གཟར་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་བསྲེག་རྫས་བླུགས་པར་བྱེད་པ་བདེ་བ་ཆེན་པོའི་བསྲེག་བླུགས་དང༌། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཕུན་ཚོགས་ཡམ་ཤིང་ཡེ་ཤེས་མེ། །ལས་ཀྱི་རླུང་གིས་མེ་སྦར་བས། །ལྟེ་བའི་དཀྱིལ་འཁོར་འདིར་ནི་འབར། །ཚངས་པའི་མེ་ནི་སུམ་མདོར་གནས། །དགང་གཟར་ལ་ལ་ནཱར་ནི་གསུངས། །བླུགས་གཟར་ཁ་ནི་ར་ས་ནཱ། །དབྱུག་པ་རིན་ཆེན་རྡོ་རྗེའི་མཐར། །ཐོད་པ་བསྲེག་རྫས་སྣོད་ཡིན་ཏེ། །བསྲེག་བྱ་རྫས་རྣམས་ཐམས་ཅད་དོ། །རིམ་པ་དེ་ལྟར་བརྗོད་པར་བྱ། །སྦྱིན་སྲེག་བླ་ན་མེད་པ་འདི། །ལྷ་མོ་ཁྱོད་ལ་ངས་བཤད་དོ། །ཞེས་འབྱུང་བས་དྲི་མ་མེད་ཅིང་རབ་ཏུ་གསལ་བའི་ཡེ་ཤེས་ཀྱི་མེ་རྣམ་པར་འབར་བ་དང་བཅས་པའི་སྤྲུལ་པ་ལ་སོགས་པའི་འཁོར་ལོ་རྣམས་ཀྱི་ཐབ་ཁུང་དུ་ར་ས་ནཱ་དང༌། ལ་ལ་ནཱའི་བླུགས་གཟར་དང༌། དགང་གཟར་དག་གིས་ཁམས་ཡོངས་སུ་དག་པའི་བསྲེག་རྫས་བླུགས་པར་བྱེད་པ། བདག་བྱིན་གྱིས་བརླབ་པའི་བསྲེག་བླུགས་དང༌། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཁ་ནི་ཧོམ་ཁུང་དགང་བླུགས་ལག །ཚུལ་ནི་རང་བྱུང་མེ་ཡིན་ལ། །ཞེས་འབྱུང་བས་གཏུམ་མོའི་མེ་འབར་བ་དང་བཅས་པའི་ལུས་ཀྱི་ཐབ་ཀྱི་ཁའི་ཧོམ་ཁུང་དུ། ལག་པ་གཉིས་ཀྱིས་དགང་གཟར་དང་བླུགས་གཟར་དག་གིས། བཟའ་བ་དང་བཏུང་བའི་བསྲེག་རྫས་བླུགས་པར་བྱེད་པ་འདི་ནི་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་ཡིན་ནོ། །ཕྱི་རོལ་དུ་མངོན་པར་འདུ་བྱས་པའི་ཐབ་ཁུང་དག་དུ་ཇི་སྐད་བཤད་པའི་བུད་ཤིང་དག་ལས་རབ་ཏུ་འབར་བའི་མེའི་དཀྱིལ་འཁོར་དུ། བསྲེག་བླུགས་སྦྱིན་པར་བྱེད་པ་འདི་ནི་ཕྱིའི་བདག་ཉིད་ཀྱི་སྦྱིན་སྲེག་གོ །དེའང་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་དབྱེ་བས་རྣམ་པ་བཞིར་འགྱུར་རོ། །དེ་དག་གི་ནང་ཚན་གྱི་དབྱེ་བ་ནི་མང་བ་དང་རྟོགས་སླ་བའི་ཕྱིར་འདིར་མ་བྲིས་སོ། །འདིར་ལས་དང་པོ་པའི་བྱ་བའི་རིམ་པ་ཡིན་པའི་ཕྱིར། ཕྱིའི་སྦྱིན་སྲེག་ཅི་ལྟར་བྱ་བའི་ཚུལ་བརྗོད་པར་བྱའོ། །དེའང་དབེན་ཞིང་ཡིད་དུ་འོང་བ་ལ་ཕུན་སུམ་ཚོགས་པའི་ས་ཕྱོགས་སུ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་སའི་ཆོ་ག་བྱ་སྟེ། དུས་བཟང་པོ་ལ་བབ་པའི་ཚེ། སྦྱིན་སྲེག་བྱ་བའི་ཕྱིར་ཐབ་ལ་སོགས་པའི་མཚན་ཉིད་བཤད་པ། ཞི་བ་ཤར་དུ་ཟླུམ་པོ་དཀར། །བུད་ཤིང་འོ་མ་ཅན་གྱི་རྩེ། །མེ་ནི་བྲམ་ཟེའི་རྒྱུན་ཞག་ཤིས། །རྒྱས་ལ་ལྷོ་རུ་གྲུ་བཞི་སེར། །འབྲས་བུ་ཅན་གྱི་རྐེད་པའི་ཆ། །རྒྱལ་རིགས་ཁྱིམ་ནས་བྱུང་བའི་མེ། །དབང་ལ་ནུབ་ཏུ་གྲུ་གསུམ་དམར། །མེ་ཏོག་དམར་པོ་ལྡན་པའི་ཤིང༌། །སྨད་འཚོང་མ་ཡི་ཁྱིམ་གྱི་མེ། །དྲག་པོ་བྱང་དུ་ཟླ་གམ་གནག །ཚེར་མ་ཅན་གྱི་རྩ་བའི་ཆ། །གདོལ་པའི་ཁྱིམ་ནས་བྱུང་བའི་མེ། །ཞེས་སྨོས་སོ། །དེ་ལ་ཕྱོགས་ནི་ཡོན་གྱི་བདག་པོ་ལ་སོགས་པའི་དོན་དུ་དེ་ཉིད་ཀྱི་གནས་ཀྱི་ཕྱོགས་དང༌། རང་གི་དོན་ལ་ནི་རྩ་བའི་དཀྱིལ་འཁོར་གྱི་ཕྱོགས་རྣམས་སུ་བྱའོ། །ཁ་ལྟ་བའི་ཕྱོགས་ནི་དཀྱིལ་འཁོར་དང་འབྲེལ་པ་ལ་ཐབ་ཁུང་གི་ཤར་དུ་གནས་ནས། དཀྱིལ་འཁོར་དང་ཐབ་ལ་ཕྱོགས་པའི་ཕྱིར་ནུབ་ཏུ་བལྟའོ། །གཞན་རྣམས་ལའང་འདིའི་ཚུལ་གྱིས་བྱའོ། །དཀྱིལ་འཁོར་དང་མ་འབྲེལ་བ་རྣམས་ནི། ཞི་བ་ལ་ཤར་དང༌། རྒྱས་པ་ལ་བྱང་དུ་བལྟ་བ་ལ་སོགས་པ་ཉིད་དོ། །དབྱིབས་ནི་ཚུལ་གཞན་ལས་དབང་དུ་བྱ་བ་ལ་ཟླ་གམ་དང༌། དྲག་པོ་ལ་གྲུ་གསུམ་དུ་གསུངས་ཀྱང༌། འདིར་དབང་དུ་བྱ་བ་ལ་གྲུ་གསུམ་དང༌། དྲག་པོ་ལ་ཟླ་གམ་དུ་གསུངས་པ་ནི། མེ་དང་རླུང་དག་པ་འོད་དཔག་མེད་དང༌། དོན་ཡོད་གྲུབ་པས་ལས་དེ་དག་འགྲུབ་པ་ལ་དགོངས་ཏེ། རྒྱུད་སྡེ་གཞན་ལས་ཀྱང་དེ་ལྟར་འབྱུང་ངོ༌། །ལས་དང་འབྲེལ་བའི་བུད་ཤིང་དེ་དག་མ་རྙེད་ན་ཅུང་ཟད་བསྲེ་བའམ། གང་རྙེད་པའི་བུད་ཤིང་དེར་མོས་ཏེ་སྦོམ་ཕྲ་དང་རིང་ཐུང་ཐབ་དང་འཚམ་པར་བྱའོ། །མེ་དེ་དག་མ་རྙེད་ན་ཞི་བ་ལ་ཤིང་འོ་མ་ཅན་གཙུབས་པ་ལས་བྱུང་བའམ། དགོན་པའི་མེ་དང༌། རྒྱས་པ་ལ་ལྕགས་སམ། མེ་ཤེལ་ལས་བྱུང་བའི་མེའམ། དགེ་འདུན་གྱི་གནས་ལས་བྱུང་བའི་མེ་དང༌། དབང་དུ་བྱ་བ་ལ་མེ་ཏོག་དམར་པོ་ཅན་གྱི་ཤིང་གཙུབས་པ་ལས་བྱུང་བའམ། ལམ་དུ་བུས་པ་ལས་བྱུང་བའི་མེ་དང༌། དྲག་པོ་ལ་རྡོ་གཙུབས་པ་ལས་བྱུང་བའམ། རོ་བསྲེགས་པའི་མེ་ལས་བྱའོ། །ཡང་ན་ཇི་ལྟར་རྙེད་པ་ལས་བྱས་ཀྱང་ཉེས་པ་མེད་དོ། །ཡམ་ཤིང་ནི་བུད་ཤིང་གི་རྒྱུ་ལས་བྱུང་བ་དེའི་ཚད་པས་ཅུང་ཟད་ཐུང་ཞིང་ཕྲ་བ་ལ་མར་དང་སྦྲང་རྩི་དང་དྲི་བཟང་པོས་བྱུག་གོ །དྲག་པོ་ལ་ནི་ཁྲག་དང་དུག་དང་ཞག་གིས་བྱུག་པར་བྱའོ། །ཐབ་ཁུང་རྒྱར་ནི་ཁྲུ་གང་སོགས། །ཟབས་སུ་དེ་ཡི་ཕྱེད་ཡིན་ཏེ། །སོར་བཞི་ལ་སོགས་པ་བསྐྱེད་བྱས་ནས། །དེ་ཡི་ཚད་ཀྱི་མུ་རན་བརྩིག །ལས་ཀྱི་ཁ་ཁྱེར་དེ་ཡི་ཕྱིར། །སོར་བཞིའི་རྒྱ་ལ་དེ་ཡི་འཕང༌། །ནང་གི་ཁ་ཁྱེར་མུ་རན་ལ། །པདྨ་གྲི་གུག་ཕྲེང་བ་བྲི། །ལས་ཀྱི་ཁ་ཁྱེར་ལས་བཞི་ཡི། །རྡོ་རྗེ་རིན་ཆེན་པདྨ་དམར། །རྡོ་རྗེ་རྩེ་གསུམ་ཕྲེང་བ་བྲི། །ཐབ་ཆུང་བ་ལ་རྒྱར་ཁྲུ་གང་བ་དང༌། དེ་བཞིན་དུ་ཁྲུ་གཉིས་པ་ནས་ཤིན་ཏུ་ཆེ་བ་ལ་ཁྲུ་བཅུ་དྲུག་པའི་བར་དུ་བྱ་ཞིང༌། ཟབས་སུ་དེའི་ཕྱེད་དང་ལྡན་པར་བྱའོ། །ཐབ་ཁུང་ཁྲུ་གང་པ་ལ་སོར་བཞིའི་ཁ་ཁྱེར་ཕྱིར་བསྐྱེད་ལ། པདྨའི་ཕྲེང་བ་དང༌། དེའི་ཕྱི་རོལ་དུ་འཕང་དང་ཞེང་དུ་སོར་བཞི་པའི་མུ་རན་བརྩིགས་པ་ལ་གྲི་གུག་གི་ཕྲེང་བ་དགོད་པར་བྱའོ། །དེའི་ཡང་ཕྱི་རོལ་དུ་ཞེང་དུ་སོར་བཞི་པ་ལ་འཕང་དུ་སོར་གཉིས་པའི་ལས་ཀྱི་ཁ་ཁྱེར་བརྩིགས་པ་ལ་ཞི་བ་ལ་རྡོ་རྗེ་ཁ་ཟུམས་པ་དང༌། རྒྱས་པ་ལ་རིན་པོ་ཆེ་དང༌། དབང་དུ་བྱ་བ་ལ་པདྨ་དམར་པོ་དང༌། དྲག་པོ་ལ་རྡོ་རྗེ་རྩེ་གསུམ་པ་གདེངས་པའི་ཕྲེང་བ་བྲི་བར་བྱའོ། །དེ་བཞིན་དུ་ཁྲུ་གཉིས་པ་ནས་ཁྲུ་བཅུ་དྲུག་པའི་བར་གྱི་ཐབ་ཁུང་ལ་ནི་སོར་བརྒྱད་པ་ནས་སོར་དྲུག་ཅུ་རྩ་བཞི་པའི་བར་གྱི་ཁ་ཁྱེར་ལ་སོགས་པ་བསྐྱེད་དེ་སྔ་མའི་ཚུལ་གྱིས་བྱའོ། །ཐབ་དབུས་པདྨ་འདབ་བརྒྱད་ལ། །ལྟེ་བར་རྡོ་རྗེ་གྲི་གུག་དང༌། །ཕྱོགས་བཞིར་རིགས་བཞི་མཚམས་བཞིར་སྣོད། །ཕྱི་རོལ་འཁོར་ལོ་རིམ་པ་གསུམ། །གཞལ་ཡས་ཁང་བཅས་ཕྱོགས་མཚམས་སུ། །ལྕགས་ཀྱུ་སོགས་བཞི་གྲི་གུག་བཞི། །ཕྱི་རོལ་དུར་ཁྲོད་དེ་ཡི་མཐར། །མུ་ཁྱུད་ལ་གནས་ཤར་ཕྱོགས་སུ། །པདྨ་དབྱུ་གུ་ཕྲེང་བ་དང༌། །སྤྱི་བླུགས་རི་དྭགས་པགས་པའོ། །ལྷོར་ནི་རྩེ་གསུམ་ཟླ་ཚེས་དང༌། །རྒྱལ་མཚན་རལ་པའི་ཐོར་ཚུགས་མིག །ནུབ་ཏུ་འཁོར་ལོ་དུང་དང་ནི། །དབྱུག་ཏོ་རལ་གྲི་ཕུབ་རྣམས་སོ། །བྱང་དུ་མདུང་དང་དྲིལ་བུ་དང༌། །བ་དན་རྨ་བྱ་ར་སྐྱེས་བྲི། །ཕྱི་རོལ་རྡོ་རྗེའི་ཕྲེང་བ་ལ། །མཚམས་བཞིར་རྡོ་རྗེ་ཕྱེད་པའོ། །ཐབ་ཀྱི་དབུས་སུ་དེ་དང་འཚམ་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གཙོ་བོའི་མཚན་མ་རྡོ་རྗེ་དང༌། ཡུམ་གྱི་ཕྱག་མཚན་རྡོ་རྗེ་ཕྱེད་པས་ཡུ་བ་བྱས་པའི་གྲི་གུག་དང༌། ཕྱོགས་བཞིའི་འདབ་མ་ལ་གཡོན་སྐོར་གྱི་རིམ་པས། རྡོ་རྗེ་དང༌། རལ་གྲི་དང༌། པདྨ་དང༌། རིན་པོ་ཆེས་མཚན་པའི་ཁ་ཊྭཱཾ་ག་དང༌། མཚམས་བཞིར་ཐོད་པ་བཞི་བྲིའོ། །ལས་ཀྱི་ཁ་ཁྱེར་གྱི་ཕྱི་རོལ་དུ། ཐབ་དང་འཚམ་པའི་ཚད་གཞལ་ཏེ། རྭ་བ་དང༌། ཀ་བ་དང༌། རྩིབས་དང་བཅས་པའི་འཁོར་ལོ་རིམ་པ་གསུམ་ལ་རྡོ་རྗེ་དང༌། གྲི་གུག་སྔོན་པོ་དང༌། པདྨ་དང༌། གྲི་གུག་དམར་པོ་དང༌། འཁོར་ལོ་དང༌། གྲི་གུག་དཀར་པོ་རྣམས་བྲི་ཞིང༌། དེའི་ཕྱི་རོལ་དུ་དཀྱིལ་འཁོར་གཞན་དང་མཚུངས་པར་ཆ་ཆེན་དང་ཆ་ཕྲན་གྱི་ཐིག་གིས་ཆ་ཕྱེ་ནས། རྩིག་པ་ལྔ་དང་ལྡན་ཞིང༌། གྲུ་བཞི་པ། སྒོ་བཞི་པ། འདོད་ཡོན་གྱི་སྣམ་བུ་དང༌། ཕ་གུ་དང༌། དྲྭ་བ་དང༌། དྲྭ་བ་ཕྱེད་པ་དང༌། མདའ་ཡབ་དང༌། པུ་ཤུ་དང༌། རྟ་བབས་དང༌། པདྨའི་ཕྲེང་བ་དང༌། དུར་ཁྲོད་དང༌། ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་གྱི་མུ་ཁྱུད་དང༌། རྡོ་རྗེའི་ཕྲེང་བ་དང༌། མེའི་ཕྲེང་བ་དང༌། གྲྭ་བཞིར་རྡོ་རྗེ་ཕྱེད་པ་བྲིའོ། །ནང་གི་སྒོ་བཞིར་ཕྱོགས་ཀྱི་མདོག་ཅན་གྱི་ལྕགས་ཀྱུ་དང༌། དྲིལ་བུ་དང༌། ལྕགས་སྒྲོག་དང༌། ཞགས་པ་རྣམས་རིམ་པ་བཞིན་དང༌། མཚམས་བཞིར་སྔོ་ཞིང་སེར་བ་དང༌། སེར་ཞིང་དམར་བ་དང༌། དམར་ཞིང་ལྗང་བ་དང༌། ལྗང་ཞིང་སྔོ་བའི་མདོག་ཅན་གྱི་གྲི་གུག་བཞི་རིམ་པ་ལས་བཟློག་པས་བྲིའོ། །ཕྱི་རོལ་གྱི་མུ་ཁྱུད་ལ་ཤར་ཕྱོགས་སུ་ཚངས་པ་འཁོར་དང་བཅས་པ་ལ་མཚོན་པའི་ཕྱིར་པདྨ་དང༌། དབྱུ་གུ་གསུམ་པ་དང༌། ཕྲེང་བ་དང༌། རིལ་བ་སྤྱི་བླུགས་དང༌། ཁྲི་སྙན་སཱ་ལེའི་པགས་པ་རྣམས་བྲིའོ། །ལྷོར་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པའི་མདུང་རྩེ་གསུམ་པ་དང༌། ཟླ་བ་ཆེས་པ་དང༌། རྒྱལ་མཚན་དང༌། རལ་པའི་ཅོད་པན་དང༌། མིག་རྣམས་བྲིའོ། །ནུབ་ཏུ་ཁྱབ་འཇུག་འཁོར་དང་བཅས་པའི་འཁོར་ལོ་དང༌། དུང་དང༌། དབྱུག་ཏོ་དང༌། རལ་གྲི་དང༌། ཕུབ་རྣམས་བྲིའོ། །བྱང་དུ་གཞོན་ནུ་ཀཱརྟི་ཀ་འཁོར་དང་བཅས་པའི་མདུང་ཐུང་དང༌། དྲིལ་བུ་དང༌། བ་དན་དང༌། རྨ་བྱ་དང༌། ར་སྐྱེས་རྣམས་བྲི་བར་བྱའོ། །རྩ་བའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་བྱེད་པའི་ཐབ་ཁུང་ནི། རྒྱས་པའི་ཐབ་ཁུང་ཞི་བའི་ཐབ་ལས་ཉིས་འགྱུར་གྱིས་ཆེ་བ་དང༌། དབང་དུ་བྱ་བའི་ཐབ་ཞི་བ་དང་མཉམ་པ་དང༌། དྲག་པོ་ལ་ཞི་བའི་ཐབ་ཁུང་བས་དྲུག་ཆའི་ཚད་ཀྱིས་དམའ་བར་བྱའོ། །རྩ་བའི་དཀྱིལ་འཁོར་དང་མ་འབྲེལ་བའི་རྒྱས་པ་ལ་སོགས་པའི་ཐབ་ཀྱང༌། ཁྲུ་གང་པ་ནས་ཁྲུ་བཅུ་དྲུག་པའི་བར་ཇི་ལྟར་མོས་པ་བྱས་པས་རུང་བ་ཉིད་དོ། །དབང་གི་ཐབ་ཁུང་དུ་དགུག་པ་དང༌། དྲག་པོའི་ཐབ་ཁུང་དུ་བསྐྲད་པ་དང༌། དབྱེ་བ་དང༌། རེངས་པ་ལ་སོགས་པའི་སྦྱིན་སྲེག་བྱའོ། །སཾ་པུ་ཊའི་རྒྱུད་ཕྱི་མ་ལས། ཐབ་ཁུང་ཞེས་བྱ་བ་ནི། ཟླུམ་པོ་དང༌། གྲུ་བཞི་དང༌། ཟླ་བ་ཕྱེད་པ་དང༌། གྲུ་གསུམ་མོ་ཞེས་འབྱུང་བ་ལས། བླ་མའི་མན་ངག་གིས། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱིས་རྒྱས་པའི་ཐབ་ཁུང་གི་ནང་དུ་ཞི་བའི་ཐབ་དང་དེའི་ནང་དུ་དབང་གི་ཐབ་ཁུང་གྲུ་གསུམ་པ་བྱ་ཞིང༌། དེའི་ངོས་དག་ཏུ་ཟླ་གམ་གསུམ་འབྱུང་བ་ནི་དྲག་པོའི་ཐབ་ཁུང་ཡིན་ལ། ནང་གི་ཐབ་དེ་དག་སོ་སོའི་མཚན་མ་དང་བཅས་པའི་ལས་ཀྱི་ཁ་ཁྱེར་དང་ལྡན་པར་བྱ་ཞིང༌། ཟབས་སུ་བརྐོ་བར་མི་བྱའོ། །དེའི་དབུས་སུ་བདེ་བ་ཆེན་པོའི་དཀྱིལ་འཁོར་དང༌། ཕྱི་རོལ་དུ་སྔར་བསྟན་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་རྫོགས་པར་བྲིའོ། །དེར་ལས་ཐམས་ཅད་ཀྱི་སྦྱིན་སྲེག་བྱར་རུང་བ་ཉིད་དོ། །ཞེས་གསུངས་སོ། །གཞན་ཡང་རྡོ་རྗེ་མཁའ་འགྲོ་ལས། ཡང་ན་ཡིད་ནི་གང་དགའ་བར། །ཁྲུ་གང་ཟླུམ་པོ་ཁ་ཁྱེར་བཅས། །པདྨ་རྒྱས་པ་ལྟ་བུ་ཡི། །ཁ་ཁྱེར་སོར་བཞིའི་ཚད་ཙམ་གྱི། །ཁ་ནི་པདྨ་རྒྱས་པ་འདྲ། ཞི་བ་བཞིན་དུ་ཕྱི་རུ་བསྐྱེད། །ཕྱོགས་སུ་རྡོ་རྗེས་མཚན་པ་སྟེ། །འོག་དང་སྟེང་ནི་ཐམས་ཅད་དུ། །ཐབ་ཁུང་ཀུན་ནས་ཟླུམ་པོའོ། །ཆུ་རུ་སོར་མོ་བརྒྱད་པ་ལ། །འཕང་དུ་སོར་མོ་གཅིག་པའོ། །འཁོར་ལོ་རིན་ཆེན་པདྨ་དང༌། །རལ་གྲི་མཚོན་ཆར་རབ་ཏུ་ལྡན། །དེ་དབུས་རྡོ་རྗེའི་ཕྱག་རྒྱ་སྦྱར། །རྡོ་རྗེ་ཕྲེང་བས་མཐའ་ནས་བསྐོར། །ཐབ་ཁུང་གི་ནི་ཆོ་གའོ། །ཞེས་འབྱུང་བས་ཞི་བའི་ཐབ་ཁུང་ཉིད་དུ་ལས་གང་བྱེད་པའི་མཚན་མ་བཀོད་ནས་ལས་དེའི་སྦྱིན་སྲེག་བྱར་རུང་བ་ཉིད་དོ། །ཐབ་ཁུང་དེ་དག་གི་ཟབས་སུ་བརྐོ་བར་མི་རུང་བའམ་མི་ནུས་པ་ལ་ནི་བྲིས་པས་རུང་ངོ༌། །དེ་ལྟར་བསྒྲུབས་པའི་ཐབ་ཁུང་གོང་དུ་སྨོས་པའི་བུད་ཤིང་ཐབ་དང་འཚམ་ཞིང༌། དབྱིབས་མཚུངས་ལ་འཕང་ཅུང་ཟད་མཐོ་བར་བརྩིག་གོ །ཆས་གོས་འདུག་སྟངས་བསམ་པ་དང༌། །ལྷ་ཡི་རྟེན་དང་ཉམས་དང་མདངས། །གསང་སྔགས་ཀྱི་ནི་སྤེལ་ཚིག་སོགས། །ལས་དང་རྗེས་སུ་མཐུན་པར་བྱ། །ཞི་བ་ལ་གོས་དང་སྟན་དཀར་པོ་དང༌། ཤེལ་དང༌། དངུལ་དང༌། མུ་ཏིག་ལ་སོགས་པ་རིན་པོ་ཆེ་དཀར་པོ་དང༌། མེ་ཏོག་དཀར་པོ་ལ་སོགས་པས་བརྒྱན་པའམ། ཡང་ན་བཅོས་མའི་རྒྱན་མི་བྱ་བ་ཉིད་དོ། །རྒྱས་པ་ལ་སྟན་དང༌། གོས་དང༌། དར་དཔྱངས་ལ་སོགས་པ་ཐམས་ཅད་སེར་པོས་ཀུན་ནས་ཀླུབས་ཤིང༌། རྒྱན་སེར་པོའམ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པར་བྱའོ། །དབང་དུ་བྱ་བ་ལ་སྟན་དང་གོས་དམར་པོ་དང༌། རིན་པོ་ཆེའམ་མེ་ཏོག་དམར་པོ་ལ་སོགས་པ་ཡིད་དུ་འོང་བས་སྤྲས་བར་བྱའོ། །དྲག་པོ་ལ་སྟན་དང་གོས་ནག་པོ་དང༌། སྟག་གི་པགས་པའི་ཤམ་ཐབས་དང༌། མིའི་གཡང་གཞིའི་སྟོད་གཡོགས་དང༌། རུས་པ་དང་སྤྲུལ་ལ་སོགས་པ་འཇིགས་སུ་རུང་བའི་རྒྱན་གྱིས་བརྒྱན་པར་བྱའོ། །ཞི་བ་ལ་པུས་འཁྱུད་བཙུགས་ཏེ། བྲམ་ཟེ་རིག་བྱེད་འདོན་པ་ལྟ་བུ་ཙོག་པུའམ་སྐྱིལ་མོ་ཀྲུང་ཉིད་དང༌། རྒྱས་པ་ལ་སྐྱིལ་མོ་ཀྲུང་ལས་རྐང་པ་གཡས་པ་ཅུང་ཟད་བརྐྱང་བ་རྒྱལ་པོ་རོལ་བའི་ཚུལ་ལམ། སྟན་མཐོ་བ་ལ་གནས་ནས་རྐང་པ་གཉིས་ཅུང་ཟད་བརྐྱང་བ་བཟང་པོའི་འདུག་སྟངས་དང༌། དབང་དུ་བྱ་བ་ལ་རྐང་པའི་མཐིལ་སྤྲད་པ་པདྨའི་སྐྱིལ་ཀྲུང་ངམ་རྡོ་རྗེ་སྐྱིལ་ཀྲུང་དང༌། དྲག་པོ་ལ་རྐང་པ་གཡས་པས་གཡོན་པ་མནན་པའམ། ཡང་ན་གཡོན་བརྐྱང་པའི་འདུག་སྟངས་ཀྱིས་གནས་ཏེ་བྱའོ། །ཞི་བ་ལ་རབ་ཏུ་ཞི་ཞིང་དུལ་ལ་ཕན་པ་དང་མཉེས་གཤིན་པའི་བསམ་པ་དང༌། རྒྱས་པ་ལ་དགའ་ཞིང་སྤྲོ་ལ་གཟེངས་བསྟོད་པ་དང༌། དབང་དུ་བྱ་བ་ལ་བརྩེ་ཞིང་གཅུགས་ལ་རྗེས་སུ་ཆགས་པ་དང༌། དྲག་པོ་ལ་ཁྲོ་ཞིང་འཁྲུག་པ་རྔམ་པའི་ཡིད་ཀྱིས་བྱའོ། །ཐབ་ཀྱི་དབུས་སུ་འཇིགས་རྟེན་པའི་མེ་ལྷ་བསྐྱེད་པའི་གཞི་ནི། ཞི་བ་ལ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དང༌། རྒྱས་པ་ལ་ལྃ་ལས་དབང་ཆེན་སའི་དཀྱིལ་འཁོར་སེར་པོ་ཀུན་ནས་གྲུ་བཞི་པ་དང༌། དབང་དུ་བྱ་བ་ལ་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་དང༌། དྲག་པོ་ལ་ཡྃ་ལས་ཤིན་ཏུ་གཡོ་ཞིང་འཁྲུག་པའི་རླུང་གི་དཀྱིལ་འཁོར་ལྗང་སྔོན་གཞུའི་དབྱིབས་ལྟ་བུའོ། །སྒྲུབ་པ་པོ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་གཉིས་ཀའི་ཉམས། ཞི་བ་ལ་ལུས་ཀུན་ནས་ཞི་ཞིང་དུལ་བ་དང༌། རྒྱས་པ་ལ་སྒེག་པ་དང༌། དབང་དུ་བྱ་བ་ལ་རྗེས་སུ་ཆགས་པ་དང༌། དྲག་པོ་ལ་ཤིན་ཏུ་འཇིགས་ཤིང་མི་སྡུག་པའི་ཉམས་དང་ལྡན་པར་བྱའོ། །སྒྲུབ་པ་པོའི་ལུས་ལས་དང་རྗེས་སུ་མཐུན་པའི་ཚོན་གྱིས་བསྒྱུར་བའམ། མ་བསྒྱུར་ཡང་ཉེས་པ་མེད་དོ། །ལྷའི་ཁ་དོག་ལས་དང་རྗེས་སུ་མཐུན་པའམ། ཡང་ན་རང་བཞིན་གྱིས་ཁ་དོག་ལ་ལས་དང་རྗེས་སུ་མཐུན་པའི་མདངས་དང་ལྡན་པར་བསྒོམ་མོ། །བསྲེག་བླུགས་ཀྱི་སྔགས་ཐམས་ཅད་ཀྱི་མཐར་ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྚིཾ་ཀུ་རུ་ཨོཾ། དབང་དུ་བྱ་བ་ལ་ཝ་ཤཾ་ཀུ་རུ་ཧོཿ དེ་བཞིན་དུ་དགུག་པ་ལ་ཨཱ་ཀརྵ་ཡ་ཛཿ དྲག་པོ་ལ་མཱ་ར་ཡ་ཕཊ། དེ་བཞིན་དུ་སྡང་བ་ལ་བི་དེ་ཤ་ཡ་ཧཿ བསྐྲད་པ་ལ་ཨུ་ཙ་ཏ་ཡ་ཕཊ། རེངས་པ་ལ་སྟམྦྷ་ཡ་ནན། ཞེས་པ་ལ་སོགས་པ་གནས་སྐབས་དང་རྗེས་སུ་མཐུན་པར་སྦྱར་རོ། །སོགས་ཀྱི་བསྡུ་བ། ཞི་བ་ལ་སྲོད་ཀྱི་དུས་དང༌། རྒྱས་པ་ལ་སྔ་དྲོ་དང༌། དབང་དུ་བྱ་བ་ལ་ཕྱི་དྲོ་དང༌། དྲག་པོ་ལ་ཉི་མ་ཕྱེད་དང་ནམ་ཕྱེད་ཀྱི་དུས་དུ་བྱ་ཞིང༌། གཟར་བུ་འཛིན་པའི་ཚུལ་ཡང༌། རྡོ་རྗེ་མཁའ་འགྲོ་ལས། ཞི་ལ་བྱང་ཆུབ་མཆོག་གིས་གཟུང༌། །རྒྱས་པ་རིན་ཆེན་ཁུ་ཚུར་གྱིས། །དབང་དང་དགུག་པ་དག་ལ་ཡང༌། །པདྨའི་ཁུ་ཚུར་གྱིས་ནི་གཟུང༌། །དེ་བཞིན་ཁྲོ་བོའི་ཁུ་ཚུར་གྱིས། །ནན་ཏན་དུ་ནི་གདུག་ལ་བྱ། །ཞེས་འབྱུང་བའི་ཚུལ་གྱིས་གཟུང་ཞིང་བཟའ་བ་དང་བཏུང་བ་ལ་སོགས་པ་ཐམས་ཅད་ཀྱང་ལས་དང་རྗེས་སུ་མཐུན་པར་བྱའོ། །མདའ་དགུ་ཚོན་སྐུད་མེ་ལོང་བཞི། །ཕུར་བུ་བཅུ་དང་ཀུ་ཤ་དང༌། །རྡོར་དྲིལ་དགང་བླུགས་ནང་མཆོད་དང༌། །བུམ་པ་ལྔ་དང་མཆོད་ཡོན་གཉིས། །བསྲེག་རྫས་ཡམ་ཤིང་མར་དང་ཏིལ། །བཅུ་པ་ཞོ་དང་ཀུ་ཤ་དང༌། །དཱུར་བ་ནས་གྲོ་སོ་བ་འབྲས། །སྲན་མ་དང་ནི་འབྲས་བུ་རྣམས། །ཁྱད་པར་དུ་ནི་ཞི་ལ་ཏིལ། །རྒྱས་ལ་ཞོ་དང་དབང་མེ་ཏོག །དྲག་པོ་ལ་ནི་ཤ་རྣམས་ཏེ། །མཆོག་གི་དོན་དུ་བཅུ་པ་དབུལ། །མཆོད་རྫས་རྣམ་བདུན་གཏོར་མ་གསུམ། །འཇམ་པོ་གསུམ་ལ་བསྲེག་རྫས་གཡས། །དྲག་པོ་དེ་ལས་བཟློག་པར་བཤམ། །ཐབ་ཁུང་གི་གཞི་ས་སྟེགས་ཀྱི་སྒྲུབ་པ་པོའི་ཕྱོགས་སུ་བསྲེག་བླུགས་འབུལ་བའི་སྒོའི་དོན་དུ། མདའ་གཉིས་དང་བཅས་པའི་ཕྱོགས་མཚམས་རྣམས་སུ་མདའ་དགུ་བཙུགས་པ་ལ་ཚོན་སྐུད་རྣམ་ལྔའི་སྐུད་པས་མཛེས་པར་བྲེས་ཤིང༌། ཕྱོགས་བཞིར་མེ་ལོང་བཞི་གདགས་སོ། །གཞན་ཡང་ལས་དང་རྗེས་སུ་འབྲེལ་བའི་རྒྱན་ཐམས་ཅད་ཀྱིས་ཐབ་ཀྱི་ཉེ་འཁོར་མཛེས་པར་བྱའོ། །ལྕགས་སམ་སེང་ལྡེང་ལ་སོགས་པའི་རྒྱུ་ལས་བྱུང་བའི་ཕུར་བུ་བཅུ་ལ་ཡུངས་ཀར་གྱི་ཐུམ་པོ་དང༌། དར་དམར་པོའི་ཅོད་པན་དང་ལྡན་པ་དང༌། རྡོ་རྗེ་ཕྱེད་པས་མཚན་པའི་ཐོ་བ་དང༌། རྩ་བ་དང་རྩེ་མོ་མ་ཉམས་པའི་ཀུ་ཤའི་ཆུན་པོ་བརྒྱད་ཀྱང་སྟ་གོན་བྱ་ཞིང༌། སྒྲུབ་པ་པོའི་གཡས་དང་གཡོན་དུ་དམ་ཚིག་གི་རྡོ་རྗེ་དྲིལ་བུ་དང༌། དེའི་བར་དུ་བླུགས་གཟར་དང༌། དགང་གཟར་གཞག་པར་བྱ་སྟེ། དེ་ཡང་ལྕགས་ལ་སོགས་པའི་རིན་པོ་ཆེའམ། ནིམྦ་ལ་སོགས་པའི་རིན་པོ་ཆེའི་ཤིང་གི་རྒྱུ་ལས་བྱུང་བའི་དགང་གཟར་ཆེ་བའི་ཚད་ཀྱི་ཡུ་བའི་ཆུར་ཁྲུ་དོ་བ། སྦོམ་ཕྲ་དེ་དང་འཚམ་པ། གཟར་བུའི་དབུས་སུ་ཟླུམ་པོ་རྒྱ་དང་ཟབས་སུ་སོར་བཞི་པ་ལ་རི་མོ་གྲུ་གསུམ་པ་དང་ལྡན་པའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་སྙིང་པོ་ལ་རྡོ་རྗེ་འཕང་དུ་སོར་བཞི་པ་དགོད་དོ། །ཟླུམ་པོའི་ཕྱི་རོལ་དུ་སོར་གཉིས་པའི་ཚད་ལ་དེ་དང་འཚམ་པའི་ཁ་ཁྱེར་དང༌། མུ་རན་རིམ་པ་གཉིས་ཀྱི་ནང་ལ་རྡོ་རྗེ་དང༌། ཕྱི་རོལ་ལ་པདྨའི་འདབ་མའི་ཕྲེང་བ་དང༌། བར་དུ་ནོར་བུའི་ཕྲེང་བ་དང་བཅས་པས་བསྐོར་བར་བྱ་སྟེ། དེ་ལྟར་ན་ཞེང་དང་ཆུར་སོར་བརྒྱད་དུ་འགྱུར་རོ། །དེའི་མདུན་ན་སྲིད་དུ་སོར་བཞི་དང་ལྡན་པའི་རྡོ་རྗེ་རྩེ་གསུམ་པ། ཁུ་བཅུད་འཛག་པའི་དོན་དུ་ར་དབུས་མ་མཐེའུ་ཆུང་གི་ཚད་ཀྱི་སྦུབས་དང་ལྡན་པའོ། །ཡུ་བའི་རྩ་བར་སོར་དྲུག་པའི་རྡོ་རྗེ་རྩེ་ལྔ་པ་དང༌། སོར་གཉིས་པའི་ནོར་བུ་རིན་པོ་ཆེས་མཛེས་པར་བྱའོ། །བླུགས་གཟར་ནི་ཡུ་བ་ཁྲུ་གང་གི་ཚད་དང་ལྡན་ཞིང༌། རྒྱ་དང་ཟབས་སུ་སོར་གསུམ་པའི་ཟླུམ་པོའི་དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་ཁ་ཁྱེར་དང་མུ་རན་སོར་གཅིག་པ། རྩེ་མོ་བྱིན་གྱིས་ཕྲ་བ་པདྨའི་འདབ་མའམ། བའི་མིག་གི་དབྱིབས་ལྟ་བུ་ཡུ་བའི་རྩ་བར་སོར་བཞི་པའི་རྡོ་རྗེ་དང༌། སོར་གཅིག་པའི་ནོར་བུས་མཚན་ཞིང༌། གཉིས་ཀའི་དངོས་གཞི་ཆུ་སྲིན་གྱི་ཁ་ནས་བྱུང་བར་བྱའོ། །ཚད་ཆུང་བ་ལ་ནི་གཉིས་ཀའི་ཡུ་བ་ལ་ཁྲུ་གང་བའི་ཚད་དུ་བྱ་ཞིང༌། དགང་གཟར་གྱི་གྲུ་བཞི་པའི་ཞེང་དང་ཆུར་སོར་བཞི་པའི་དབུས་སུ་རྒྱ་དང་ཟབས་སུ་སོར་གསུམ་པའི་ཟླུམ་པོ་སོར་གསུམ་པའི་རྡོ་རྗེས་མཚན་པ་དང༌། དེའི་མདུན་གྱི་རྡོ་རྗེ་རྩེ་གསུམ་པའང་སོར་གསུམ་གྱི་ཚད་དང་ལྡན་པར་བྱའོ། །བླུགས་གཟར་ནི་རྒྱར་སོར་དོ་ལ། དཔངས་སུ་སོར་གང་པ་ཁ་ཁྱེར་དང་མུ་རན་ཅུང་ཟད་དང་ལྡན་པ། པདྨའི་འདབ་མའི་དབྱིབས་ལྟ་བུ་སྣ་ཚོགས་རྡོ་རྗེས་མཚན་པ། དགང་གཟར་གྱི་ཡུ་བའི་རྩ་བར་སོར་བཞི་པའི་ཚད་ཀྱི་རྡོ་རྗེ་དང༌། སོར་གཉིས་པའི་ཚད་ཀྱི་ནོར་བུ་དང༌། བླུགས་གཟར་ཀྱི་རྩ་བར་སོར་གསུམ་པའི་རྡོ་རྗེ་དང༌། སོར་གཅིག་པའི་ནོར་བུས་མཚན་པར་བྱའོ། །དེ་ལྟ་བུའི་དགང་བླུགས་མ་འབྱོར་ན་ནི། རྡོ་རྗེ་མཁའ་འགྲོ་ལས། སོར་མོ་ལྔ་ནི་རབ་སྦྱོར་བ། །དགང་བླུགས་དང་ནི་ཡང་དག་མཚུངས། །གཞན་ཡང་སོར་མོ་གསུམ་པོ་དག །གཤིབས་པ་ཡིས་ནི་བསྲེག་བླུགས་སྦྱིན། །ཞེས་འབྱུང་བས་ལག་པ་གཡོན་པའི་སོར་མོ་ལྔ་བསྡུས་པ་དང༌། གཡས་པའི་སོར་མོ་དབུས་མ་གསུམ་བསྡུས་པས་བྱའོ། །ཐོད་པར་ཆང་ལ་བདུད་རྩི་རི་ལུ་བཏབ་པའི་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ་དྲིལ་བུའི་གཡོན་དུ་གཞག་གོ །རང་གི་གཡས་སུ་མེ་ལྷ་ལ་དབང་བསྐུར་བར་བྱ་བའི་དོན་དུ། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་བུམ་པ་ལྔའམ། གཅིག་བཤམ་མོ། །མ་གྲུབ་ཀྱང་ཉེས་པ་མེད་དོ། །མདུན་གྱི་གཡས་སུ་བསང་གཏོར་གྱི་ཕྱིར་དུང་ཆོས་ཀྱི་སྣོད་དུ་དྲི་ལྔ་དང་བདུད་རྩི་ལྔ་དང་བཅས་པའི་ཆུས་གང་བ་དང༌། གཡོན་དུ་མེ་ལྷ་ལ་མཆོད་ཡོན་གྱི་དོན་དུ་ཞི་བ་ལ་དུང་ཆོས་སམ། དངུལ་གྱི་སྣོད་དུ་འོ་མ་དང༌། འབྲས་ཡོས་དང༌། ཀུ་ཤའི་མྱུ་གུ་དང༌། རྒྱས་པ་ལ་གསེར་ལ་སོགས་པའི་སྣོད་དུ་ཞོ་དང༌། མེ་ཏོག་སེར་པོ་དང༌། དབང་དུ་བྱ་བ་ལ་ཟངས་ལ་སོགས་པའི་སྣོད་དུ། མེ་ཏོག་དམར་པོ་དང༌། དྲག་པོ་ལ་ཐོད་པའམ། རྫའི་སྣོད་དུ་ཁྲག་དང༌། ཞག་དང༌། མེ་ཏོག་ནག་པོ་དང་བཅས་པ་སྟེ། ཐམས་ཅད་ལའང་དྲི་བཟང་པོ་དང་སྦྱར་བའི་ཆུས་ཡོངས་སུ་གང་བ་གཞག་གོ །མཆོད་རྫས་ནི་མེ་ལྷ་མཆོད་པའི་ཕྱིར་མཆོད་ཡོན་སྔ་མ་དང༌། ཞབས་བསིལ་དང་མཆོད་པ་རྣམ་པ་ལྔ་རིམ་པ་གཉིས་དང༌། འཇིག་རྟེན་ལས་འདས་པ་མཆོད་པའི་དོན་དུ། མཆོད་ཡོན་དང༌། ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། འཇིག་རྟེན་ལས་འདས་པའི་ལྷ་དང༌། མེ་ལྷ་དང༌། ཕྱོགས་སྐྱོང་བ་རྣམས་མཆོད་པའི་ཕྱིར་གཏོར་མ་གསུམ་བཤམ་པར་བྱའོ། །བསྲེག་རྫས་དང༌། མཆོད་རྫས་གོང་དུ་སྨོས་པའི་ཚུལ་གྱིས་བཤམ་པར་བྱ་སྟེ། བཅུ་པ་ནི་ཤ་ལྔ་དང་བདུད་རྩི་ལྔའོ། །ལས་སོ་སོའི་བསྲེག་རྫས་ཀྱི་དངོས་གཞི་རྣམས་ཡམ་ཤིང་དང༌། མར་གྱི་རྗེས་ལ་གཞན་པས་གྲངས་མང་བ་དབུལ་བར་བྱའོ། །ཕྱག་གཉིས་པ་ཡི་ང་རྒྱལ་གྱིས། །སྔགས་བཅས་ཕོ་ཉ་བཅུ་སྤྲོ་ཞིང༌། །སྟང་སྟབས་སྦྱོར་བས་བགེགས་བསྐྲད་ནས། །སྲུང་འཁོར་བསྒོམ་ཞིང་ཕུར་བུས་གདབ། །བུམ་བཟླས་མཆོད་ཡོན་བྱིན་གྱིས་བརླབ། །ཆོ་གའི་ལས་ལ་འཇུག་པའི་ཚེ་སྔོན་དུ་འགྲོ་བའི་གཏོར་མ་སྦྱིན་པ་དང༌། ལས་ཀྱི་སློབ་མས་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་ནས། མདུན་བསྐྱེད་ལ་གཏོར་མའི་བར་གྱིས་མཆོད་པ་སྒྲུབ་པའི་ཐབས་དང་མཆོད་པའི་ཆོ་ག་ལས་བྱུང་བ་བཞིན་བྱས་ལ། ཕྱིའི་དཀྱིལ་འཁོར་རྣམས་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྡུས་ཏེ། བདག་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་ཐབ་ཀྱི་མདུན་དུ་འདུག་ནས། སུམྦྷའི་སྔགས་ལན་གཉིས་སུ་བརྗོད་བཞིན་པས། རང་གི་སྙིང་གའི་ཧཱུྃ་ལས་ཁཎྜ་རོ་ཧཱ་གཉིས་དང་བཅས་པའི་སྒོ་མཚམས་མ་དཔག་ཏུ་མེད་པ་སྤྲོས་པས་ས་ཕྱོགས་བགེགས་དང་བྲལ་བར་བྱས་ནས། རང་གི་རྐང་པའི་མཐིལ་སྣ་ཚོགས་རྡོ་རྗེར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས་ལངས་ཏེ་གར་གྱི་འགྱིང་ལན་གསུམ་བྱས་ལ། གང་ན་འདུག་པའི་གནས་ནས་རྡོ་རྗེའི་འགྲོས་ཀྱིས་གཡོན་སྐོར་དུ་འགྲོ་ཞིང་ཤར་དུ་གཡས་བརྐྱང་བ་དང༌། ལྷོར་གཡོན་བརྐྱང་བ་དང༌། ནུབ་ཏུ་ས་ག་དང༌། བྱང་དུ་ཟླུམ་པོའི་རྐང་སྟབས་རྣམས་བྱ་སྟེ། ཐོག་མར་ནང་དུ་བལྟ་བའི་ཚེ་ས་གཞི་བྱིན་གྱིས་བརླབ་ཅིང༌། ཕྱིར་བལྟ་བའི་ཚེ་བགེགས་རྣམས་བསྐྲད་པར་བྱའོ། །དེ་ལྟ་ན་ནི་བསྐོར་བ་བཞི་དང༌། སྟང་སྟབས་ཀྱི་ཚུལ་བརྒྱད་དུ་འགྱུར་ལ། ཐམས་ཅད་དུ་ཧཱུྃ་གི་སྒྲ་དྲག་ཏུ་བསྒྲག་ཅིང༌། རྐང་པའི་རྗེས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བལྟའོ། །དེ་ནས་རང་གི་སྟན་ལ་འདུག་ནས་སྲུང་བའི་འཁོར་ལོ་རྫོགས་པར་བསྒོམ་པར་བྱའོ། །ཡང་སུམྦྷའི་སྔགས་ལན་གཉིས་བརྗོད་པས་སྔར་སྤྲོས་པའི་ཕོ་ཉ་རྣམས་ལས་སླར་ཡང་ཉིང་སྤྲུལ་དཔག་ཏུ་མེད་པ་དང་བཅས་པ་སྤྲོས་པས། བདག་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཐམས་ཅད་རྡོ་རྗེའི་རྭ་བའི་ཕྱི་རོལ་དུ་བཀུག་ནས། ལྕགས་སྒྲོག་དང་ཞགས་པས་བསྡམས་ཏེ་མི་གཡོ་བར་གནས་པར་བསམ་མོ། །དེ་ནས་སྔར་སྨོས་པའི་རྡོ་རྗེ་ཕུར་བུ་རྣམས་ཧཱུྃ་ལས་བྱུང་ཞིང༌། མཚན་ཉིད་ཡོངས་སུ་རྫོགས་པའི་ཕུར་བུར་བསྐྱེད་དེ། ཡེ་ཤེས་པའི་ཕུར་བུ་དང་རོ་གཅིག་པར་བྱས་ནས། ཕོ་ཉ་རྣམས་ཀྱི་ལག་པ་གཡོན་པར་གཏད་ཅིང༌། ཨོཾ་ཀཱ་ཀཱ་སྱེ་ལ་སོགས་པའི་རང་རང་གི་མིང་སྔོན་དུ་འགྲོ་བའི་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚ་ན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། སརྦ་བིགྷྣན་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ཕོ་ཉ་རྣམས་ཀྱིས་ཕྱོགས་བཅུ་ན་གནས་པའི་བགེགས་རྣམས་ཀྱི་སྤྱི་བོར་རྡོ་རྗེ་ཕུར་བུས་བཏབ་པར་བསམ་ཞིང༌། དངོས་སུ་སྦྱིན་སྲེག་གི་སྤྱོད་ཡུལ་ཐམས་ཅད་ཁོངས་སུ་ཆུད་པའི་ཕྱིའི་ཕྱོགས་བཅུར་གཞི་མི་གཡོ་བ་ལ་ལས་ཀྱི་སློབ་མས་རྡོ་རྗེ་ཕུར་བུས་གདབ་པར་བྱའོ། །དེ་ནས་ཕྱག་གཡས་པ་རྣམས་སུ་རྡོ་རྗེ་ཐོ་བ་གཏད་དེ། ཕུར་བུ་བརྡུངས་པས་རྐང་པའི་མཐིལ་ལ་ཐུག་གི་བར་དུ་བསྣུན་པར་བསམ་ཞིང༌། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོཊྚ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་བགེགས་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས་ནས། རྣམ་པར་ཤེས་པ་མི་བསྐྱོད་པའི་ཞིང་དུ་སངས་རྒྱས་ཤིང་ལུས་ཐལ་བའི་ཕུང་པོར་གྱུར་ལ། ཕུར་བུ་རྣམས་རྡོ་རྗེ་ཁྲོ་བོའི་རྣམ་པས་དེ་ཉིད་དུ་བཞུགས་པ་དང༌། ཕོ་ཉ་རྣམས་རྡོ་རྗེ་རྭ་བའི་ཁ་ཁྱེར་ལ་ཞལ་ཕྱི་རོལ་ཏུ་གཟིགས་ཏེ་བཞུགས་ནས་སྦྱིན་སྲེག་གི་ཆོ་ག་ཅི་སྲིད་མ་ཚར་གྱི་བར་དུ་བསྲུང་བའི་ལས་མཛད་པར་བསམ་མོ། །ཕུར་བུ་དེ་དག་ལ་ཙནྡན་དམར་པོ་ལ་སོགས་པའི་དྲིའི་ཐིག་ལེ་དང༌། མེ་ཏོག་དང་གུ་གུལ་གྱི་བདུག་པས་མཆོད་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་པས་སྲུང་བའི་འཁོར་ལོ་བརྟན་པར་བྱས་པར་བསམ་མོ། །དེ་ནས་བུམ་པ་བསངས་ཤིང་སྦྱངས་པའི་ངང་ལས། པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྐྱེད་པའི་ནང་དུ་བདེ་བ་ཆེན་པོའི་ལྷ་ལྔ། བུམ་པ་སོ་སོའམ་གཅིག་གི་ནང་དུ་ཆོ་ག་ཡོངས་སུ་རྫོགས་པས་བསྐྱེད་པ་ལ་མཆོད་ཅིང་བསྟོད་ནས། ཡི་གེ་ཉི་ཤུ་གཉིས་པ་དང༌། རྣལ་འབྱོར་མ་བཞིའི་སྔགས་བཟླས་ལ་སླར་ཡང་མཆོད་ཅིང་བསྟོད་དེ། ལྷ་དེ་དག་འོད་དུ་ཞུ་བ་ལས་བྱུང་བའི་ཆུར་བལྟའོ། །དེ་ནས་མཆོད་ཡོན་གཉིས་ཀྱང་བསངས་ཤིང་སྦྱངས་ལ་བྷྲཱུྃ་ལས་ཡངས་ཤིང་རྒྱ་ཆེ་བ་དྲི་མ་མེད་པའི་སྣོད་ཀྱི་ནང་དུ། དྲི་མ་ཐམས་ཅད་སེལ་བར་བྱེད་པའི་ཡེ་ཤེས་ཀྱི་ཆུ་དང༌། མེ་ལྷ་དགའ་བར་བྱེད་ཅིང་སོ་སོར་བསྒྲུབ་པའི་བདུད་རྩིའི་ཆུར་བསྐྱེད་ལ། སུམྦྷའི་སྔགས་ཉི་ཤུ་རྩ་བདུན་དང༌། ཡི་གེ་བདུན་པ་བརྒྱ་རྩ་བརྒྱད་ཀྱི་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་སྦྱོར་བའི་ཆོ་གའོ། །ཐབ་དང་ཡོ་བྱད་བསངས་ཤིང་སྦྱངས། །བསྐྱེད་ནས་བྱིན་གྱིས་བརླབ་པར་བྱ། །མེ་བཙལ་མེ་ལྷ་བསྐྱེད་བྱས་ནས། །སྤྱན་དྲང་བྱོན་ཟན་དབུལ་ཞིང་མཆོད། །བསྟིམ་ནས་དབང་བསྐུར་རིགས་རྒྱས་གདབ། །ཀུ་ཤ་མདའ་སྐུད་མེ་ལོང་དགྲམ། །མེ་ལྷ་མཆོད་ནས་བསྲེག་རྫས་དབུལ། །བསྟོད་ནས་འབར་བར་གྱུར་པ་ཡི། །ཞེས་པ་ནི་སུམྦྷའི་སྔགས་དང༌། ཨོཾ་སྭཱ་ཧཱ་ཞེས་བརྗོད་ཅིང་མཆོད་ཡོན་དང་པོའི་ཆུས་ཐབ་དང་ཡོ་བྱད་ཐམས་ཅད་ལ་གཏོར་བས་མ་དག་པ་ཐམས་ཅད་བསངས་ནས། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་པའི་ངང་ལས། ཧཱུྃ་ལས་ཐབ་ཁུང་མཚན་ཉིད་ཡོངས་སུ་རྫོགས་པ་དང༌། ཨཱཿལས་ཐོད་པའི་སྣོད་རྣམས་ཀྱི་ནང་དུ་ཡི་གེ་གསུམ་ལས། མཆོད་རྫས་དང་བསྲེག་རྫས་རྣམས་ངོ་བོ་བཟང་ཞིང་རྒྱ་ཆེ་ལ། ལས་སོ་སོའི་བསྒྲུབ་པའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བསྐྱེད་ནས། སོ་སོའི་སྔགས་དང་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་བོ། །ཁྱད་པར་དུ་ཨོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་དང༌། ཨོཾ་ཤྲཱིཾ་སྭཱ་ཧཱས་མར་དང༌། ཨོཾ་ཛྲིཾ་སྭཱ་ཧཱས་འབྲུ་རྣམས་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་གཞན་ཐམས་ཅད་སྦྱངས་ཞིང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གོང་དུ་བསྟན་པའི་མེ་འབར་བ་དང་བཅས་པ་བླངས་ལ། སུམྦྷའི་སྔགས་བརྗོད་ཅིང་གཡོན་ཕྱོགས་ནས་ལན་གསུམ་བསྐོར་ནས། བུད་ཤིང་གི་རྩིག་པའི་མེའི་མཚམས་སུ་བཞག་སྟེ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཛྭ་ལ་ཧཱུྃ་ཞེས་བརྗོད་བཞིན་པས་མར་གྱི་བླུགས་གཟར་གསུམ་གྱིས་མེ་གསོ་ཞིང༌། རླུང་གཡབ་ཀྱིས་ཀྱང་བསྐྱོད་ཅིང་སྦར་བར་བྱའོ། །མེ་དེ་ཉིད་ཀྱང་མཆོད་ཡོན་དང་པོའི་ཆུ་དང་སུམྦྷས་བསངས་ཤིང་སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་རྃ་ལས་མེའི་ཕུང་པོ་ཆེན་པོ་འབར་བའི་དབུས་སུ་ལས་སོ་སོ་དང་འབྲེལ་བའི་གདན་གྱི་སྟེང་དུ། རྃ་ལས་དབྱུ་གུ་གསུམ་པ་རྃ་གྱིས་མཚན་པ་ལས་བྱུང་བའི། ཞི་བ་ལ་མེའི་ལྷ་པཱ་བ་ཀ་ཞེས་བྱ་བ་ཁ་དོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན། མཆོད་ཕྱིར་ཐོགས་འཆང་བ། ཕྱག་གཡས་པ་གཉིས་ཀྱིས་དབྱུ་གུ་དང༌། མི་འཇིགས་པ་སྦྱིན་པ། གཡོན་པ་གཉིས་ཀྱིས་བགྲང་ཕྲེང་དང༌། སྤྱི་བླུགས་འཛིན་པ། ལུས་ཐམས་ཅད་ལ་བདུད་རྩི་དཀར་པོའི་རྒྱུན་འབབ་པ་བསྒོམ་པར་བྱའོ། །རྒྱས་པ་ལ་མ་ཧིནྡྲ་ཞེས་བྱ་བའི་མེ་ལྷ་སེར་པོ་གཟི་བརྗིད་ཀྱི་ཕུང་པོ་རབ་ཏུ་འབར་ཞིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཕྱག་གཡས་ཀྱི་གཉིས་པ་རིན་པོ་ཆེ་དང་བཅས་པའི་མཆོག་སྦྱིན་མཛད་པ་ཡིན་ལ། གཞན་རྣམས་ནི་སྔ་མ་དང་འདྲ་ཞིང༌། རིན་པོ་ཆེ་སྣ་ཚོགས་པ་དང་འདོད་དགུའི་རྒྱུན་འབབ་པར་བལྟ་བར་བྱའོ། །དབང་དུ་བྱ་བ་ལ་ཀཱ་མ་ཞེས་བྱ་བའི་མེ་ལྷ་དམར་པོ་རྗེས་སུ་ཆགས་པའི་ཉམས་ཅན། གཡས་དང་གཡོན་གྱི་འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཞན་ནི་སྔ་མ་དང་འདྲ་བ་ཉིད་དེ། སྐུ་ལས་འགྲོ་བ་ཐམས་ཅད་དགའ་བར་མཛད་པའི་འོད་ཟེར་དམར་པོ་འཕྲོ་བ་བསྒོམ་པར་བྱའོ། །དབང་གི་དགུག་པ་ལ་ཡང་དེ་ཉིད་དོ། །དྲག་པོ་ལ་ཀྲོ་དྷ་ཞེས་བྱ་བའི་མེ་ལྷ་ཁ་དོག་ནག་པོ་ཤིན་ཏུ་ཁྲོས་པ་སྤྱན་གསུམ་པ། ཕྱག་གཡས་ཀྱི་གཉིས་པས་རལ་གྲི་འཛིན་པ། གཞན་ནི་སྔ་མ་དང་འདྲ་བ་ཉིད་དོ། །མིའི་རུས་པ་དང་སྦྲུལ་གྱི་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐུ་ལས་འོད་ཟེར་སྔོན་པོ་འབར་བ་ལས་ཁྭ་དང་བྱ་རྒོད་ལ་སོགས་པ་ནམ་མཁའ་ཁྱབ་པར་སྤྲོས་པས། གང་དང་གང་བསྒྲུབ་པར་བྱ་བ་དེ་བཀུག་ནས་ཟ་བ་ལ་སོགས་པ་བསྒོམ་པར་བྱའོ། །བསྐྲད་པ་དང༌། རེངས་པ་དང༌། དྲག་པོས་དགུག་པ་ལ་སོགས་པ་ལའང་དེ་ཉིད་དོ། །དེའི་སྙིང་གར་པྃ་ལས་པདྨ་འདབ་མ་བརྒྱད་པའི་སྙིང་པོ་ལ། རྃ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པའི་མདུན་ནས་གཡོན་སྐོར་གྱིས། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་དག་པ། ཨོཾ་ཨཱཿཧཱུྃ་ལས་འཁོར་ལོ་དང༌། པདྨ་དང༌། རྡོ་རྗེ། ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང༌། དབུས་སུ་གོང་དུ་བསྟན་པའི་ཚུལ་གྱིས་ལས་དང་རྗེས་སུ་མཐུན་པའི་ས་བོན་བསྐྱེད་ལ། དེ་དག་ཐམས་ཅད་འདྲེས་པ་ལས་བྱུང་བའི་ཁམས་གསུམ་གྱི་བདག་པོ་དཔལ་ཧེ་རུ་ཀ་ཉིད་ལས་དང་མཐུན་པའི་གདན་ལ། སྔར་བསྟན་པའི་མེ་ལྷའི་རྣམ་པ་ཅན་དུ་བཞུགས་པར་བལྟ་ཞིང་འདབ་མ་བརྒྱད་དང་སྟེང་འོག་ཏུ་ཕྱོགས་སྐྱོང་བ་བཅུ་སྐད་ཅིག་གིས་བསྐྱེད་པར་བྱའོ། །དེ་དག་གི་གནས་གསུམ་དུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དམ་ཚིག་པ་དང༌། རྗེས་སུ་མཚུངས་པའི་ཡེ་ཤེས་པ་སྤྱན་དྲངས་པར་བསམ་ཞིང༌། ལག་པ་གཡས་པ་མི་འཇིགས་པའི་ཕྱག་རྒྱ་ལས། མཐེ་བོ་སྲིན་ལག་གི་རྩ་བར་བཀུག་པས་སྤྱན་དྲང་བའི་ཚུལ་དུ་བྱ་ཞིང༌། ཚུར་སྦྱོན་ཚུར་སྦྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ། དེ་ཝ་རྀ་ཥི་དྭི་ཛ་སཏྟ་མ། གྲི་ཧཱི་ཏྭཱ་ཨཱ་ཧུ་ཏི་མ་ཧ་ར། ཨ་སྨིནྶནྣི་ཧི་ཏོ་བྷ་ཝ། ཞེས་བྱ་བ་དང༌། ཁྱད་པར་དུ་ཞི་བ་ལ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་མ་མ་ཤཱནྟིངྐུ་རུ་སྭཱ་ཧཱ་ཞེས་པ་དང༌། རྒྱས་པ་ལ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་མ་ཧིནྡྲ་ཨགྣ་ཡེ་མ་མ་པུཥྚིངྐུ་རུ་བཽ་ཥ་ཊ་ཨོཾ། ཞེས་པ་དང༌། དབང་དུ་བྱ་བ་ལ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཀཱ་མ་ཨགྣ་ཡེ་མ་མ་ཨ་མུ་ཀཾ་ཝ་ཤཾ་ཀུ་རུ་ཧོཿ ཞེས་པ་དང༌། དྲག་པོ་ལ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཀྲོ་དྷ་ཨགྣ་ཡེ་ཛ་ཧི་ཏོ་ཏྲ་ཡ་ཨ་མུ་ཀི་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པས་སྤྱན་དྲངས་པ་ཤར་ལྷོའི་མཚམས་ནས་བཞུགས་པ་ལ་མཆོད་ཡོན་ལ་སོགས་པས་མཆོད་ནས། ཨོཾ་ཨགྣ་ཡེ་ཨ་དཱི་བྱཱ་དཱི་བྱ། ཨ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་གདང་བླུགས་གསུམ་བྱོན་ཟན་དུ་ཕུལ་ལ། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ་ཏེ་སླར་ཡང་ཡི་གེ་གསུམ་དང་གོ་ཆ་གཉིས་བཏབ་པས་བྱིན་གྱིས་བརླབས་ནས། སྙིང་གའི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས་པ་ལ་མོངན་པར་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ལྔས་དབང་བསྐུར་བར་བསམ་ཞིང༌། མེ་ལོང་གི་ནང་དུ་ཤར་བའི་གཟུགས་བརྙན་ལ་རྣམ་རྒྱལ་གྱི་ཆུས་བཀྲུ་ཞིང༌། ཡི་གེ་བརྒྱ་པ་ལན་ཅིག་བརྗོད་ནས། དེ་ཉིད་ལ་དངོས་སུ་བུམ་པ་ལྔའི་ཆུས་རིམ་པ་བཞིན་གཏོར་ཞིང༌། ཡི་གེ་ཉི་ཤུ་གཉིས་པ་དང༌། རྣལ་འབྱོར་མ་བཞིའི་སྔགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཙཀྲ་བཱི་ར་ཏྭཾ་ཨ་བྷི་ཥིཉྩཱ་མི་ཀཱ་ཀཱ་སྱེ་ལ་སོགས་པའི་གསང་སྔགས་བརྗོད་པར་བྱའོ། །སྒོ་མཚམས་ཀྱི་རྣལ་འབྱོར་མ་རྣམས་ཀྱིས་བགེགས་བསྐྲད་པ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང༌། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་པར་བསམ་མོ། །དབང་གི་ཆུ་རྒྱུན་དེས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག དབང་མ་ལུས་པ་ཐོབ་ནས། ཞི་བ་ལ་མཁའ་འགྲོ་མ་དང༌། རྒྱས་པ་ལ་ལཱ་མཱ་དང༌། དབང་དུ་བྱ་བ་ལ་ཁཎྜ་རོ་ཧཱ་དང༌། དྲག་པོ་ལ་གཟུགས་ཅན་མས་དབུར་བརྒྱན་པར་བྱའོ་ཞེས་འབྱུང་ལ། མན་ངག་ལས་ནི་ཚུལ་གཞན་དུ་འབྱུང་ངོ༌། །ཨོཾ་པ་ཌཱ་ཝ་ལཾ་བ་ཨ་བྷི་ཥིཉྩ་བཛྲ་ཏུ་ཥྱ་ཧོཿ ཞེས་བྱ་བས་དར་དཔྱངས་དང༌། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱྃ། ཞེས་བྱ་བས་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བར་བྱའོ། །དེ་ནས་བགེགས་ཞི་བ་དང་མེ་ལྷ་མཆོད་པའི་ཕྱིར། གནོད་མཛེས་ཀྱིས་མངོན་པར་བསྔགས་པའི་ཀུ་ཤའི་ཆུན་པོ་བརྒྱད། ཕྱོགས་དང་མཚམས་སུ་རིམ་པ་དང་རིམ་པ་ལས་བཟློག་པས་དགྲམ་ཞིང༌། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །ས་ལས་སྐྱེས་པའི་སྙིང་པོ་མཆོག །བདག་ལ་བགེགས་མེད་པར་མཛོད་ཅིག །མ་མ་ཤཱནྟིངྐུརྺནྟུ་སྭཱ་ཧཱ། དེ་བཞིན་དུ་ལས་གཞན་གྱིའང་སྤེལ་ཚིག་སྦྱར་བར་བྱའོ། །དེ་ནས་གནས་བརྒྱན་ཞིང་བསྲུང་བའི་ཕྱིར། སུམྦྷའི་སྔགས་བརྗོད་ཅིང་མདའ་དང་ཚོན་སྐུད་དང་མེ་ལོང་དགྲམ་པའམ། བཀྲམ་ཟིན་ན་བྱིན་གྱིས་བརླབ་ཅིང་དགྲམ་པར་བསམ་མོ། །དེནས་མེ་ལྷའི་ཐུགས་ཀའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་དང་དགང་བླུགས་ཀྱི་ནང་དུ། ལས་ཀྱི་དབྱེ་བས་ཨོཾ་དང་ཏྲཱཾ་དང་ཧྲཱིཿདང་ཨཿའི་ཡི་གེ་བཀོད་ལ། ལག་པའི་གྲུ་མོ་པུས་མོའི་ཁོངས་ལས་མི་འདའ་བས་དགང་བླུགས་བཟུང་ནས། ཨོཾ་ཌཱ་ཀི་ནཱི་ཛི་ན་ཛིཀ་སྭཱ་ཧཱ་དང༌། ཨོཾ་ལཱ་མཱ་ཡཻ་རཏྣ་དྷྲྀཀ་བཽ་ཥ་ཊ་དང༌། ཨོཾ་ཁཎྜ་རོ་ཧཱ་ཝ་ཤཾ་ཀུ་རུ་ཧ། ཨོཾ་རཱུ་པི་ནཱི་མཱ་ར་ཡ་ཕཊ། ཅེས་བརྗོད་ཅིང་དགང་བླུགས་གསུམ་མམ་བདུན་དབུལ་ལོ། །དེ་ནས་དཔལ་ཡང་དག་པར་སྦྱོར་བ་ལས། དངོས་གྲུབ་འདོད་པས་ཤེས་པར་བྱ་སྟེ། གདུགས་དང༌། རྒྱལ་མཚན་དང༌། རྡོ་རྗེ་དང༌། བུམ་པ་དང༌། པདྨ་དང༌། ལྕགས་ཀྱུའི་དབྱིབས་དང༌། རྩེ་གཅིག་པ་དང༌། རྩེ་གཉིས་པ་དང༌། རྩེ་གསུམ་པ་དང༌། མཆོག་དང༌། འབྲིང་དང༌། ཐ་མ་དང༌། ཁྱད་པར་དུ་གཡས་སུ་འཁྱིལ་པ་དང༌། འབར་བའི་ཁ་དོག་དམར་པོ་དང༌། བཟང་པོ་འཁྱིལ་པ་མཁས་པས་བརྟག་པར་བྱ་བ་དང༌། བརྒྱ་བྱིན་གྱི་གཞུ་ལྟ་བུར་གཙང་བ་དང༌། སྣུམ་པ་དང༌། དབང་པོ་སྦས་པ་ལྟ་བུའི་འོད་དང༌། ཀུ་སུམྦྷ་དང༌། བཻཌཱུརྻ་ལྟ་བུ་དང༌། དྲི་ཞིམ་པ་དང༌། ཡིད་དུ་འོང་བ་དང༌། གསེར་དང༌། དངུལ་ལྟ་བུ་དང༌། དུ་བ་མེད་པ་དང༌། ཉི་མ་ལྟ་བུར་འབར་བ་དང༌། དྲི་མ་མེད་པ་དང༌། ཞི་བ་ལ་ཁ་དོག་དཀར་པོ་ལྟ་བུ་དང༌། རྒྱས་པ་ལ་སེར་པོ་དང༌། རྗེས་སུ་ཆགས་པ་ལ་ནི་དམར་པོ་མཆོག་དང༌། མངོན་སྤྱོད་ལ་སྔོན་པོ་དང༌། ནག་པོ་དང༌། མེ་ལྕེ་མང་བ་དང༌། དུ་བ་དང༌། མེ་སྟག་ཐམས་ཅད་ཡང་དག་པར་ལངས་པ་དང༌། ཆུང་ངུ་ཆུང་ངུར་ཆད་པ་དང༌། མྱུར་བར་གཟི་བརྗིད་ཆུང་བ་དང༌། ནག་པོ་དང་བཅས་པ་དང༌། པ་ལ་ཤའི་མདོག་དང༌། རྩེ་གསུམ་པ་དང༌། ཉི་མ་ལྟ་བུ་ཉིད་དང༌། དེ་བཞིན་དུ་བ་ལང་གི་མགོ་ལྟ་བུ་དང༌། རོའི་དྲི་དང༌། ཉའི་དྲི་དང༌། བོང་བུ་དང༌། ཁྱི་དང༌། རྔ་མོ་ནི་བགེགས་དང༌། བགེགས་མེད་པའི་འབར་བའི་མཚན་མར་བྱས་པ་མཚོན་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་དང༌། སྡོམ་པ་འབྱུང་བ་ལས། དེ་ནས་སྔགས་པས་མཉམ་གཞག་ཅིང༌། །མཁས་པས་མདོག་དང་སྒྲ་དང་ནི། །དྲི་དང་འབར་བའི་དབྱིབས་བརྟགས་ཏེ། །དེ་ལྟར་མེ་ཡི་དགེ་མི་དགེའི། །ལྟས་ནི་ཉེ་བར་མཚོན་པར་བྱ། །མེ་ནི་རྩེ་མོ་གཅིག་ཏུ་འབར། །ཕུན་སུམ་ཚོགས་པ་ཀུན་བྱེད་པའོ། །རྩེ་མོ་གཉིས་འབར་མི་གཡོ་བར། །མཚུངས་པར་འབར་ན་བར་མར་ཤེས། །རྩེ་མོ་བཞི་ནི་མཉམ་དུ་འབར། །རྒྱས་ཤིང་དངོས་གྲུབ་བརྟན་པར་གནས། །ཀུནྡ་ཟླ་བ་ལྟ་བུའི་མདོག །སྣུམ་ཞིང་བཻཌཱུརྻ་ཡི་འོད། །དྲི་མེད་མེ་ནི་དུ་བ་མེད། །ནད་མེད་རིགས་ནི་འཕེལ་བར་བྱེད། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཁ་བ་ཡི་ནི་མདོག་ལྟ་བུ། །ནོར་བུ་པུསྐ་རཱ་གའི་མདོག །སྡིག་པ་ཐམས་ཅད་འཇིག་བྱེད་ཡིན། །མེ་ཏོག་བནྡུ་ཀ་ལྟ་བུ། །ཛཱ་བའི་མེ་ཏོག་གི་ནི་མདོག །བཙོ་མ་གསེར་གྱི་མདོག་ལྟ་བུས། །དབང་ཕྱུག་རྒྱལ་སྲིད་རབ་ཏུ་སྟེར། །ཙམ་པ་པདྨ་ཨུཏྤལ་དྲི། །ཨུ་ཤི་ར་དང་མཱ་ལ་ཏི། །ཤོ་དྷ་ག་དྷ་ར་མཚུངས་པ། །ག་པུར་ཨ་ག་རུ་ཡི་དྲིས། །དགེ་ཞིང་གནས་ཀྱི་བདག་པོ་མཆོད། །པི་ཝང་རྒྱུད་མངས་རྫ་རྔ་དང༌། །དུང་དང་ཟངས་དུང་ལྟར་སྒྲ་སྙན། །ཤིན་ཏུ་ཟབ་པའི་སྒྲ་སྙན་པའི། །མེ་མཐོང་བདེ་བ་འབྱུང་བར་བྱེད། །དཔལ་བེའུ་གདུགས་དང་དུང་ལྟ་བུ། །གང་ཞིག་རྩེ་གསུམ་བུམ་པའི་དབྱིབས། །རྒྱལ་མཚན་རྔ་ཡབ་རྡོ་རྗེ་བཟང༌། །གཡུང་དྲུང་རྟ་དང་གླང་པོའི་དབྱིབས། །སྒྲ་མེད་གཡས་སུ་འཁྱིལ་པ་དང༌། །མེ་ལྕེ་གཅིག་འབར་དོན་ནི་སྟེར། །འདི་དག་དགེ་བ་ཕུན་སུམ་ཚོགས། །ཚེ་དང་ནད་མེད་རབ་སྟེར་བའོ། །གཡོ་ཞིང་མདུན་གྱི་ཕྱོགས་སུ་འབར། །རྩེ་གསུམ་དུ་བའི་ཚོགས་མང་དང༌། །འཁོར་ཞིང་མེ་སྟག་དང་བཅས་པ། །རྣམ་པར་འཕྲོ་བས་ནད་འཕེལ་བྱེད། །མེ་གང་ཡང་ཡང་རབ་ཏུ་འདར། །ཡང་ཡང་རྩུབ་པས་དགོད་པ་དང༌། །ཡང་ཡང་གཡོན་དུ་འཁོར་བ་དང༌། །ཡང་ཡང་ས་ལ་མེ་ལྕེས་རེག ཐིག་ལེ་ནག་པོ་སོལ་བའི་མདོག །མྱུར་དུ་རིགས་ནི་ཟད་འགྱུར་ཞིང༌། །གང་ཞིག་རྒྱལ་པོའི་དྲུང་གནས་པའི། །སྡེ་དང་བདག་པོའི་འཇོམས་པར་སྟོན། །མདོག་མེད་དུ་བའི་མདོག་ལྟར་གནག །མདོག་ལྗང་སྣ་ཚོགས་མདོག་རྩུབ་པ། །པ་ལ་ཤ་དང་འབྲུ་མར་མདོག །འདིས་ནི་དོན་རྣམས་ཉམས་པར་བྱེད། །རོ་ཡི་དྲི་ངའི་དྲི་ལྟར་ངན། །ཆུ་སྐྱེས་སྲོག་ཆགས་དྲི་དང་ལྡན། །ཅི་སྟེ་མེ་ནི་འདི་ལྟར་མཐོང༌། །གཙོ་བོ་རྣམ་པ་ལྷུང་ཞེས་སྟོན། །ཙེག་ཙེག་ཞེས་པའི་སྒྲ་འབྱུང་ཞིང༌། །ཧུར་ཧུར་གྱི་ནི་སྒྲ་དང་ལྡན། །སིཾ་སིཾ་གྱི་ནི་སྒྲ་བདག་ཉིད། །རྡོ་རྗེའི་སྒྲས་ནི་དོན་ཉམས་བྱེད། །མདུང་དང་རལ་གྲི་མདའ་དང་སྦྲུལ། །རྔ་མོ་བ་ལང་མགོ་འདྲ་གང༌། །འཇིགས་པའི་རྣམ་པ་འདི་འདྲ་མཐོང༌། །དེ་མདུན་བཟོད་པ་མཛོད་ཅིག་ཅེས། །འདི་ལྟར་ལན་གསུམ་བརྗོད་ནས་ནི། །ཡོན་བདག་ཁྱིམ་དུ་ཞི་བདེ་དང༌། །བདེ་ལེགས་ཆོ་གའི་རིམ་པ་བྱ། །ཞེས་འབྱུང་བ་ལྟར་མེའི་ལྟས་བརྟག་གོ །དེ་ནས་ལག་པ་གཉིས་ཀྱིས་མཆོད་ཡོན་བཟུང་ནས། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཨགྣ་ཡེ་པྲ་ཝཱ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་དང་པོ་དང༌། ཨོཾ་ཨི་མཾ་ཨརྒྷཾ་མ་ཡཱ་དཱཏྟཾ་གྲྀཧྞ་སིདྡྷིམྨེ་པྲ་ཡཙྪ་སྭཱ་ཧཱ། མཆོད་ཡོན་གཉིས་པ་དང༌། ཨོཾ་ཨི་མཾ་པཱ་དྱཾ་མ་ཡཱཾ་དཱཏྟཾ་གྲྀཧྞ་སིདྡྷིམྨེ་པྲ་ཡཙྪ་སྭཱ་ཧཱ། ཞབས་བསིལ་དབུལ་ལོ། །དེ་བཞིན་དུ་བཛྲ་པུཥྤེ་ལ་སོགས་པས་མཆོད་པ་ལྔ་དང༌། སིལ་སྙན་དང༌། ནང་གི་མཆོད་པས་མཆོད་ནས། རྡོ་རྗེ་དྲིལ་བུ་འཛིན་པས། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །བདུད་རྩིའི་རྒྱུད་གྱིས་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཤེས་རབ་ཆེན་པོས་བདག་མེད་ཐུགས་ཆུད་ཅིང༌། །ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཡང༌། །ཐབས་ལ་མཁས་པས་དྲང་སྲོང་ཆ་ལུགས་འཛིན། །འཛིན་བྱེད་མེ་ལྷ་ཁྱོད་ལ་ཕྱག་འཚལ་ལོ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྩོལ་བ། །བདག་གཞན་དོན་སྦྱོར་ས་ལ་བཞུགས། །ཚངས་སྲས་མཆོག་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་བསྟོད་པར་བྱའོ། །དེ་ནས་ཨོཾ་བཛྲ་ཛྭ་ལཱ་ཡ་སྭཱ་ཧཱས་ཡམ་ཤིང་འོད་ཀྱི་དཀྱིལ་འཁོར་ལ་དབུལ་ལོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱས་ཏིལ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཨགྣ་ཡེ་སྭཱ་ཧཱས་བཅུ་པ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཞོ་ལས་བྱས་པའི་ཟས་མཆོག ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱས་ཀུ་ཤ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུར་བའི་མྱུ་གུ་སྤྱི་གཙུག་ཏུ་དབུལ་ལོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས། ཨོཾ་བཛྲ་གྷསྨ་ར་ཡེ་སྭཱ་ཧཱས་གྲོ། ཨོཾ་བི་ཛཱ་ཡ་སྭཱ་ཧཱས་སོ་བ་ལ་སོགས་པའི་འབྲུ་སྣ་ཚོགས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱས་འབྲས། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ། ཨོཾ་མ་ཧཱ་ཤྲཱི་ཕ་ལ་བརྡྷ་ནི་སྭཱ་ཧཱས་ཛཱ་ཏི་ལ་སོགས་པའི་འབྲས་བུ་རྣམས་དབུལ་བར་བྱའོ། །བསྲེག་རྫས་དེ་དག་གི་ནུས་པ་ཡང་སྡོམ་པ་འབྱུང་བའི་རྒྱུད་ལས། མར་གྱིས་འབྱོར་པ་ཐམས་ཅད་བྱེད། །ཡམ་ཤིང་བཟི་བརྗིད་རྣམ་འཕེལ་བའོ། །བུད་ཤིང་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་ཀར་དཀར་པོས་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་བཤད། །ཏིལ་གྱིས་སྡིག་པ་འཇོམས་རིགས་བྱ། །སོ་བས་ནོར་དང་འབྲུ་རྣམས་འགུགས། །སྲན་མས་སྟོབས་ནི་ཆེན་པོར་བྱེད། །ནས་ཀྱིས་རླུང་གི་ཤུགས་རབ་སྟེར། །དཱུར་བས་ཚེ་ནི་འཕེལ་བར་བྱེད། །གྲོ་ཡིས་ནད་ནི་འཇོམས་པར་བྱེད། །འོ་མ་སྦྲང་རྩིས་ཤེས་རབ་འཕེལ། །ཟས་མཆོག་གིས་ནི་བདེ་ཀུན་སྟེར། །མེས་ནི་འདོད་དོན་དངོས་གྲུབ་སྟེར། །རང་འདོད་ལྷས་ནི་གྲོལ་བ་སྩོལ། །ལྷག་མས་ལས་ནི་རྗེས་མཐུན་པས། །ཞི་སོགས་ལས་བྱས་ཤེས་པར་བྱ། །ཞེས་འབྱུང་ངོ༌། །བཅུ་པ་དང་ཞུ་བའི་རྫས་རྣམས་ཞལ་དང༌། འབྲུ་ལ་སོགས་པའི་གོང་བུ་རྣམས་ཕྱག་དུ་དབུལ་ལོ། །སླར་ཡང་མཆོད་ཅིང་བསྟོད་ལ། ཨོཾ་ཧེ་རུ་ཀ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་ལན་གསུམ་བརྗོད་པས། མེ་ལྷའི་ཐུགས་ཀའི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་འབར་བ་དང་བཅས་པའི་མེའི་ཕུང་པོར་གྱུར་པར་བལྟའོ། །འཇིག་རྟེན་པའི་མེ་ལྷ་མཆོད་པའོ།། །།ཡན་ལག་བཞི་རྫོགས་ཆོ་ག་ཡིས། །དཀྱིལ་འཁོར་བསྒྲུབས་ནས་གསང་སྔགས་དང༌། །ཕྱི་ནང་ཡིད་ལས་བྱུང་བས་མཆོད། །རྫས་རྣམས་སོ་སོའི་སྔགས་ཀྱིས་ནི། །སྤྱིའམ་ལྷ་ཡི་གྲངས་ཀྱིས་སམ། །ལྔའམ་རྣམ་ལྔ་གཞན་ལ་གཅིག །རེ་རེའི་མཐར་ཡང་མཆོད་བསྟོད་བྱ། །གཏོར་མས་མཆོད་ནས་དངོས་གྲུབ་བསླང༌། །གཤེགས་སུ་གསོལ་ནས་ཞེས་སྨོས་ཏེ། །སླར་ཡང་བསངས་ཤིང་སྦྱངས་ནས། སྟོང་པའི་ངང་ལས་ཇི་སྙེད་བཤད་པའི་སྲུང་བའི་འཁོར་ལོ་དང༌། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་དབུས་སུ། གཙོ་བོ་མངོན་བྱང་དང༌། འཁོར་འབྱིན་པའི་ཚུལ་གྱིས་བསྐྱེད་ནས། སྟེང་གི་ཆ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ནས། དུར་ཁྲོད་དུ་ཆོས་སྐྱོང་བ་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་གསལ་བར་དམིགས་ལ། གོ་ཆ་གཉིས་བཅིངས་ནས། ཨོཾ་བཛྲ་ཧེ་རུ་ཀ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཨཱི་ཧ་ཝཱ་ཀྱ་ཧ་བ་ཡེ་ན་ཙ་པཉྩ་ཨ་མྲྀ་ཏི། ཨརྒྷཾ་པྲ་ཏཱིཙྪ་སཾ་པཱུ་ཛཾ་པྲ་སཱ་དྷཱ་ཡཱ་མི་ཞེས་བརྗོད་ནས་ཡེ་ཤེས་སྤྱན་དྲངས་ལ། ཨོཾ་ཛྙཱ་ན་ཨགྣ་ཡེ་ཞེས་པ་ལ་སོགས་པས་སྔ་མ་བཞིན་བྱོན་ཟན་ཕུལ་ནས་དམ་ཚིག་པ་ལ་བསྟིམ་ལ། དཀྱིལ་འཁོར་གྱི་ལྷ་ཡོངས་སུ་རྫོགས་པའི་དབང་གི་ལྷ་སྤྱན་དྲངས་ཏེ། མཆོད་ཅིང་གསོལ་བ་བཏབ་པས་སྔ་མ་ལྟར་དབང་བསྐུར་ནས། རིགས་ཀྱི་བདག་པོའི་རྒྱས་བཏབ་ལ་ལྷ་ཐམས་ཅད་ཀྱང་སེམས་དཔའ་སུམ་བརྩེགས་སུ་བལྟའོ། །དེ་ནས་སྔགས་ཀྱིས་མཆོད་ནས། ཕྱིའི་མཆོད་པ་རྣམས་དངོས་སུ་དབུལ་ཞིང༌། ནང་བདུད་རྩི་དང༌། མཉེས་པ་དང༌། ཡིད་ལས་བྱུང་བའི་མཆོད་པས་མཆོད་ནས། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་ལ། བསྲེག་རྫས་དབུལ་བའི་ཚུལ་ནི་ཤིན་ཏུ་བསྡུས་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱི་ལ་བསྲེག་རྫས་ཚང་བ་ལན་ཅིག་དབུལ་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཞེས་ཐོག་མ་དང༌། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ལ་སོགས་པ་སོ་སོའི་སྤེལ་ཚིག་སྦྱར་བ་ཐོག་མ་དང་ཐ་མར་ཅི་རིགས་པ་བརྗོད་ཅིང༌། བར་དུ་ནི་རྫས་རང་རང་གི་སྔགས་བརྗོད་པས་ཡམ་ཤིང་ལ་སོགས་པ་རྣམས་སྔ་མ་ལྟར་ཕུལ་ནས་མཆོད་པ་རྣམས་ཀྱིས་མཆོད་ལ། ཆོས་དབྱིངས་རྣམ་དག་ལ་སོགས་པའི་བསྟོད་པ་རྣམས་ཀྱིས་བསྟོད་དོ། །རྒྱས་པ་ལ་ནི། དབྱངས་སྐྱོང་ངམ། ཡི་གེ་བདུན་པ་སྔོན་དུ་འགྲོ་བཅོམ་ལྡན་འདས་དང༌། རྡོ་རྗེ་ཕག་མོའི་ཉེ་སྙིང་གིས་ཡུམ་དང༌། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་ལ་སོགས་པ་སྔོན་དུ་འགྲོ་བས་ལྷ་རྣམས་དང༌། ཨོཾ་ཨཱཿཧཱུྃ་སྔོན་དུ་འགྲོ་བས་དུར་ཁྲོད་ན་གནས་པ་རྣམས་ལ་ཕུལ་ནས། བསྲེག་རྫས་རྣམས་རྫོགས་པའི་མཐར་སོ་སོའི་མཚན་ནམ། སྔགས་སྔོན་དུ་འགྲོ་བས་མཆོད་དེ། སོ་སོའི་བསྟོད་པས་བསྟོད་ནས་གསོལ་བ་གདབ་བོ། །འབྲིང་ལ་ནི། གཙོ་བོ་ཡབ་ཡུམ་ལ་ཡོངས་སུ་རྫོགས་པ་གཅིག་དང༌། འཁོར་ལོ་རེ་རེའི་ལྷའི་སྔགས་སྔོན་དུ་འགྲོ་བ་དང༌། ཨོཾ་སརྦ་ཤྨ་ཤཱ་ན་ཨ་ཝ་བཱ་སི་ནི་ཞེས་སྔོན་དུ་འགྲོ་བས་དུར་ཁྲོད་ན་གནས་པ་རྣམས་ལ་ལན་ཅིག་ཕུལ་ནས། སོ་སོའི་མཐར་ཡང་མཆོད་ལ། ཐབས་དང་ཤེས་རབ་མཆོག་གི་རྣལ་འབྱོར་དང༌། །སྦས་པའི་ཡུལ་ལྔའི་དཔལ་ལས་བསྐྲུན་གྱུར་པའི། །བཅུ་གསུམ་རྡོ་རྗེ་འཛིན་པའི་སའི་རང་བཞིན། །བདེ་བ་ཆེན་པོའི་འཁོར་ལོར་ཕྱག་འཚལ་ལོ། །སྲིད་ཞི་མཉམ་ཉིད་གནས་ཀྱི་མཆོག་བཞུགས་ཤིང༌། །སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་བདག །ཡང་དག་ཏིང་ངེ་འཛིན་གྱི་ངོ་བོ་ཉིད། །བདེ་མཆོག་བདེ་བའི་དཔལ་ལ་ཕྱག་འཚལ་ལོ། །ཁྲོ་བས་ཁྲོ་དང་ཆགས་པས་ཆགས་པ་དང༌། །རྨོངས་པས་ཀུན་རྨོངས་ཉིད་དང་སྤྲོས་པ་ཡིས། །སྤྲོས་པའི་མཚན་མ་རབ་ཏུ་ཞི་མཛད་པ། །ཁྲོ་ཆགས་འབར་བའི་སྐུ་ལ་ཕྱག་འཚལ་ལོ། །གཉིས་མེད་ཁྱབ་བདག་གཡུང་དྲུང་བདེ་ཆེན་ཐུགས། །ཀུན་ནས་སྐུ་དང་ཀུན་ནས་དབྱངས་ལྡན་ཞིང༌། །ཀུན་ཏུ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་ཅན། །ཀུན་མཛད་ཀུན་སྡུད་ཧེ་རུ་ཀ་དཔལ་འདུད། །རྒྱལ་བ་ཀུན་གྱི་བསྐྱེད་དང་རོལ་པའི་ཡུམ། །དངོས་གྲུབ་མ་ལུས་པ་ནི་ཀུན་གྱི་གཞི། །གནས་རྣམས་ཀུན་ལ་དབང་སྒྱུར་དབང་ཕྱུག་མ། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །ལུས་དང་ཚོར་བ་ཆོས་དང་སེམས་དང་ནི། །རྒྱལ་བ་ཀུན་གྱི་ཡོན་ཏན་ངོ་བོ་ཉིད། །དཔའ་བོ་ཆེན་པོའི་ཞལ་བཞིའི་སྤྱོད་ཡུལ་བ། །སྙིང་པོའི་རྣལ་འབྱོར་མ་བཞིའི་ཞབས་ལ་འདུད། །གནས་དང་ཉེ་གནས་ལས་བྱུང་དེར་གནས་ཤིང༌། །རབ་དགའ་དྲི་མེད་སར་གནས་ཚུལ་འཛིན་པ། །འདུན་པ་བརྩོན་འགྲུས་དཔྱོད་པའི་སེམས་དང་ནི། །དད་བརྩོན་དྲན་དང་ཏིང་འཛིན་རྣམ་དག་པ། །རྒྱལ་བ་ཀུན་གྱི་ཐུགས་ཀའི་གསང་བའི་བདག །མཁའ་ལ་ཀུན་སྤྱོད་ནམ་མཁའི་མདོག་མཚུངས་པ། །ས་བླ་སྤྱོད་མཛད་ཐུགས་ཀྱི་འཁོར་ལོ་ཡི། །དཔའ་བོ་དཔའ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ཞིང་དང་ཉེ་ཞིང་ཚོནྡོ་ཉེ་ཚནྡོ། །དཔལ་ལས་བྱུང་ཞིང་དེ་དག་ནས་འོད་བྱེད་དང༌། །འོད་འཕྲོ་སྦྱང་དཀའ་མངོན་གྱུར་སར་གནས་ཚུལ། །ཤེས་རབ་དད་བརྩོན་དྲན་དང་ཏིང་ངེ་འཛིན། །ཤེས་རབ་ཏིང་འཛིན་བརྩོན་འགྲུས་རྣམ་དག་པ། །གསུང་གི་ངོ་བོ་ས་སྤྱོད་བྱུ་རུའི་མདོག །ས་སྟེང་སྦྱོང་མཛད་གསུང་གི་འཁོར་ལོ་ཡི། །དཔའ་བོ་དཔའ་མོའི་ཚོགས་ལ་ཕྱག་འཚལ་ལོ། །འདུ་བ་ཉེ་འདུ་དུར་ཁྲོད་ཉེ་བ་ཡི། །དུར་ཁྲོད་ལས་བྱུང་དེར་གནས་རིང་སོང་དང༌། །མི་གཡོ་ལེགས་པའི་བློ་གྲོས་ཆོས་སྤྲིན་ཚུལ། །དགའ་བ་སྦྱངས་པ་ཆོས་འབྱེད་དྲན་བཏང་སྙོམས། །ལྟ་བ་རྟོགས་དང་ངག་དག་སྐུ་ཡི་དངོས། །ས་འོག་སྤྱོད་ཚུལ་ཟླ་བའི་མདོག་མཚུངས་པ། །ས་འོག་སྦྱོང་མཛད་སྐུ་ཡི་འཁོར་ལོ་ཡི། །དཔའ་བོ་དཔའ་མོའི་ཚོགས་ལ་ཕྱག་འཚལ་ལོ། །འཐུང་གཅོད་ཉེ་འཐུང་ལས་བྱུང་དེར་གནས་ཤིང༌། །དཔེ་མེད་ཡེ་ཤེས་ཆེན་པོའི་ཚུལ་འཛིན་ཅིང༌། །ལས་དང་འཚོ་བ་རྩོལ་བ་དྲན་པ་དང༌། །དགེ་བ་བསྐྱེད་དང་སྲུང་དང་མི་དགེ་བ། །སྤོང་དང་མི་བསྐྱེད་ངོ་བོ་རྣམ་དག་པ། །རྒྱལ་བའི་དམ་ཚིག་ཕྲིན་ལས་ངོ་བོ་ཉིད། །སྣ་ཚོགས་ཀུན་ཏུ་སྤྱོད་པ་སྣ་ཚོགས་མདོག །དམ་ཚིག་འཁོར་ལོའི་དཔའ་མོ་རྣམས་ལ་འདུད། །ལུས་དང་འབྱུང་བ་རྣམ་པར་དག་པའི་དངོས། །ཟག་མེད་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད། །སྣོད་ཀྱི་འཇིག་རྟེན་ཀུན་ནས་ཡོངས་སྦྱོང་བའི། །རྒྱལ་བའི་གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །སྒོ་བརྒྱད་གནས་གྱུར་འཇིག་རྟེན་ཆོས་སྦྱོང་བའི། །དུར་ཁྲོད་ཆེན་པོ་བརྒྱད་ན་ལེགས་གནས་ནས། །དཀྱིལ་འཁོར་མཆོད་དང་འབྱུང་པོ་ཡོངས་སྡུད་དང༌། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྟེར་བ། །ཕྱོགས་བདག་བཞི་སྐྱོང་གྲུབ་པ་རིག་འཛིན་དང༌། །མཁའ་འགྲོ་མ་དང་ཀླུ་དབང་ལ་སོགས་པ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོགས་བཅས་སོགས། །དུར་ཁྲོད་གནས་པ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་ཡེ་ཤེས་རྡོ་རྗེའི་རང་བཞིན་ཅན། །མི་ཕྱེད་སྲིད་ཞིའི་ཕྱོགས་ལས་རྣམ་རྒྱལ་བ། །མི་གཡོ་བརྟན་པའི་རང་བཞིན་ཡེ་ཤེས་ཀྱི། །མེ་དཔུང་འབར་བ་སྲུང་བའི་འཁོར་ལོར་འདུད། །ཅེས་སོ་སོར་སྦྱར་ལ་བསྟོད་ནས་གསོལ་བ་གདབ་ལ། དེ་ནས་ཡོན་བདག་ཡོད་ན་ལག་པ་གཡས་པའི་མཐེ་བོ་ནས་བཟུང་ནས་ཡི་གེ་བདུན་པ་སྤེལ་ཚིག་དང་བཅས་པའི་དགང་བླུགས་བདུན་དབུལ་ལོ། །དེ་ནས་གཏོར་མ་དང་པོ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕུལ་ནས། སླར་ཡང་མཆོད་ཅིང་བསྟོད་དེ། འདོད་པའི་དོན་ལ་གསོལ་བ་བཏབ་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ནས། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ལན་གསུམ་བཟོད་པར་གསོལ་ནས། ཡི་གེ་བརྒྱ་པ་བརྗོད་པའི་མཐར། རྡོ་རྗེ་བསྡམས་པ་ཕྱེ་བ་བཀྲོལ་ནས་སེ་གོལ་གཏོགས་ལ། ཨོཾ་ཧེ་རུ་ཀ་མུཿཞེས་གཤེགས་སུ་གསོལ་ཏེ། ཐལ་བའི་རྡུལ་ཅུང་ཟད་དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་རེག་ནས། དམ་ཚིག་པ་བདག་ལ་བསྡུའོ། །འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་སྟེ་དངོས་གཞིའོ། །སྔོན་བཞིན་དུ། མེ་ལྷ་མཆོད་ནས་དེ་ཉིད་དང༌། །ཕྱོགས་སྐྱོང་རྣམས་ལ་གཏོར་མ་དབུལ། །བཟོད་པར་གསོལ་ནས་གཤེགས་སུ་གསོལ། །སྨོན་ལམ་བཏབ་ཅིང་བདག་ཉིད་བསྲུང༌། །ལས་ཀྱི་རྗེས་བསྡུ་ཐལ་བ་རྣམས། །རྒྱ་མཚོར་འབབ་པའི་ཆུ་བོར་དོར། །ཞེས་སྨོས་ཏེ། མེ་འབར་བའི་དབུས་དེ་ཉིད་དུ་འཇིག་རྟེན་པའི་མེ་ལྷ་འཁོར་དང་བཅས་པ་སྔ་མ་བཞིན་གསལ་བཏབ་ནས། མཆོད་ཅིང་བསྟོད་ལ་བསྲེག་རྫས་རྣམས་རྫོགས་པར་ཕུལ་ནས། ཡོན་གྱི་བདག་པོའི་མཐེ་བོ་ནས་བཟུང་སྟེ། ལས་དང་འབྲེལ་བའི་མེ་ལྷའི་རང་སྔགས་ཀྱིས་དགང་བླུགས་བདུན་ཕུལ་ནས། མཁའ་འགྲོ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་པའི་གཏོར་མ་མེ་ལྷ་དང་ཕྱོགས་སྐྱོང་རྣམས་ཀྱི་རང་སྔགས་སྔོན་དུ་འགྲོ་བའི། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ལ་སོགས་པ་བདུན་ནམ་གསུམ་གྱིས་ཕུལ་ཏེ། མཆོད་ཅིང་བསྟོད་ནས་བཟོད་པར་གསོལ་ལ། ཨོཾ་ཨགྣ་ཡེ་ཛ་ཧི་སྭ་ཨརྠཉྩེ་ཝ་པ་ར་ཨརྠཉྩེ། སཱ་དྷི་ཏྭཾ་གཙྪ་ཧ་བྱ་བྷུ་ཀ ཞེས་བརྗོད་དེ། སྤྱན་དྲངས་པའི་ཕྱག་རྒྱ་ཕྱིར་བསྐྱེད་ནས། སེ་གོལ་བརྡབས་ལ་ཡེ་ཤེས་པ་གཤེགས་སུ་གསོལ་ཏེ། དམ་ཚིག་པ་སྔ་མ་ལྟར་བདག་ལ་བསྡུས་ནས། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། བསྔོ་བ་དང༌། སྨོན་ལམ་རྣམ་པར་དག་པ་བཏབ་ནས། གོ་ཆ་གསུམ་གྱིས་བདག་ཉིད་བསྲུངས་ལ་སླར་ཡང་ཡི་གེ་བརྒྱ་པ་བརྗོད་ནས། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བས་ཕུར་བུ་རྣམས་བཟུང་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཞེས་བརྗོད་ཅིང་ཕྱུང་ལ། མདའ་དང་ཚོན་སྐུད་ལ་སོགས་པ་རྣམས་བསྡུས་ཏེ་ཐལ་བ་དང༌། རྡུལ་ཚོན་དང༌། མཆོད་རྫས་དམན་མ་མ་ལུས་པ་བསྡུས་པ་རིན་པོ་ཆེའི་སྣོད་དུ་བླུགས་པ་རོལ་མོའི་སྒྲ་དང་བཅས་པ་རྒྱ་མཚོར་འབབ་པའི་ཆུ་བོར་དོར་བས་ཆུ་ལ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་རོ། །དེ་ནས་དགའ་སྟོན་རྒྱ་ཆེན་པོ་ལ་ལོངས་སྤྱད་དོ། །ཚུལ་འདི་ཧེ་རུ་ཀ་དཔལ་གྱི། །སྔགས་ཀྱི་ནུས་པ་འབྱིན་པ་དང༌། །ཐུན་མོང་བ་དང་ཁྱད་པར་གྱི། །དངོས་གྲུབ་ཐོབ་བྱེད་མཆོག་ཏུ་གསུངས། །ཇི་སྐད་དུ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས། །ལྷ་ཡི་ཁ་ནི་མེ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིང་སྔགས་ཀྱི་ལྷག་ཆད་དག །སྦྱིན་སྲེག་གིས་ནི་དེ་ཀུན་དགང༌། །སྐུ་གསུམ་མཆོག་ནི་རྩེ་ལས་སྐྱེས། །དེ་ཕྱིར་སྦྱིན་སྲེག་རབ་ཏུ་བསྔགས། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟར་རོ། །མེ་འབྲུག་རྒྱལ་གྱི་ཟླ་བ་ཡི། །ཡར་གྱི་ངོ་ཡི་ཚེས་བཅུ་ལ། །ཧུ་ཆུ་ཞེས་བྱའི་གྲོང་ཁྱེར་དུ། །ལེགས་པར་བྲིས་པ་འདི་རྫོགས་སོ།། །།རྒྱལ་བའི་གསུང་རབ་གཅེས་པའི་མཛོད་འཛིན་ཡང་དག་གྲུབ་བརྙེས་བླ་མ་བརྒྱུད་པ་ལས་འོངས་པའི། །དངོས་གྲུབ་འགུགས་བྱེད་ལས་ཀྱི་མཆོག་རབ་སྦྱིན་སྲེག་ཆོ་གའི་རྣམ་གཞག་རིམ་པ་རབ་གསལ་བ། །ཆོས་ཀྱི་རྒྱལ་པོ་བཟང་པོའི་ཞབས་ཀྱི་ཞབས་རྡུལ་གུས་ལེན་འཕགས་པའི་མིང་དང་ལྡན་པ་ཡིས། །ལེགས་པར་བསྡེབས་ལས་བསོད་ནམས་མེ་འོད་རབ་ཏུ་འབར་བས་སྡུག་བསྔལ་བུད་ཤིང་བསྲེག་པར་ཤོག །སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་རྗེས་སུ་འབྲངས་ནས། འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ལག་ཏུ་བླང་བའི་རིམ་པའི་སྡོམ་ཉི་ཤུ་བདུན་པ་ཞེས་བྱ་བ་སྦྱར་ནས། ལོ་བཅུ་དྲུག་ལོན་པའི་རྗེས་ལྕགས་མོ་ལུག་གི་ལོ། ཁྲའི་ཟླ་བ་ལ་ཆོས་འདི་ལ་དད་པ་དང་འདུན་པ་ཐོབ་པ་རང་གི་སློབ་མ་སྟོན་པ་ཤེས་རབ་ཅེས་བྱ་བས། ཡང་ནས་ཡང་དུ་གསོལ་བ་བཏབ་ནས་དགེ་སློང་སྔགས་འཆང་བ་འཕགས་པ་ཞེས་བྱ་བ་དེ་ཉིད་ཀྱིས། ཅང་ཏོའི་ཕོ་བྲང་ཆེན་པོར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply