༼པ༽
༄༅། །དྲིལ་བུ་ལུས་དཀྱིལ་གྱི་སྒྲུབ་ཐབས་བཞུགས།།
༄༅། །དཔལ་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྒྲུབ་པའི་ཐབས་ཀྱིས་བསྒྲུབ་བྱ་བ། །བསྒྲུབ་ཕྱིར་གྲུབ་པ་མཆོག་གྱུར་པར། །བཏུད་དེ་རང་བཞིན་གྱིས་གྲུབ་པའི། །དཀྱིལ་འཁོར་སྒྲུབ་པའི་རིམ་པ་བཤད། །དེ་ལ་འཁོར་ལོ་བདེ་མཆོག་གི་ཕྱི་དང་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་ལྡན་པ་ལུང་དང་མན་ངག་མནོས་པའི་རྣལ་འབྱོར་པས། ལམ་ཉམས་སུ་བླང་བའི་ཚུལ་ནི། ནུབ་མོ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ། ཐོ་རངས་ནམ་མཁའ་ནས་ཌཱ་མ་རུའི་སྒྲ་ཡི་གེ་བདུན་པའི་སྔགས་སུ་གྲགས་པས་གཉིད་བསླངས་ནས་ཧེ་རུ་ཀའི་སྐུར་ལངས་ལ། སྣོད་བཅུད་ཐམས་ཅད་ཡང་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བལྟའོ། །སྤྲོ་ན་དབང་གི་སྐབས་ལྟར་ཁྲུས་བྱ། དེ་ནས་གནས་དབེན་པར་འདུག་ལ། སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཧེ་རུ་ཀ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམས་ནས། བདུད་རྩི་རི་ལུ་མྱངས་ལ། རང་སྐད་ཅིག་གིས་བདེ་མཆོག་ཏུ་བསྒོམ་པ་ལུས་ལྷར་བསྐྱེད་པ་སྐུའི་དགའ་བའོ། །ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་བརྗོད་ནས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །དོན་དེ་དང་ལྡན་པ་ནི་བདག་ཉིད་དོ་ཞེས་དྲན་པ་ནི་ངག་སྔགས་སུ་བྱིན་གྱིས་བརླབས་པ་གསུང་གི་དགའ་བའོ། །སྙིང་གི་ནང་དུ་ཨ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལས་བྱུང་བའི་ཟླ་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ངོ་བོའི་སྟེང་དུ། ཧཱུྃ་བསམས་པའི་ཞབས་ཀྱུ་བྱ་བ་གྲུབ་པ། ཁོག་པ་སོ་སོར་རྟོག་པ། མགོ་བོ་མཉམ་པ་ཉིད། ཟླ་ཚེས་མེ་ལོང་ལྟ་བུ། ཐིག་ལེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྒོམ་པ་ནི་སེམས་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་ཐུགས་ཀྱི་དགའ་བའོ། །དེ་ལས་འོད་འཕྲོས་པས་རང་གི་སྡིག་པ་ཐམས་ཅད་དག བ་སྤུའི་བུ་ག་ནས་འཕྲོས་པས་རང་བཞིན་གྱིས་གནས་ནས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་གཙོ་བོའི་ལུས་ལ་ལྷ་དྲུག་ཅུ་རྩ་གཉིས་གནས་པའི་སྤྱི་བོར་བླ་མ་བཞུགས་པ་སྤྱན་དྲངས་ཏེ། ན་མོ་གུ་རུ་བྷྱཿས་བླ་མ་དང༌། ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལེ་བྷྱཿས་དཀྱིལ་འཁོར་ལ་ཕྱག་འཚལ་ནས། ལྷ་རྫས་ཀྱི་མཆོད་པ་དཔག་ཏུ་མེད་པ་སོ་སོས་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཞེས་ཐམས་ཅད་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པྲེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃྃ་གིས་དྲི། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས། བཛྲ་ཤབྡ་ཨཱཿཧཱུྃ་གིས་རོལ་མོ་ཕུལ་བ་ནི་ཕྱིའི་མཆོད་པའོ། །དེ་ནས་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ལ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང༌། ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང༌། ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག་ཅེས་བརྗོད་ནས་སེ་གོལ་བརྡབ་བོ། །ཡང་སྙིང་གར་ཐལ་མོ་སྦྱར་ལ། ཨོཾ་སརྦ་བིད། པུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ་ཨཱ་བརྟ་ཧོ། ན་མསྶ་མནྟ་བུདྡྷཱ་ནཱཾ། ཨ་བྷིསྨ་ར་ཡེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་པ་རི་ཤོ་དྷ་ལེ། མཎྜ་ལེ། མ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེ་ན། བནྡྷ་སྭསྠཱ་ན་བ་ལེ་ན་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཡང་སེ་གོལ་བརྡབས་ནས་ཡིད་ཀྱི་མཆོད་པས་མཆོད་ནས། བླ་མ་དང་དཀྱིལ་འཁོར་ལ་གུས་པའི་ཡིད་དྲག་ཏུ་བྱས་པས་བླ་མ་དང་དཀྱིལ་འཁོར་དེ་དག་རང་གི་ལུས་ལ་ཐིམ་པའི་རྐྱེན་གྱིས། རང་གི་ལུས་ཅིག་ཅར་དཀྱིལ་འཁོར་དུ་གྱུར་པར་དམིགས་ནས་རིམ་གྱིས་གསལ་གདབ་སྟེ། སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་ལོག་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར་དང་བླ་རེ། བ་སྤུ་མདའི་དྲྭ་བ། སྐྲ་སེན་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་དང༌། རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྐལ་ཚིགས་རི་རབ། མགོ་བོ་རི་རབ་གྱི་སྟོད་ཀྱི་ཆ། ལུས་འདོམ་གང་གྲུ་བཞི། གཞལ་ཡས་ཁང་གྲུ་བཞི། སྙིང་ག་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་སྒོ་བཞི། མིག་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན། རྐང་རྣམས་ཀ་བའི་ཚོགས་ཏེ་རྟེན་གྱི་དཀྱིལ་འཁོར་དང༌། སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བའི་ཧཱུྃ་དང༌། ཕྱིའི་ཧེ་རུ་ཀ་ཅིག་ཅར་གསལ་གདབ་སྟེ་པདྨ་དང༌། ཉི་མའི་སྟེང་དུ་འཁོར་ལོ་བདེ་མཆོག ཞབས་གཡས་བརྐྱང་བས་དུས་མཚན་དམར་མོའི་ནུ་མའི་སྟེང་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བལྟབས་ནས་མནན་པ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྔོ། གཡོན་ལྗང༌། རྒྱབ་དམར། གཡས་སེར། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་གོས་སུ་གྱོན་པ། གཡས་ཀྱི་གསུམ་པས་ཌཱ་མ་རུ། བཞི་པས་དགྲ་སྟྭ། ལྔ་པས་གྲི་གུག དྲུག་པས་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག བཞི་པས་ཁྲག་གིས་གང་བའི་ཐོད་པ། ལྔ་པས་རྡོ་རྗེའི་ཞགས་པ། དྲུག་པས་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། རལ་པའི་ཐོར་ཚུགས་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་ན་ཚེས་གཅིག་གིས་ཟླ་བ་དང༌། མཚོག་མའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། སྐ་རགས། ཐལ་ཆེན་གྱི་རྒྱ་སྟེ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་དཔའ་བ་མི་སྡུག་པ། །དགོད་པ་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་ངམ་དང་ཞི་བ་སྟེ། །གར་དགུའི་རོ་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་ཕྱག་གཉིས་མ། གཡོན་པས་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་བཅུར་བསྡིགས་པ། སྤྱན་གསུམ་པ། གཅེར་བུ་སྐྲ་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་ཅིང༌། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྲིལ་པའོ། །སྣང་བ་དང་ཐབས་དང་ལྷག་མཐོང་དང་སྙིང་རྗེ་ཆེན་པོའི་ངོ་བོ་ནི་ཡབ་ཡིན་ལ། སྟོང་པ་དང་ཤེས་རབ་དང་ཞི་གནས་དང་བདེ་བ་ཆེན་པོའི་ངོ་བོ་ནི་ཡུམ་ཡིན་ཞིང༌། ཟུང་དུ་འཇུག་པའི་ཕྱིར་ཀུན་ཏུ་ཁ་སྦྱོར་བ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །སྙིང་གི་ཕྱོགས་བཞི་གཡོན་སྐོར་གྱིས་ལྃ་མྃ་པྃ་ཏཱྃ་གནས་པ་རིམ་པ་བཞིན་མཁའ་འགྲོ་མ་སྔོན་མོ། ལཱ་མཱ་ལྗང་གུ། ཁཎྜ་རོ་ཧཱ་དམར་མོ། གཟུགས་ཅན་མ་སེར་མོ་རྣམས་ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་དང༌། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱང་བས་གནས་པ་དང༌། མཚམས་རྣམས་ན་བདུད་རྩི་འབབ་པའི་རྩ་རྣམས་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བར་གྱུར་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། པུ་ཛཱ་ཨཽ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཁམས་དང་བཅས་པ་རྣམས་དཔའ་བོ་དང་དཔའ་མོ་རྣམས་སུ་གྱུར་པ་ནི། སྤྱི་བོ་པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོའོ། །སྤྱི་གཙུག་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་ཨཽ་ཌྱན་དུ་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྟག་པ་ཨརྦུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས། རྣ་བ་གཡོན་པ་གོ་དཱ་ཝ་རཱིར་སཱུ་ར་ཝཻ་རི་དང་བརྟན་པའི་བློ་ཅན་མ། སྨིན་མའི་དབུས་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐཱི་དབང་ཕྱུག་མ། ཕྲག་པ་གཉིས་མ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་རྣམས་ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྤྱོད་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཨངྒུ་རི་དང་ཨེ་ར་བ་ཏི། ནུ་མ་གཉིས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང༌། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང༌། ཁ་ཀ་ལིངྐར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། མགྲིན་པ་ལཾ་པཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ། སྙིང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམ་བར་ཧི་མ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་ཉེ་བའི་ཚནྡོ་རྣམས་གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ་སྟེ་འདུ་བ། བརླ་གཉིས་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱི། བྱིན་པ་གཉིས་སཽ་ཝརྞཎ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བ། སོར་མོ་བཅུ་དྲུག་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད། མཐེ་བོ་བཞི་མ་རོར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་རྣམས་སྐུའི་འཁོར་ལོ་ཁ་དོག་དཀར་པོ་ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་པའོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། དཔའ་བོ་རྣམས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རྒྱན་དང་ཆ་ལུགས་གཙོ་བོ་དང་འདྲ་བའོ། །རྣལ་འབྱོར་མ་རྣམས་གྲི་གུག་དང་ཐོད་པ་འཛིན་པ། རྒྱན་དང་ཆ་ལུགས་རྡོ་རྗེ་ཕག་མོ་ལྟ་བུའོ། །སྙིང་གའི་ཕྱི་སྐོར་གྱི་འདབ་མ་བརྒྱད་ལ་ཧཱུྃ་རིང་པོ་བརྒྱད་གནས་པ་སྒོ་མཚམས་མ་རྣམས་སུ་གྱུར་པ་ནི། ཤར་དུ་ཁྭ་གདོང་མ་སྔོན་མོ། བྱང་དུ་འུག་གདོང་མ་ལྗང་གུ། ནུབ་དུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་རོའི་གདན་ལ་དྲག་པོའི་ཚུལ་གྱིས་བཞུགས་པ། གཞན་ཕྱག་མཚན་དང་ཆ་ལུགས་སྙིང་པོའི་རྣལ་འབྱོར་མ་ལྟ་བུའོ། །ལྷ་ཐམས་ཅད་གཅེར་བུ་སྤྱན་གསུམ་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་སྟེ། སོར་མོ་ལ་སོགས་པའི་གནས་ཀྱི་དབྱེ་བས་མང་པོར་སྣང་ཡང༌། ངོ་བོའི་སྒོ་ནས་ལྷ་དྲུག་ཅུ་རྩ་གཉིས་དང༌། ལྷའི་གནས་སུམ་ཅུ་སོ་བདུན་ཉིད་དོ། །དེ་ནས་བདག་གི་བློ་ལ་སྣང་བའི་ལྷ་སུམ་ཅུ་སོ་བདུན་པོ་འདི་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་གྱི་ངོ་བོར་རྣམ་པར་དག་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་ལྷ་སུམ་ཅུ་སོ་བདུན་གྱི་ངོ་བོར་རྣམ་པར་དག་གོ །ཞེས་དག་པ་དྲན་པར་བྱའོ། །དེ་ནས་ཨོཾ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནི་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་བདག་གིས་བསྒོམས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་དང༌། འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་སྐུ་རྣམས་དང༌། འོག་མིན་ན་བཞུགས་པའི་ལོངས་སྐུ་རྣམས་དབྱེར་མེད་པར་གྱུར་ནས། གཉིས་སུ་མེད་པ་རྡོ་རྗེའི་རང་བཞིན་བདག་ཡིན་སྙམ་དུ་དྲན་པ་ལན་གསུམ་བྱས་ལ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་བདག་ཡིན་སྙམ་དུ་བསམ་མོ། །དེ་ནས་གནས་རྣམས་སུ་ཟླ་བའི་གདན་ལ། སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་དཀར་པོ། མགོ་བོར་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། སྤྱི་གཙུག་ཏུ་སྭ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་དམར་པོ། ཕྲག་པ་གཉིས་ལ་བཽ་ཥ་ཊ་ཧེ་དཔལ་ཧེ་རུ་ཀ་ནག་པོ། མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་རྡོ་རྗེ་ཉི་མ་དམར་སེར། ཡན་ལག་རྣམས་ལ་ཕཊ་ཧཾ་རྟ་མཆོག་ལྗང་གུ་སྟེ་དཔའ་བོའི་གོ་ཆ་དང༌། ལྟེ་བར་ཨོཾ་བྃ་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཧྃ་ཡོཾ་གཤིན་རྗེ་མ་སྔོན་མོ། ཁར་ཧྲིཾ་མྃ་རྨོངས་བྱེད་མ་དཀར་མོ། མགོ་བོ་ལ་ཧྲེཾ་ཧྲིཾ་སྐྱོད་བྱེད་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ། ཡན་ལག་རྣམས་ལ་ཕཊ་ཕཊ་ཙཎྜཱི་ཀ་དུད་ཀ་སྟེ་དཔའ་མོའི་གོ་ཆ་བཀོད་ལ། ཡབ་ཀྱི་གནས་སུ་ཡུམ་དང༌། ཡུམ་གྱི་གནས་སུ་ཡབ་གཉིས་སུ་མེད་པར་བསམས་ཏེ། ཡི་གེའི་རྣམ་པ་ཉིད་ལྷའི་ངོ་བོར་བསྒོམ་པ་ནི་གོ་ཆ་དགོད་པའོ། །དེ་ནས་འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱེས་སུ་བསྐོར་ཞིང་ཕཻཾ་ཞེས་བརྗོད་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་དུ་སྤྱན་དྲངས་ལ་སྔ་མ་ལྟར་མཆོད་ནས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་རང་ལ་བསྟིམ་ནས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ་པ་ནི། ཡེ་ཤེས་པ་གཞུག་པའོ། །ཡང་སྔར་བཞིན་དབང་གི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང༌། ཁྲོ་མོ་དང༌། མཆོད་པའི་ལྷ་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པ་ལ་སྔ་མ་བཞིན་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་ནས་བཀྲ་ཤིས་ཀྱི་གླུ་དང༌། བགེགས་སྐྲོད་པ་དང༌། མཆོད་པ་མཛད་པས་ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་ལུད་པས་གཙོ་བོ་ཡབ་ཡུམ་ལ་རྡོ་རྗེ་སེམས་དཔའ། སྙིང་པོའི་རྣལ་འབྱོར་མ་རྣམས་ལ་རིན་ཆེན་འབྱུང་ལྡན། ཐུགས་ཀྱི་འཁོར་ལོ་ལ་མི་བསྐྱོད་པ། གསུང་གི་འཁོར་ལོ་ལ་འོད་དཔག་མེད། སྐུ་ཡི་འཁོར་ལོ་ལ་རྣམ་པར་སྣང་མཛད། དམ་ཚིག་གི་འཁོར་ལོ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །བདག་ཉིད་སངས་རྒྱས་སུ་བསྐྱེད་པའོ། །དེ་ནས་རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པས་སྔ་མ་བཞིན་དུ་མཆོད་ནས། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གསོལ་ནས་ཚིམ་པར་བསམས་ལ། དངོས་སུ་མྱངས་ལ་ལྷ་ཐམས་ཅད་ཀྱིས། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པར་བསམ་ཞིང་རྣམ་ལྔ་འདོད་པས་བསྐོར་བའི་ཕྱག་རྒྱ་བྱ་བ་ནི་ནང་བདུད་རྩིའི་མཆོད་པའོ། །དེ་ནས་ལྷ་ཐམས་ཅད་སྙོམས་པར་ཞུགས་པས་ཟག་པ་མེད་པའི་བདེ་བས་མཉེས་པར་བསམ་ཞིང་འཁྱུད་པའི་ཕྱག་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པ་ནི་བདེ་བས་མཉེས་པའི་མཆོད་པའོ། །དེ་ནས་ཡིད་ལས་བྱུང་བའི་མཆོད་པས་སྔ་མ་བཞིན་མཆོད་ནས། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སཾ་ནི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོངྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾ་ཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱམབྲཱནྡྷ་ཀཱ་ར་ཝ་པུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་རྐང་པ་བརྒྱད་པ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་ར་ཧཱི་བཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤཱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷེ་ཀ་རཱ་ལི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཏྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི། པ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བ་ར་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད་པ་ནི་མཆོད་པའོ། །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་དེ་སེམས་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ། །དེ་ནས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་པ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་འབྱུང་བས། བསམ་གཏན་གྱི་འདུག་སྟངས་ཀྱིས་གནས་ནས། སྙིང་གར་ཟླ་བའི་དཀྱིལ་འཁོར་སྲན་མ་བཀས་པ་ཙམ་གྱིས་སྟེང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་བསམས་པ་ལ་ཡིད་གཏད་དེ་རླུང་ཁ་སྦྱོར་བྱས་པས་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །རྫོགས་པའི་རིམ་པ་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་རོ། །སྔགས་ཟློ་བའི་ཚེ་ལྷ་རྣམས་གསལ་བཏབ་ནས་ལྷ་ཁ་སྦྱོར་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང་བས་ཡབ་ཀྱི་ཞལ་དང༌། ཡུམ་གྱི་ཞལ་དང༌། བྷ་ག་དང༌། རྡོ་རྗེའི་ལམ་ནས་འཁོར་བ་དང༌། ལྷ་མོ་བཅུ་གཉིས་ཀྱི་ཐུགས་ཀའི་ས་བོན་ལ་གཡོན་སྐོར་དུ་འཁོར་བ་རྣམས་ཀྱི་འོད་ཀྱིས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཞི་བར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་བསྐུལ་བར་བསམ་ཞིང༌། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ངོ༌། །འཁོར་རྣམས་ཀྱི་ནི། ལྃ་མྃ་པྃ་ཏཱྃ། པུ་ཛཱ་ཨཽ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཅི་རིགས་པ་བཟླའོ། །དེ་ནས་མངོན་པར་བཤམས་པའི་གཏོར་མ་སུམྦྷས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཡྃ་ལས་རླུང༌། རྃ་ལས་མེའི་སྟེང་དུ་ཨཱཿལས་ཐོད་པ་ཡངས་པར། ཨ་ལས་ཟླ་བའི་སྟེང་དུ་དབུས་དང་ཤར་ནས་གཡས་སྐོར་གྱིས། གོ ཀུ། ད། ཧ། ན་ལས་བ་ལང༌། ཁྱི་རྟ། གླང་པོ་ཆེ། མིའི་ཤ་དང༌། དེའི་སྟེང་དུ། བི། མུ། ཤུ། མ། ར་ལས། དྲི་ཆེན། དྲི་ཆུ། བྱང་ཆུབ་ཀྱི་སེམས། ཤ་ཆེན་གྱི་དྭངས་མ། རཀྟ། དེའི་སྟེང་དུ། ཧཱུྃ། བྷྲཱུྃ། ཁྃ། ཛྲཱིཾ། ཨཱྃ་ལས་ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ། བྱ་བ་གྲུབ་པ། སོ་སོར་རྟོག་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསམས་པའི་སྟེང་དུ་ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་བ། དེའི་སྟེང་དུ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་ཤིང་མེ་སྦར་བ་ལས། རྫས་རྣམས་བཞུ་ཞིང་བསྐོལ་བའི་རླངས་པ་གྱེན་དུ་སོང་ནས། ཨོཾ་དང་ཟླ་བ་དང་སྣ་ཚོགས་རྡོ་རྗེ་ལས་བདུད་རྩི་བབས་ཤིང༌། འོད་ཟེར་རླངས་པ་དང་བཅས་པ་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དཔག་ཏུ་མེད་པ་སྤྱན་དྲངས་པ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་དང་ཨོཾ་དང་བཅས་པ་རྣམས་གཏོར་མ་ལ་ཐིམ་པས། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ལ། ཨོཾ་ཨཱཿཧཱུྃ་དང༌། ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་གྱི་ནམ་མཁར་སྐད་ཅིག་གིས་ལྷ་དྲུག་ཅུ་རྩ་གཉིས་ཀྱིས་དཀྱིལ་འཁོར་དམིགས་ལ་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། དུར་ཁྲོད་བརྒྱད་ཀྱང་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བརྒྱད་དུ་གྱུར་པ་ཡེ་ཤེས་པ་དང་རོ་གཅིག་པར་བྱས་པའི་ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བའི་ལམ་ནས་གསོལ་བར་བསམས་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་བཛྲ་ཨ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཨོཾ་ཨཱཿཧཱུྃ་ཞེས་ལྷའམ་འཁོར་ལོའི་གྲངས་དང་མཉམ་པས་ཕུལ་ནས་ཨརྒྷཾ་ལ་སོགས་པའི་ཕྱི་དང་ནང་གིས་མཆོད་ནས། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་ལ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ནི་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ནས་འདོད་པའི་དོན་གསོལ་བ་བཏབ་ལ་ཡི་གེ་བརྒྱ་པ་བརྗོད་ཅིང༌། ནོངས་པ་བཟོད་པར་གསོལ་ནས། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་བདག་ལ་བསྡུའོ། །འཇིག་རྟེན་པ་ལ་ནི་མཁའ་འགྲོ་སྤྱི་གཏོར་གྱིས་དབུལ་ལོ། །གཏོར་མའི་རྣལ་འབྱོར་རོ། །དེ་ནས་ཁ་ཟས་ཟ་བའི་ཚེ་ཁ་ཟས་གཏོར་མ་ལྟར་རམ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ་ལྟེ་བའི་གཏུམ་མོའི་མེ་སྦར་བའི་ཁྲོད་དུ་ལྷ་ཐམས་ཅད་གསལ་བར་དམིགས་ཤིང་ལྟེ་བར་འབྱུང་པོའི་ཚོགས་བསམས་ནས། ལག་པ་གཡོན་གྱི་མཐིལ་དུ་པདྨ་འདབ་མ་ལྔ་པའི་ལྟེ་བ་དང༌། མདུན་ཕྱོགས་ནས་གཡོན་སྐོར་གྱིས་འདབ་མ་རྣམས་ལ། ཨོཾ་བྃ་ཧྃ་ཡོཾ་ཧྲིཾ་མྃ་ཧྲེཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། རྣམས་དཔའ་མོ་དྲུག་དང་མཐེ་བོང་ལ་སོགས་པའི་སེན་མོ་ལྔ་དང༌། བསྡུས་པའི་འདོམས་སོ་རྣམས་སུ། ཨོཾ་ཧ། ན་མ་ཧི། སྭ་ཧཱ་དུ། བཽ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ་རྣམས་དཔའ་བོ་དྲུག་སྟེ་ཐམས་ཅད་ཀྱང་ཟླ་བའི་གདན་ལ་བཞུགས་པར་དམིགས་པ་ལ། སོ་སོའི་སྔགས། ཨོཾ་ཨཱཿཧཱུྃ་དང་བཅས་ཞིང་ཞུ་བ་དང་གོང་བུའི་རྫས་ཀྱིས་མཆོད་ལ། ལག་པ་གཉིས་ཕན་ཚུན་མཉེས་ནས་ཚིམ་པར་བསམ་ཞིང་གཡོན་པའི་སྲིན་ལག་གིས་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་རེག་པས་ལྷ་རྣམས་ལུས་ལ་ཐིམ་པར་བསམས་ནས། ལག་པ་གཉིས་དགང་བླུགས། ཁ་ཐབ་ཁུང༌། ཁ་ཟས་རྣམས་བསྲེག་རྫས་སུ་དམིགས་ལ་ནང་གི་སྦྱིན་སྲེག་གི་ཚུལ་དུ་བཟའོ། །ལྷག་མ་ལ། ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སཱི་སྭཱ་ཧཱས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །སྤྱོད་ལམ་ལ་འཇུག་པའི་ཚེ་སུཾ་བྷའི་སྔགས་ལན་གཉིས་ཀྱིས་ཕྱོགས་མཚམས་བཅིངས་ནས་རང་གི་ལུས་ལ་དཔའ་བོ་དང་དཔའ་མོ་དང་གོ་ཆ་ཆེན་པོ་རྣམས་བཀོད་ལ་བདག་དང་སྣང་བ་ཐམས་ཅད་ཧེ་རུ་ཀ བརྗོད་པ་དང་གྲགས་པ་ཐམས་ཅད་སྔགས། རྟོག་པའི་འདུ་འཕྲོ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ནས་ཡུལ་གྱི་ལྷས་ནང་གི་ལྷ་ལ་མཆོད་པར་བསམ་ཞིང༌། ཡུལ་རྣམས་ལ་སྡང་ཞེན་མེད་པར་སྤྱད་པར་བྱའོ། །སྤྱོད་ལམ་མོ། །དེ་ལྟར་རིམ་པ་གཉིས་ཡན་ལག་དང་བཅས་པ་བསྒོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་ཇི་སྐད་བཤད་པའི་སྤྱོད་པས་མཐར་ཕྱིན་པར་བྱས་པས་བྱང་ཆུབ་སེམས་དཔའི་ས་རྣམས་བགྲོད་དེ། ཉེ་བའི་རྒྱུས་མཚམས་སྦྱར་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །འདིའི་བརྒྱུད་པ་ནི་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལནྡྷ་ར་པ། ནག་པོ་སྤྱོད་པ་བ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས་ཅན། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། གློག་སྐྱ་ཤེས་རབ་བརྩེགས། རྗེ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། བླ་མ་ཆོས་ཀྱི་རྗེ་རྣམས་སོ། །འདི་ནི་དུ་གལ་དུར་མིས་ཀྱིས། །བསྐུལ་བའི་དོན་དུ་འཕགས་པས་སྦྱར། །དགེ་བས་བདག་དང་འགྲོ་བ་རྣམས། །ཧེ་རུ་ཀ་དཔལ་ཉིད་གྱུར་ཅིག །དཔལ་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཉུང་ཞིང་གསལ་བ་འདི་ནི་འཕགས་པས། ཆུ་མོ་བྱའི་ལོ་ས་གའི་ཟླ་བའི་ཚེས་ཉི་ཤུ་བཞི་ལ་ཤིང་ཀུན་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply