བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་སྒྲུབ་ཐབས་རིམ་པ་གསལ་བ།

༈ ས་སྐྱ་བཀའ་འབུམ་ལས་པོད་༼ཕ་༽པ།

འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་པོད་གཉིས་པ།

༄༅། །ཏྲིདྷཱཏུཛགཏོནཱཐཱརྻམཏིདྷྭཛཤྲཱིབྷདྲཔཱདསྱཔྲཝཙནཾཔུསྟཀོདྭིཏིའཡཱབྷྱཾསམྦརལཱུཧིཔཱདདྷརྨསྱསཱདྷནངྐ྄མཀཱཤབིཧརཏིསྨ།།

༄༅། །ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་གཉིས་པ་ལས་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་སྒྲུབ་ཐབས་རིམ་པ་གསལ་བ་བཞུགས་སོ།།

༄༅། །དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་པའི་ཐབས་རིམ་པ་གསལ་བ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དངོས་བླ་མ་དང༌། །ཧེ་རུ་ཀ་དཔལ་ལ་བཏུད་ནས། །འཁོར་ལོ་བདེ་མཆོག་བསྒྲུབ་པ་ཡི། །རིམ་པ་གསལ་བར་བཤད་པར་བྱ། །བྱང་ཆུབ་སེམས་བརྟན་དབང་རབ་ཐོབ། །སྔགས་རིག་རྣལ་འབྱོར་དབང་ཕྱུག་གིས། །བསྐྱེད་དང་རྫོགས་པའི་རིམ་པ་ལ། །མཉམ་པར་གཞག་དང་སྤྱོད་ལམ་དང༌། །གཏོར་མ་དང་ནི་ཁ་ཟས་ཀྱི། །རྣལ་འབྱོར་བཞི་དང་སྤྱོད་པ་ལ། །ཤིན་ཏུ་བརྩོན་པས་ཐུན་མོང་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །དེ་ལ་ནུབ་མོར་ཉལ་བའི་ཚེ། རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་པའི་རིམ་པའི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ངང་ལ་ཉལ། ལྡང་བའི་ཚེ་ནམ་མཁའི་དབྱིངས་ནས་ཌཱ་མ་རུའི་སྒྲ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་སུ་གྲགས་པས་གཉིད་བསླངས་ནས། ལྷའི་སྐུར་ལངས་ལ་སྣང་བ་ཐམས་ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་སྐད་ཅིག་གིས་བལྟའོ། །རྣལ་འབྱོར་གྱི་གྲོགས་སུ་འགྱུར་ན་དབང་གི་སྐབས་ལྟར་ཁྲུས་བྱས་ནས། སྟན་བདེ་བ་ལ་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་ཅི་བདེ་བར་འདུག་ལ། བདུད་རྩི་རིལ་བུ་མྱངས་པས་ལུས་བྱིན་གྱིས་བརླབས་ནས། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྔོན་དུ་འགྲོ་བས། སླར་ཡང་རང་ཉིད་བདེ་མཆོག་ཡབ་ཡུམ་དུ་གསལ་བར་དམིགས་པ་ནི། ལུས་སླར་བསྐྱེད་པ་སྐུའི་དགའ་བའོ། །ངག་ཏུ་ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཞེས་བརྗོད་ནས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པ། །ཞེས་པའི་དོན་དང་ལྡན་པ་བདག་ཉིད་ཡིན་སྙམ་དུ་བསམས་པ་ནི་ངག་སྔགས་སུ་བྱིན་གྱིས་བརླབས་པ་གསུང་གི་དགའ་བའོ། །རང་གི་སྙིང་གའི་ནང་དུ་ཨ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་བྱུང་བ། ཟླ་བའི་དཀྱིལ་འཁོར་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྟེང་དུ། གཟུང་འཛིན་དང་བྲལ་བའི་སེམས་ཧཱུྃ་དུ་དམིགས་པའི་ཞབས་ཀྱུ་བྱ་བ་གྲུབ་པ། ཁོག་པ་སོ་སོར་རྟོག་པ། མགོ་བོ་མཉམ་པ་ཉིད། ཟླ་ཚེས་མེ་ལོང་ལྟ་བུ། ཐིག་ལེ་ཆོས་ཀྱི་དབྱིངས་ཏེ། ཡེ་ཤེས་ལྔར་བསྒོམ་པ་ནི་སེམས་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་ཐུགས་ཀྱི་དགའ་བའོ། །ཧཱུྃ་དེ་ལས་འོད་ཟེར་སྔོན་པོ། ལྗང་གུ། དམར་པོ། སེར་པོ་རྣམས་ཞལ་བཞི་ནས་རིམ་པ་བཞིན་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་དང༌། བདེ་བ་བླ་ན་མེད་པ་དང་མི་འབྲལ་བ་དང༌། ཆགས་པ་དང་སྡང་བ་མེད་ཅིང༌། འཇིག་རྟེན་གྱི་ཆོས་བརྒྱད་སྙོམས་པར་གྱུར་པ་རྣམས་རིམ་པ་བཞིན་དུ་བསྒོམ་པ་དང༌། ལུས་ཀྱིས་ལག་པ་གཡོན་པའི་མཛུབ་མོ་ཕྱོགས་བཅུར་བསྐོར་ཞིང་སེ་གོལ་བརྡབ་པ་དང༌། ངག་ཏུ་སུ་ཁེ་བྷ་ཝནྟུ་ཞེས་བརྗོད་པས་བྱིན་གྱིས་བརླབས་པ་ནི། སོགས་པར་འགྱུར་བའི་དགེ་བའི་རྩ་བ་ཐམས་ཅད་གཞན་དོན་དུ་འགྱུར་བར་བྱ་བའི་ཕྱིར། ཚངས་པའི་གནས་བཞི་བསྒོམ་པའོ། །སླར་ཡང་ཧཱུྃ་ལས་ཁ་དོག་སྣ་ཚོགས་པའི་འོད་ཟེར་འཕྲོས་པས་རང་གི་ལུས་ཐམས་ཅད་གང་བས། བདག་ཉིད་དང་ཕྱི་རོལ་ཏུ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས་ནས། ཐམས་ཅད་ཀྱང་འཁོར་ལོ་བདེ་མཆོག་ཏུ་གྱུར་ཏེ་འོད་ཟེར་རྣམས་སླར་འདུས་ནས་རང་ལ་ཐིམ་པས། རང་གི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་གྱི་དབང་ཕྱུག འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་གྱུར་པ་ནི། དཔལ་ཧེ་རུ་ཀ མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ཁ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་དབང་ཕྱུག་རྡོ་རྗེ། སའི་ཁམས་ལྟུང་བར་བྱེད་མ། ཆུའི་ཁམས་གསོད་པར་བྱེད་མ། མེའི་ཁམས་འགུགས་པར་བྱེད་མ། རླུང་གིས་ཁམས་གར་གྱི་དབང་ཕྱུག ནམ་མཁའི་ཁམས་པདྨའི་དྲྭ་བ་ཅན་དུ་གྱུར་པར་བསམ་པ་ནི། ཚོགས་སོགས་པ་ལ་རྟེན་ཁྱད་པར་ཅན་ཞིག་དགོས་པས། ཕུང་པོ་ཁམས་དང་སྐྱེ་མཆེད་གཞི་སྦྱང་ཞིང་བསྒྱུར་བའོ། །ཡང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་མདུན་གྱི་ནམ་མཁའི་སྟེང་གི་ཆ་ལ་རང་གི་བླ་མ་རྡོ་རྗེ་ཆོས་ཀྱི་རྣམ་པ་ལ། བླ་མ་བརྒྱུད་པ་ཐམས་ཅད་ཀྱིས་བསྐོར་བ་དང༌། འོག་གི་ཆ་ལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ནས། ན་མོ་གུ་རུ་བྷྱཿས་བླ་མ་དང༌། ན་མཿཤྲཱི་ཙཀྲ་སམྦ་ར་མཎྜལ་བྷྱཿས་དཀྱིལ་འཁོར་ལ་ཕྱག་བྱའོ། །དེ་ནས་མཆོད་པ་རྣམས་ཀྱིས་རིམ་པ་བཞིན་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་ཕུལ་ནས། བདག་པོས་ཡོངས་སུ་མ་བཟུང་བ་དང༌། བློས་སྤྲུལ་པའི་མཆོད་པས་མཆོད་པར་བསམ་ཞིང༌། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ལ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང༌། ཕྱག་རྒྱའི་མཐུ་དང༌། བདག་གིས་མོས་པ་དང༌། ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བརྗོད་ལ་སེ་གོལ་བརྡབ། ཡང་སྙིང་གར་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིཏ། པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཡེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ལེ། མཎྜ་ལེ་མ་མ་པྲ་ཎི་དྷི་པུ་ཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེནྡྷ་བནྡྷ་ས་སྠཱ་ན་བ་ལེ་ན་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་སེ་གོལ་བརྡབ་ལ་མཆོད་པར་བྱའོ། །དེ་ནས་བདག་གི་ཚེ་ཐོག་མ་མེད་པ་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས། སྡིག་པའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་བླ་མ་དང་དཀྱིལ་འཁོར་གྱི་སྤྱན་སྔར་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ། །ཞེས་པ་དང༌། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་འཁོར་ལོ་བདེ་མཆོག་གི་གོ་འཕང་མ་ཐོབ་ཀྱི་བར་དུ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པ་དང༌། བདག་གིས་དཔལ་འཁོར་ལོ་བདེ་མཆོག་གི་དམ་ཚིག་དང༌། སྡོམ་པའི་ཚོགས་བླངས་ཤིང་བསྐྱང་བར་བགྱིའོ། །ཞེས་པ་དང༌། སོ་སོ་སྐྱེ་བོ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་པ་དང༌། བདག་གིས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་པ་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་དེ་དག་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བར་བགྱིའོ། །ཞེས་པ་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ཐམས་ཅད་ལ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །ཞེས་པ་དང༌། བདག་གིས་དཔལ་འཁོར་ལོ་བདེ་མཆོག་གི་ལམ་རིམ་པ་གཉིས་ལ་ཡང་དག་པར་གནས་པར་བགྱིའོ། །ཞེས་པ་དང༌། བདག་གིས་དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེ་དག་གིས་བདག་དང་སེམས་ཅན་ཐམས་ཅད་འཁོར་ལོ་བདེ་མཆོག་གི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་པ་རྣམས་དོན་དྲན་བཞིན་པས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་ཚོགས་ཀྱི་ཞིང་དེ་རྣམས་ཀྱིས་རིགས་ཀྱི་བུ་ཁྱོད་ཀྱི་གནས་པ་འདི་ནི་ལེགས་པར་གནས་པ་ཡིན་གྱིས། གནས་པ་འདི་ལ་གནས་ན་མཆོག་གི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་གནང་བ་ནོད་པར་བསམ་མོ། །སླར་ཡང་མཆོད་པ་བསྡུས་པ་ཙམ་གྱིས་ཀྱང་མཆོད་ནས། ཨོཾ་བཛྲ་མུཿ ཞེས་བརྗོད་པས་གཤེགས་སུ་གསོལ་བ་ནི། ཚོགས་བསགས་པ་དངོས་དང་འབྲེལ་པ་ཚོགས་བསགས་པ་བཅུ་གསུམ་གྱིས་ཚོགས་བསགས་པའོ། །དེ་ནས་ཡང་རང་གི་སྙིང་གའི་ཧཱུྃ་ལས་སྟེང་འོག་ཏུ་ཁཎྜ་རོ་ཧཱ་གཉིས་དང་བཅས་པའི་སྒོ་མཚམས་མ་བརྒྱད། ཤར་ནས་རིམ་པ་དང༌། ཤར་ལྷོ་ནས་རིམ་པ་ལས་བཟློག་པའི་ཚུལ་གྱིས་ཕྱོགས་བཅུར་སྤྲོ་བར་བསམ། ངག་ཏུ་ཞལ་བཞི་པའི་སྔགས་ཀྱི་རྐང་པ་རེ་རེ་བརྗོད། ལུས་ཀྱིས་གཡོན་པའི་སེ་གོལ་བརྡབ་པ་རྣམས་སྦྱར་ཞིང༌། བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། མདའི་དྲྭ་བ་དང་ཡེ་ཤེས་ཀྱི་མེ་འབར་བ་རྣམས་རིམ་པ་བཞིན་དུ་གྱུར་པར་བསམ་མོ། །ལུས་ཀྱིས་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྐོར་ལ་སེ་གོལ་བརྡབ། ངག་ཏུ། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡྃ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲྃ་སྃ་ཏྲྃ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ་རྃ་ཧཱུྃ། ཞེས་པ་རྣམས་ལན་གསུམ་གསུམ་བརྗོད་པ་དང༌། རིམ་པ་བཞིན་སྦྱར་ཞིང༌། སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་མོ། །ཡང་ཧཱུྃ་ལས་རྡོ་རྗེ་ཕུར་བུའི་ཚོགས་དང༌། རྡོ་རྗེ་ཐོ་བའི་ཚོགས་སྤྲོས་པ་ཕོ་ཉ་རྣམས་ཀྱི་ལག་པ་གཡོན་པ་དང་གཡས་པར་གཏད་ནས། ཕོ་ཉ་རྣམས་རང་དང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པས་ནམ་མཁའ་གང་བར་གྱུར་པས། ཕྱོགས་སྐྱོང་བ་རྣམས་ཀྱི་གཙོ་བྱས་པའི་བགེགས་རྣམས་བཀུག དཀར་པོའི་ཕྱོགས་རྣམས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་ཕྱོགས་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ་པར་བསྒོམ་ཞིང༌། ངག་ཏུ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བི་གྷྣཱན་ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ནས། རྡོ་རྗེ་ཐོ་བས་བརྡུངས་ནས་རྡུལ་དུ་བརླག་པར་བསམ་ཞིང༌། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་བགེགས་རྣམས་ཀྱི་སྡིག་པ་སྦྱངས་ནས། རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསམ་ཞིང༌། ཕོ་ཉ་རྣམས་རྡོ་རྗེའི་རྭ་བའི་ཁ་ཁྱེར་ལ་འཁོད་ནས། སྒྲུབ་པ་པོ་སངས་མ་རྒྱས་ཀྱི་བར་དུ་བསྲུང་བར་བསམ་པ་ནི། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསོགས་པ་ལ། བར་ཆད་མི་འབྱུང་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པ་སྟེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་སྒྱུ་མ་དང༌། རྨི་ལམ་ལྟ་བུར་བསམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པ་དང༌། སྒྱུ་མའང་མི་དམིགས་པའི་སྟོང་ཉིད་དུ་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ། ཞེས་པས་ནི་ཡེ་ཤེས་ཀྱི་ཚོགས་བསགས་པ་སྟེ། རྒྱུ་ཚོགས་གཉིས་བསགས་པའོ། །སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་བ་དན་གྱིས་མཚན་པ། རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། སུྃ་ལས་རིའི་རྒྱལ་པོ་རི་རབ། ཤར་ཤེལ། བྱང་གསེར། ནུབ་པདྨ་རཱ་ག ལྷོ་བཻ་ཌཱུརྻའི་རང་བཞིན་ལས་གྲུབ་པ། གྲུ་བཞི་པ་བང་རིམ་བཞི་པ་ལྕོག་བརྒྱད་དང་ལྡན་པ་རྣམས་བརྩེགས་པའི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར། ལྟེ་བ་མཐིང་ནག་ཅན་གྱི་སྟེང་དུ། པྃ་ལས་པདྨ་འདབ་མ་བརྒྱད་པའི་དབུས་སུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཿ ཞེས་པ་ཕྲག་གཉིས་གཡོན་སྐོར་དུ་བཀོད་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོར་བསྒོམས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཞེས་པ་ཕྲག་གཉིས་གཡས་སྐོར་དུ་བཀོད་ལ། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོར་དམིགས་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསམ། དེ་གཉིས་ཀྱི་བར་དུ་ཧཱུྃ་དཀར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་བསྒོམ། ཉི་མའི་སྟེང་དུ་ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་ངོ་བོ་ཨོཾ་ཨཱཿཧཱུྃ་དང༌། ཡུམ་གྱི་མཁའ་དག་པའི་ངོ་བོ་པདྨ། ཡབ་ཀྱི་བྱང་སེམས་ཀྱི་ངོ་བོ་ཟླ་བ། སེམས་ཀྱི་རང་བཞིན་འོད་གསལ་བའི་ངོ་བོ་ཧཱུྃ་ཡིག་རྣམས་རིམ་གྱིས་བརྩེགས་པ་བསྒོམས་ནས། མས་ཡར་རིམ་པ་བཞིན་དུ་ཧཱུྃ་གི་བར་དུ་ཐིམ་ཞིང༌། ཧཱུྃ་གིའང་ཞབས་ཀྱུ། ཁོག་པ། མགོ་བོ། ཟླ་ཚེས། ཐིག་ལེ་རྣམས་རིམ་གྱིས་ནཱ་ད་ལ་ཐིམ་ནས། ནཱ་ད་དམར་སྐྱ། ཤིན་ཏུ་ཕྲ་ཞིང་ལྗིད་པ། དཔའ་བོ་ཉི་ཤུ་རྩ་བཞིས་སྔགས་ཀྱི་སྒྲ་སྒྲོགས་བཞིན་པ། འཁྱོག་ཅིང་མྱུར་དུ་འབབས་པ་ནི་སྒྲ་ཡིན་ལ། དེས་ཉི་མའི་དཀྱིལ་འཁོར་ཕུག་ནས། ཧཱུྃ་གི་ཡི་གེའི་ཚུལ་ལ་ཐིམ་ནས། ཐམས་ཅད་གཅིག་ཏུ་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཅིག་ཆར་དུ་གྱུར་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་རིམ་གྱིས་གསལ་གདབ་པར་བྱ་སྟེ། རི་རབ་ཀྱི་སྟེང༌། སྲུང་བའི་འཁོར་ལོའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ནང་ནས་ནག་པོ། དཀར་པོ། སེར་པོ། དམར་པོ། ལྗང་གུའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོའི་ཁ་ཁྱེར་དང༌། དེའི་སྟེང་དུ་མདའ་ཡབ་ལས་ཟླ་བ་རླུང་གིས་བསྐྱོད་པ་དང༌། དྲིལ་བུ་གཡེར་ཁ་དང་བཅས་པའི་དྲྭ་བ་དང༌། དྲྭ་བ་ཕྱེད་པ་འཕྱང་བ། མདའ་ཡབ་ཀྱི་སྟེང་དུ་རིན་པོ་ཆེའི་དྲྭ་བ་སེང་མའི་པུ་ཤུས་བསྐོར་བ། ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོའི་སྟེང་དུ། ཕྱོགས་རེ་རེར་རབ་ཏུ་མཛེས་ཤིང་ཡིད་དུ་འོང་བའི་ལྷ་མོ་བཞི་བཞིས་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ནས་མཆོད་པ་བྱེད་པ། བྲིས་པ་ལྟར་གློ་འབུར་དུ་གྱུར་པའི་སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་དང་ལྡན་པ། གཞན་ཡང་རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། རིན་པོ་ཆེ་དང༌། མེ་ཏོག་གི་ཕྲེང་བ་དང༌། གོས་དང༌། འཕན་ལ་སོགས་པའི་རྒྱན་རྣམས་ཀྱིས་མཛེས་པར་བྱས་པའོ། །ནང་གི་ལྷ་སྣམ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར་བའི་དབུས་ན་འཁོར་ལོ་རིམ་པ་བཞི་མཆོད་རྟེན་རིམ་པ་བཞི་པའི་ཚུལ་དུ་གནས་པའོ། །གཞལ་ཡས་ཁང་གི་ཕྱི་རོལ་དུ་ཤར་ཕྱོགས་སུ་གཏུམ་དྲག བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་སུ་རུང་བ། ཤར་ལྷོར་ནགས་ཚལ་ཕུན་སུམ་ཚོགས་པ། ལྷོ་ནུབ་ཏུ་མུན་པ་མི་བཟད་པ། ནུབ་བྱང་དུ་ཀི་ལི་ཀི་ལའི་སྒྲ་སྒྲོགས་པ། བྱང་ཤར་དུ་ཧ་ཧ་དགོད་པའི་དུར་ཁྲོད་རྣམས་སུ། རིམ་པ་དེ་ཉིད་ཀྱིས། བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་དབྱུག་ཐོ་འཛིན་པ། ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ། སྦྲུལ་ཞགས་འཛིན་པ། གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ། བེ་ཅོན་འཛིན་པ། མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། ཕྱག་བཞི་པ་གཡས་པ་གཉིས་ཀྱིས་མཆོག་སྦྱིན་དང་དབྱུ་གུ་གསུམ་པ། གཡོན་པ་གཉིས་ཀྱིས་བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་འཛིན་པ། སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པ། རལ་གྲི་དང་ཐོད་པ་འཛིན་པ། རླུང་ལྷ་ལྗང་གུ་ཤ་བ་ལ་ཞོན་པ། བ་དན་འཛིན་པ། དབང་ལྡན་དཀར་པོ་གླང་ལ་ཞོན་པ། རྡོ་རྗེ་རྩེ་གསུམ་འཛིན་པ། ཐམས་ཅད་ཀྱང་རྒྱན་གྱིས་བརྒྱན་ཞིང༌། རང་དང་འདྲ་བའི་རིག་མས་གཡོན་གྱི་ཕྱོགས་ནས་བརྟེན་པ། སྤྱི་བོས་བཅོམ་ལྡན་འདས་ལ་འདུད་པའོ། །དེ་བཞིན་དུ། ཤི་རི་ཤ། ཨ་ཤྭཏྠཱ། ཨྃ་ཀ་ལ། ཙུ་ཏ། ཀ་རཉྫ། ལ་ཏ་པ་ར་ཀ་ཏི། པརྟི་པ་རྟ། བྷ་ཊ་སྟེ། ཤིང་ཆེན་པོ་བརྒྱད། དེ་རྣམས་ལ་བརྟེན་པའི་སྒོ་མཚམས་མ་བརྒྱད་ཀྱི་གཟུགས་འཛིན་པའི་དྲག་གཏུམ་སྐྱོང་བ་ལ་སོགས་པའི་ཞིང་སྐྱོང་བརྒྱད་དང༌། ནོར་རྒྱས། འཇོག་པོ། སྟོབས་ཀྱི་རྒྱུ། པདྨ། ཧུ་ལུནྟ། རིགས་ལྡན། དུང་སྐྱོང༌། པདྨ་ཆེན་པོ་སྟེ། ཀླུ་ཆེན་པོ་བརྒྱད་དང༌། སྒྲ་གྲགས་པ། རྨུགས་པ། མུན་པ་ཅན། ཀུན་ཏུ་འཁྱིལ་བ། གང་བ། འབབས་པ། དྲག་པོ། འཁྲིགས་པ་སྟེ། སྤྲིན་ཆེན་པོ་བརྒྱད་དང༌། གཞན་ཡང༌། ཆུ་ཆེན་པོ་བརྒྱད། མེ་ཆེན་པོ་བརྒྱད། མཆོད་རྟེན་བརྒྱད་གནས་ཤིང༌། སྤྲུལ་པ་དང༌། རང་རྒྱུད་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། གྲུབ་པ་དང༌། རིག་པ་འཛིན་པ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། འདྲེ་དང༌། སྲིན་པོ་དང༌། གནོད་སྦྱིན་དང༌། ཤ་ཟ་དང༌། འབྱུང་པོ་དང༌། ཅི་སྤྱང་ལ་སོགས་པས་ཡོངས་སུ་གང་བའི་དུར་ཁྲོད་ཀྱིས་བསྐོར་བའོ། །གཞལ་ཡས་ཁང་དུ་འཁོར་ལོའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་ཉིད་འཁོར་ལོ་བདེ་མཆོག འབྱུང་བ་བཞི་དག་ཅིང༌། ཚད་མེད་པ་བཞི་དང༌། རྣམ་པར་ཐར་པ་བཞི་དང༌། ཕྲིན་ལས་བཞི་ལས་གྲུབ་པའི་ཞལ་བཞི་པ། རྩ་བའི་ཞལ་སྔོ་བ། གཡོན་ལྗང༌། རྒྱབ་དམར། གཡས་སེར་བ། ཆོས་ཀྱི་དབྱིངས་ལས་མི་འགྱུར་བས་སྐུ་མདོག་སྔོན་པོ་ཁམས་གསུམ་ལ་གཟིགས་ཤིང་དུས་གསུམ་གྱི་དངོས་པོ་མཁྱེན་པས་ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་པ། རྟེན་ཅིང་འབྲེལ་པ་བཅུ་གཉིས་ལུགས་འབྱུང་དང༌། ལུགས་ལས་བཟློག་པ་ཐུགས་སུ་ཆུད་ཅིང༌། འཕོ་བ་བཅུ་གཉིས་རྣམ་པར་དག་པས་ཕྱག་བཅུ་གཉིས་པ། བྱང་ཆུབ་ཀྱི་སེམས་སྟོང་པ་དང་སྙིང་རྗེ་མཚོན་པས་རྡོ་རྗེ་དྲིལ་བུ་འཛིན་པའི་ཕྱག་དང་པོ་གཉིས་ཐབས་དང་ཤེས་རབ་ཟུང་དུ་འཇུག་པས་ཡུམ་ལ་འཁྱུད་པ། རྨོངས་པའི་གླང་པོ་དྲལ་བས་དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་གོས་སུ་གྱོན་པ། མཆོག་ཏུ་དགའ་བའི་སྒྲ་སྒྲོགས་པས་གསུམ་པ་ན་ཌཱ་མ་རུ། སྐྱེ་བའི་ཤིང་རྩ་བ་ནས་གཅོད་པས་བཞི་པ་ན་དགྲ་སྟྭ། ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་གཅོད་པས་ལྔ་པ་ནི་གྲི་གུག སྲིད་པ་གསུམ་གྱི་ཉེས་པ་འཇོམས་པས་དྲུག་པས་མདུང་རྩེ་གསུམ་པའོ། །བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་ལྡན་པས་གཡོན་གྱི་གསུམ་པས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་བཅད་པས་བཞི་པས་ཁྲག་གིས་གང་བའི་ཐོད་པ། ཡང་དག་པའི་ཡེ་ཤེས་སེམས་ཅན་གྱི་རྒྱུད་ལ་འཆིང་བས་ལྔ་པས་རྡོ་རྗེ་ཞགས་པ། གཏི་མུག་སྤངས་པས་དྲུག་པས་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་ཁམས་ལ་བཞུགས་པའི་ཕྱིར་ཞབས་གཡས་པ་བརྐྱང་པས་མྱ་ངན་ལས་འདས་པའི་མཐའ་དུས་མཚན་མ་དམར་མོ་ཤིན་ཏུ་རིད་པ་གྲི་གུག་དང་ཐོད་པ་འཛིན་པ་གན་རྐྱལ་དུ་མནན་པ། ཤེས་རབ་ཆེན་པོའི་གང་ཟག་དང་ཆོས་སུ་མི་འཛིན་པས། ཞབས་གཡོན་པ་བསྐུམ་པས་འཁོར་བའི་མཐའ་འཇིགས་བྱེད་ནག་པོ་ལག་པ་བཞི་པ། གཡས་པས་ཌཱ་མ་རུ་དང་གྲི་གུག གཡོན་པས་ཁ་ཊྭཱཾ་ག་དང༌། ཐོད་པ་འཛིན་པ། ཁ་སྦུབ་ཏུ་མནན་པ། ཚོགས་ཡོངས་སུ་རྫོགས་པས་རལ་པའི་ཐོར་གཙུག་སྤྱི་བོར་བཅིངས་པའི་རྩེར། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྩོལ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བརྒྱན་པ། བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བས་གཡོན་ན་ཚེས་གཅིག་གི་ཟླ་བ་དང༌། ཕྲིན་ལས་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པས། མཚོག་མའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ། ཡེ་ཤེས་ལྔའི་ཡོན་ཏན་རྒྱས་པས་དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པས་མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། བདུད་དང་ལོག་པར་ལྟ་བ་འཇོམས་པས་ཞལ་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། རྣ་རྒྱན་བཟོད་པ། མགུལ་རྒྱན་སྦྱིན་པ། གདུ་བུ་ཚུལ་ཁྲིམས། སྐ་རགས་བརྩོན་འགྲུས། སྤྱི་བོར་རུས་པའི་འཁོར་ལོ་བསམ་གཏན། ཐལ་ཆེན་གྱི་རྒྱ་དང་མཆོད་ཕྱིར་ཐོགས་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། བདུད་འཇོམས་པ་ལ་དཔའ་ཞིང༌། གཟུང་འཛིན་སྤངས་པས་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱས་ཤིང་ཉོན་མོངས་པས་གཟིར་བའི་གདུལ་བྱ་རྣམས་རྗེས་སུ་འཛིན་པ་ལ་མཁས་པས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་པ་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ། སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་པས་སྐུ་མདོག་དམར་མོ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་མ། བདེན་པ་གཉིས་ཐུགས་སུ་ཆུད་པས་ཕྱག་གཉིས་ཀྱི་གཡོན་པས། བདེ་བ་ཆེན་པོ་ཡོངས་སུ་སྐྱོང་བའི་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཡས་པས་རྟོག་པ་ཐམས་ཅད་གཅོད་པའི་ཡེ་ཤེས་ཀྱི་བདུད་དང་ཉོན་མོངས་པ་ཐམས་ཅད་འཇིགས་པར་བྱེད་པས་རྡོ་རྗེས་མཚན་པའི་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས། ཕྱོགས་ཐམས་ཅད་དུ་སྡིགས་པར་བྱེད་པ། ཀུན་ཏུ་འཛིན་པའི་མདུད་པ་གྲོལ་བས་སྐྲ་གྲོལ་བ། ཉོན་མོངས་པའི་སྒྲིབ་གཡོགས་དང་བྲལ་བས་གཅེར་བུ་སྤྱན་གསུམ་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། ཐབས་དང་མི་འབྲལ་བས་བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྱུད་པའོ། །སྣང་བ་དང༌། ཐབས་དང༌། ལྷག་མཐོང་དང༌། སྙིང་རྗེ་ཆེན་པོའི་ངོ་བོ་ནི་ཡབ་ཡིན་ལ། སྟོང་པ་དང༌། ཤེས་རབ་དང༌། ཞི་གནས་དང༌། བདེ་བ་ཆེན་པོའི་ངོ་བོ་ཡུམ་ཡིན་ཞིང༌། ཟུང་དུ་འཇུག་པའི་ཕྱིར་ཀུན་ཏུ་ཁ་སྦྱོར་ལ། ཡེ་ཤེས་ཆེན་པོའི་མེས་ཕྱི་ནང་གི་གདོན་ཐམས་ཅད་སྲེག་པར་བྱེད་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །པདྨའི་འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མཱ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧཱ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། བཞི་ཀའང་ཞལ་གཅིག་སྤྱན་གསུམ་པ། མཆེ་བ་གཙིགས་པ་ཕྱག་བཞིས་གཡས་ཌཱ་མ་རུ་དང་གྲི་གུག གཡོན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། གཅེར་བུ་སྐྲ་གྲོལ་བ་ཐོད་སྐམ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ་ཞབས་གཡས་བརྐྱང་པས་བཞུགས་པའོ། །མཚམས་བཞིར་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བ་རྣམས་ཀྱི་སྟེང་དུ་བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པ་གནས་པ་སྟེ་བདེ་བ་ཆེན་པོའི་འཁོར་ལོའོ། །གྲི་གུག་གི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་ཅན། རྡོ་རྗེ་ཕྱེད་པའི་ཏོག་གིས་མཛེས་པར་བྱས་པའོ། །དེའི་ཕྱི་རོལ་ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་རྩིབས་བརྒྱད་པའི་ཤར་ཕྱོགས་པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོ། བྱང་ཕྱོགས་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཕྱོགས་ཨཽ་ཌྱན་དུ་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྷོ་ཕྱོགས་ཨརྦུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ལྷོ་གོ་དཱ་ཝ་རཱིར་སུ་རཱ་བཻ་རི་དང་བརྟན་པའི་བློ་ཆེན་མ། ལྷོ་ནུབ་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་བྱང་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། བྱང་ཤར་མཱ་ལ་ཝར་རྡོ་རྗེའི་ལུས་དང་ཤིང་གྲིབ་མ་སྟེ་ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་ནམ་མཁའ་ལ་སྤྱོད་པའི་ཚུལ་གྱིས་བཞུགས་ཤིང༌། ས་བླ་སྦྱོང་བ། རྡོ་རྗེའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་དང་བཅས་པ། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །དེའི་ཕྱི་རོལ་གསུང་གི་འཁོར་ལོ་ཁ་དོག་དམར་པོ་རྩིབས་བརྒྱད་པའི་ཤར་ཕྱོགས་ཀཱ་མ་རཱུ་པར་ཨྃ་གུ་རི་དང་ཨཻ་རཱ་ཝ་ཏཱི། བྱང་ཕྱོགས་ཨོ་ཌིར་རྡོ་རྗེ་རལ་པ་ཅན་དང༌། འཇིགས་བྱེད་ཆེན་མོ། ནུབ་ཕྱོགས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོ་ཕྱོགས་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཤར་ལྷོ་ཀ་ལིངྒར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། ལྷོ་ནུབ་ལྃ་བཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། །ནུབ་བྱང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བྱང་ཤར་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའི་ཚུལ་གྱིས་བཞུགས་ཤིང་ས་སྟེང་སྦྱོང་བ། པདྨའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་དང་བཅས་པ། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །དེའི་ཕྱི་རོལ་སྐུའི་འཁོར་ལོ་ཁ་དོག་དཀར་པོ་རྩིབས་བརྒྱད་པའི་ཤར་ཕྱོགས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་ཕྱོགས་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ། ནུབ་ཕྱོགས་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱི། ལྷོ་ཕྱོགས་སུ་ཝརྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་ལྷོ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་མ་རོར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བྱང་ཤར་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། སྐུའི་འཁོར་ལོ་ཁ་དོག་དཀར་པོ་ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་ཤིང་ས་འོག་སྦྱོང་བ། འཁོར་ལོའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་དང་བཅས་པ། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །དཔའ་བོ་རྣམས་ཞལ་གཅིག་པ། ཕྱག་བཞི་པ། དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པས་ཌཱ་མ་རུ་དང༌། གཡོན་གྱི་གཉིས་པས་ཁ་ཊྭཱཾ་ག་འཛིན་པའོ། །ཡང་ན་གྲུ་མོ་ན་ཁ་ཊྭཱཾ་ག་དང༌། གཡོན་གྱི་གཉིས་པ་ཀ་པཱ་ལ་ཞེས་བླ་མ་འགའ་ཞིག་གསུང་ངོ༌། །རྒྱན་དང་ཆ་ལུགས་དང་བཞུགས་ཚུལ་དཔལ་ཧེ་རུ་ཀ་དང་མཚུངས་པའོ། །རྣལ་འབྱོར་མ་རྣམས། ཞལ་གཅིག ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། རྒྱན་དང་ཆ་ལུགས་དང་བཞུགས་ཚུལ་རྡོ་རྗེ་ཕག་མོ་དང་འདྲ་བ། ཁ་སྦྱོར་ཆེན་པོའི་ཚུལ་གྱིས་བཞུགས་པའོ། །དེའི་ཕྱི་རོལ་དམ་ཚིག་གི་འཁོར་ལོ་ལྷ་སྣམ་གྱི་གཞིའི་ཤར་སྒོར་ཁྭ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་གུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ། གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར། གཡོན་ལྗང༌། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང༌། གཡོན་སྔོ་བ། ཞལ་དང༌། ཕྱག་དང༌། ཕྱག་མཚན་ལ་སོགས་པ་སྙིང་པོའི་རྣལ་འབྱོར་མ་རྣམས་དང་མཚུངས་པའོ། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཁྲོ་ཞལ་འབར་བའི་སྐུ། བདེ་བ་ཆེན་པོས་ཡོངས་སུ་གང་བ། དཔྲལ་བར་རྡོ་རྗེའི་ཕྲེང་བས་བསྐོར་ཞིང༌། སྤྲུལ་པའི་འོད་ཟེར་དུ་མ་འཕྲོ་བ། ཁྱད་པར་སྒོ་མཚམས་མ་རྣམས་ནི་ཡི་དྭགས་ཀྱི་གདན་ལ་བཞུགས་པ། ཤིན་ཏུ་དྲག་མོ་འབར་བའི་གཟུགས་སུ་བསྒོམ་པར་བྱའོ། །ལྷ་སྣམ་གྱི་གྲྭ་རྣམས་སུ་སྨན་དང་བཅུད་སྣ་ཚོགས་དང་བདུད་རྩིས་གང་ཞིང༌། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་གཡོགས་པ། མེ་ཏོག་དང་འབྲས་བུས་སྤུད་པའི་དཔག་བསམ་གྱི་ཤིང་གིས་ཁར་བརྒྱན་པའི་རིན་པོ་ཆེའི་བུམ་པ་བརྒྱད་དང་ལྡན་ཞིང༌། སྣ་ཚོགས་རྡོ་རྗེས་མཚན་པའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབ་དང་བཅས་པ་སྟེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་གསལ་ཞིང་སྒྲིབ་པ་མེད་པ། སྣང་བ་དང་སྟོང་པ་ཟུང་དུ་འཇུག་པའི་བདག་ཉིད་ཅན་དུ་བསྒོམ་པར་བྱའོ། །དེ་ལྟར་རང་གིས་བསྒོམས་པའི་ལྷ་དང༌། རང་བཞིན་གྱིས་གྲུབ་པའི་ལྷ་ལ་ཐ་དད་དང་མཆོག་དམན་དུ་བལྟ་བ་སྤང་བའི་ཕྱིར། བདག་གི་བློ་ལ་སྣང་བའི་ཕོ་ཉ་སྔགས་སྐྱེས་ཀྱི་རྟེན་གྱི་དཀྱིལ་འཁོར་འདི་ཉིད་འཛམ་བུའི་གླིང་ན་བཞུགས་པའི་ཕོ་ཉ་ཞིང་སྐྱེས་སྤྲུལ་པའི་སྐུའི་གནས་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པ་ཡིན་ཞིང༌། དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཕོ་ཉ་ལྷན་སྐྱེས་ཀྱི་གནས་འོག་མིན་གྱི་ཞིང་ཁམས་རྣམ་པར་དག་པ་ཡིན་ལ། དེ་ཉིད་ཆོས་ཀྱི་སྐུ་ལས་གཞན་མ་ཡིན་ནོ། །ཞེས་ཡུལ་ལ་ཡུལ་གྱི་ཞེན་པ་དང༌། བདག་གི་བློ་ལ་སྣང་བའི་བརྟེན་པ་ལྷ་དྲུག་ཅུ་རྩ་གཉིས་པོ་འདི་ཉིད་འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་པའི་སྐུ་རྣམས་ལས་གཞན་མ་ཡིན་ཞིང༌། དེ་ཉིད་འོག་མིན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ལས་གཞན་མ་ཡིན་ལ། དེ་ཉིད་ཆོས་ཀྱི་སྐུ་ལས་གཞན་མ་ཡིན་ནོ༌། །ཞེས་ལྷ་ལ་ལྷའི་ཞེན་པ་བྱའོ། །འདི་ནི་བློ་མཆོག་གི་དབང་དུ་བྱས་པ་ཡིན་ལ། འཁོར་ལོ་རེ་རེ་དང་རྩིབས་རེ་རེ་ནས་བསྲེ་བའང་བློ་དང་མོས་པའི་བྱེ་བྲག་དང་སྦྱར་ནས་བསྒོམ་པར་བྱ་སྟེ། རྩ་བའི་རྒྱུད་ལས། ཕོ་ཉ་རྣམ་གསུམ་ལེགས་བསྲེས་ན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཞེས་གསུངས་པའི་ཉམས་སུ་བླང་བའི་ཚུལ་ཡིན་ནོ། །དེ་ནས་ལྷ་དང་ལམ་ལ་སོམ་ཉི་སྤང་བའི་ཕྱིར། བདག་གི་བློ་ལ་དམིགས་པའི་ལྷ་སུམ་ཅུ་རྩ་བདུན་པོ་འདི་ཉིད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཉིད་ཡིན་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་ལྷ་སུམ་ཅུ་རྩ་བདུན་གྱི་རྣམ་པར་གནས་པའོ། །ཞེས་པ་ནི་བློ་མཆོག་གི་དབང་དུ་བྱས་པ་ཡིན་ལ། བློ་འབྲིང་དང་ཐ་མ་ནི་ལམ་ལ་སོམ་ཉི་སྤང་བའི་ཕྱིར། ལུས་རྗེས་སུ་དྲན་པ་ནི་མཁའ་འགྲོ་མ། ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མཱ། ཆོས་རྗེས་སུ་དྲན་པ་ནི་ཁཎྜ་རོ་ཧཱ། སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཀཾ་ཀཱ་ལ་དང་འོད་ལྡན་མ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། དད་པའི་དབང་པོ་ནི་སུ་རཱ་བཻ་རི་དང་བརྟན་པའི་བློ་ཅན་མ། བརྩོན་འགྲུས་ཀྱི་དབང་པོ་ནི་འོད་དཔག་མེད་དང་མིའུ་ཐུང་མ། དྲན་པའི་དབང་པོ་ནི་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཏིང་ངེ་འཛིན་གྱི་དབང་པོ་ནི་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ། ཤེས་རབ་ཀྱི་དབང་པོ་ནི་ཨཾ་གུ་རི་དང་ཨཻ་རཱ་བ་ཏཱི། དད་པའི་སྟོབས་ནི་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། བརྩོན་འགྲུས་ཀྱི་སྟོབས་ནི་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། དྲན་པའི་སྟོབས་ནི་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཏིང་ངེ་འཛིན་གྱི་སྟོབས་ནི་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། ཤེས་རབ་ཀྱི་སྟོབས་ནི་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་མིག་མི་བཟང་དང་ཁ་གཱ་ན་ན། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་མགྲིན་དང་ཤཽཎྜི་ནཱི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ཡང་དག་པའི་ལྟ་བ་ནི་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ཡང་དག་པའི་རྟོག་པ་ནི་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། ཡང་དག་པའི་ངག་ནི་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ། ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མ། ཡང་དག་པའི་འཚོ་བ་ནི་འུག་གདོང་མ། ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མ། ཡང་དག་པའི་དྲན་པ་ནི་ཕག་གདོང་མ། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི་ཡ་མ་དཱ་དྷཱི། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མ། མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤངས་པ་ནི་གཤིན་རྗེ་མཆེ་བ་མ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །ཞེས་བརྗོད་ཅིང་ལམ་གྱི་ཆོས་རྣམས་ལྷའི་རྣམ་པར་དྲན་པར་བྱའོ། །ལྷ་ལ་སོམ་ཉི་སྤང་ན། མཁའ་འགྲོ་མ་ནི་ལུས་རྗེས་སུ་དྲན་པའོ། །ཞེས་པ་ལ་སོགས་པའི་ཚུལ་གྱིས་བརྗོད་ཅིང་ལྷ་རྣམས་ལམ་གྱི་ངོ་བོར་དྲན་པར་བྱའོ། །སྤྲུལ་པའི་སྐུ་ལམ་དུ་བྱེད་པའི་ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་བསྒོམ་པའོ། །དེ་ལྟར་ཕྱིའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བར་དམིགས་པའི་མཐུ་དང༌། འོག་རླུང་དང་ལྟག་པའི་རླུང་གཡོས་པས་སྤྱི་གཙུག་ཧྃ་གི་སྒྲ་དང༌། ལྟེ་བའི་ཨྃ་ཚུལ་རྩ་དབུ་མའི་ལམ་ནས་སྙིང་གར་འདྲེས་པས་རྐྱེན་བྱས་ནས་ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཅིག་ཆར་གྱུར་ནས་རིམ་གྱིས་གསལ་གདབ་པར་བྱ་སྟེ། སྤྱི་བོར་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་ལོགས་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར་དང་བླ་རེ། བ་སྤུ་མདའི་དྲྭ་བ། སྐྲ་སེན་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོ་དང༌། རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། ལུས་འདོམ་གང་གྲུ་བཞི། གཞལ་ཡས་ཁང་གྲུ་བཞི། སྙིང་ག་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་སྒོ་བཞི། མིག་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན། རྐང་རྣམས་ཀ་བའི་ཚོགས་ཏེ་རྟེན་གྱི་དཀྱིལ་འཁོར་དང༌། སྙིང་གའི་ནང་གི་ཧཱུྃ་ཉིད་དཔལ་ཧེ་རུ་ཀ་ཡུམ་དང་བཅས་པ་སྔར་བཤད་པ་བཞིན་གསལ་གདབ་བོ། །དེའི་ཕྱག་བཅུ་གཉིས་ཀྱི་གཡས་ཀྱི་དང་པོར་མྃ་མཁའ་འགྲོ་མ། གཉིས་པར་ལྃ་ལཱ་མཱ། གཡོན་གྱི་དང་པོར་པྃ་ཁཎྜ་རོ་ཧཱ། གཉིས་པར་ཏཱྃ་གཟུགས་ཅན་མ། ཕྱག་ལྷག་མ་བརྒྱད་ལ་ཧཱུྃ་རིང་པོ་བརྒྱད་ཀྱི་གཡས་ཀྱི་བཞི། ཁྭ་གདོང༌། འུག་གདོང༌། ཁྱི་གདོང༌། ཕག་གདོང་མ་དང༌། གཡོན་གྱི་བཞི། གཤིན་རྗེ་བརྟན་མ། ཕོ་ཉ་མ། མཆེ་བ་མ། འཇོམས་མ་རྣམས་དང༌། སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞིར། པུ། ཛཱ། ཨོ། ཨ། གོ རཱ། དེ། མཱ། ཀཱ། ཨོ། ཏྲི། ཀོ ཀ ལ། ཀཱ། ཧི། པྲེ། གྲྀ། སཽ། སུ། ནཱ། སི། མ། ཀུ། ཁམས་དང་བཅས་པ་རྣམས་དཔའ་བོ་དང་དཔའ་མོ་རྣམས་སུ་གྱུར་པ་ནི། སྤྱི་བོ་པུལླཱི་ར་མཱ་ལ་ཡ་ར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ། སྤྱི་གཙུག་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་ཨོ་ཌི་ཡ་ནར་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྟག་པ་ཨརྦུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས། རྣ་བ་གཡོན་པ་གོ་དཱ་ཝ་རཱིར་སུ་ར་ཝེ་རི་དང་བརྟན་པའི་བློ་ཅན་མ། སྨིན་མའི་དབུས་རཱ་མེ་ཤྭ་རཱིར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལཾ་ཀའི་དབང་ཕྱུག་མ། ཕྲག་པ་གཉིས་མཱ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས། ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་ནམ་མཁའ་ལ་སྤྱོད་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཨཾ་གུ་རི་དང་ཨཻ་ར་བ་ཏཱི། ནུ་མ་གཉིས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང༌། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེར་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང༌། ཁ་ཀ་ལིངྒར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། མགྲིན་པ་ལམྦཱ་ཀར། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ། སྙིང་ག་ཀཱཉྩིར། འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམ་པར་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་ཉེ་བའི་ཚནྡོ་རྣམས། གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང༌། ཁཎྜ་རོ་ཧཱ་ཏེ་འདུ་བ། བརླ་གཉིས་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱི། བྱིན་པ་གཉིས་སུ་ཝརྣ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བ། སོར་མོ་བཅུ་དྲུག་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིན་དྷུར། པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད། མཐེ་བོང་བཞི་མ་རོར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། ཉེ་བའི་དུར་ཁྲོད་རྣམས་སྐུའི་འཁོར་ལོ་ཁ་དོག་དཀར་པོ་ས་འོག་ན་སྤྱོད་པའོ། །ལྷ་རྣམས་ཀྱི་ཚུལ་ནི་གོང་དུ་བཤད་པ་བཞིན་ནོ། །དེ་ལྟར་ཕྱི་དང་ནང་གི་ལྷ་རྣམས་ཐམས་ཅད་གསལ་བར་དམིགས་ནས། ཨོཾ་ཞེས་བརྗོད་པས་བདག་གིས་བསྒོམས་པའི་ཕྱི་ནང་གི་སྐུའི་འཁོར་ལོ་གཉིས་དང་སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྐུའི་འཁོར་ལོ་བཞི་དང༌། དེ་བཞིན་དུ་ཨཱཿཞེས་བརྗོད་པས་གསུང་གི་འཁོར་ལོ་བཞི་དང༌། ཧཱུྃ་ཞེས་བརྗོད་པས་ཐུགས་ཀྱི་འཁོར་ལོ་བཞི་དང༌། སརྦ་བཱི་ར་ཡོ་གི་ནཱི་ཞེས་བརྗོད་པས་དཔའ་བོ་ཉི་ཤུ་རྩ་ལྔ་དང༌། རྣལ་འབྱོར་མ་སུམ་ཅུ་སོ་བདུན་དྲན་པར་བྱ། ཀཱ་ཡ་ཞེས་བརྗོད་པས་ཐམས་ཅད་ཀྱི་སྐུ་དང༌། ཝཱ་ཀས་གསུང་དང༌། ཙིཏྟས་ཐུགས་རྣམས་དབྱེར་མི་ཕྱེད་པར་བསམས་ནས། ཨོཾ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ། ཞེས་བརྗོད་པས། ཐམས་ཅད་ཀྱི་ངོ་བོ་རྡོ་རྗེའི་རང་བཞིན་བདག་ཡིན་སྙམ་དུ་བསྒོམས་ནས། ཨོཾ་བཛྲ་ཤུདྡྷཱཿསརྦ་དྷརྨྨཱ་བཛྲ་ཤུདྡྷོ྅་ཧྃ་ཞེས་བརྗོད་པས་ཐམས་ཅད་སྟོང་པ་ཉིད་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག་པའི་ངོ་བོ་བདག་ཉིད་ཡིན་སྙམ་དུ་བསྒོམས་ནས་ཨོཾ་བཛྲ་ལན་གསུམ་དུ་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་བྱེད་པ་ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་བརླབས་པ་དང་བཅས་པ་སྟེ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ཡན་ལག་དང་པོའོ། །རྗེ་བཙུན་ན་རོ་ཏ་པའི་དགོངས་པས་དམ་ཚིག་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམ་ནས་མི་འབྲལ་བར་བྱ་བའི་ཕྱིར་གོ་ཆའི་ལྷ་རྣམས་གསལ་གདབ་པར་བྱའོ་ཞེས་གསུངས་ལ། རྒྱུད་ལས། དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྔགས་དང་ཕྱག་རྒྱའི་སྦྱོར་ཤེས་ནས། །དམ་ཚིག་འཁོར་ལོ་ལ་མྱུར་གཞུག །ཅེས་འབྱུང་ཞིང༌། སློབ་དཔོན་ལོ་ཧི་པའི་གཞུང་ལས། དེ་ལྟར་བཤད་པས་ཐོག་མར་གོ་ཆ་རྣམས་དགོད་པར་བྱ་སྟེ། དེ་ཡང་གནས་རྣམས་སུ་ཟླ་བའི་གདན་ལ་སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་དཀར་པོ། མགོ་བོར་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་དམར་པོ། ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ཧེ་རུ་ཀ་ནག་པོ། མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་རྡོ་རྗེ་ཉི་མ་སེར་པོ། ཡན་ལག་ཐམས་ཅད་ལ་ཕཊ་ཧྃ་རྟ་མཆོག་ལྗང་གུ་སྟེ་དཔའ་བོའི་གོ་ཆ་དང༌། ལྟེ་བར་ཨོཾ་བྃ་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཧྃ་ཡོཾ་གཤིན་རྗེ་མ་སྔོན་མོ། ཁར་ཧྲེཾ་མྃ་རྨོངས་བྱེད་མ་དཀར་མོ། མགོ་ལ་ཧྲེཾ་ཧྲིཾ་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ། ཡན་ལག་རྣམས་ལ་ཕཊ་ཕཊ་ཙཎྜི་ཀ་དུད་ཁ་སྟེ་དཔའ་མོའི་གོ་ཆ་བཀོད་ལ། ཡབ་ཀྱི་གནས་སུ་ཡུམ་དང༌། ཡུམ་གྱི་གནས་སུ་ཡབ་གཉིས་སུ་མེད་པར་བསམ་སྟེ། ཡི་གེའི་རྣམ་པ་ཉིད་ལྷའི་ངོ་བོར་བསྒོམ་པ་ནི་གོ་ཆ་དགོད་པ་སྟེ། ཡན་ལག་གཉིས་པའོ། །དེ་ནས་འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱིངས་སུ་བསྐོར་ཞིང་ཕཻཾ། ཞེས་བརྗོད་པས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་དུ་སྤྱན་དྲངས་པ་ལ་སྔ་མ་ལྟར་མཆོད་ནས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་རང་ལ་བསྟིམས་ནས། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷརྨྨཱ་ཡོ་ག་ཤུདྡྷཱོ྅ཧྃ། ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་སྟེ་ཡན་ལག་གསུམ་པའོ། །ཡང་དབང་གི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཁྲོ་བོ་དང༌། ཁྲོ་མོ་དང༌། མཆོད་པའི་ལྷ་མོའི་ཚོགས་དཔག་ཏུ་མེད་པ་དང་བཅས་པ་ལ་སྔར་བཞིན་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་ནས་བཀྲ་ཤིས་ཀྱི་གླུ་དང༌། བགེགས་བསྐྲད་པ་དང༌། མཆོད་པ་མཛད་པས་ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་སྤྱི་བོར་ལུད་པ་རིགས་ཀྱི་བདག་པོར་གྱུར་པ་ནི། བདེ་བ་ཆེན་པོའི་ལྷ་ལྔ་དང༌། དམ་ཚིག་གི་ལྷ་རྣམས་ལ་རྡོ་རྗེ་སེམས་དཔའ། ཐུགས་ཀྱི་འཁོར་ལོ་ལ་མི་བསྐྱོད་པ། གསུང་གི་འཁོར་ལོ་ལ་འོད་དཔག་མེད། སྐུའི་འཁོར་ལོ་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་པ་ནི་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་པ་སྟེ་ཡན་ལག་བཞི་པའོ། །རྒྱས་པར་བསྒོམ་པའི་ཚུལ་ལོ། །སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་དགའ་བ་གསུམ་སྔོན་དུ་སོང་ནས། སྲུང་བའི་འཁོར་ལོ་རྫོགས་པར་བསྒོམས་ལ། སྤྱི་བོར་བླ་མའི་ཆག་གཉིས་བསམ། བླ་མ་དངོས་དཀོན་མཆོག་གསུམ་གྱི་རང་བཞིན་དུ་བསྒོམས་པ་ལ་མོས་གུས་དྲག་པོ་བྱས་པས། ལུས་ལ་ཐིམ་པའི་རྐྱེན་གྱིས་ནང་གི་སྒྲ་ཚུལ་འདྲེས་པས། ལུས་ཀྱི་དཀྱིལ་འཁོར་གསལ་བར་བྱས་པ་མན་ཆད་སྔ་མ་ལྟར་བསྒོམ་པ་ནི་འབྲིང་གི་ཚུལ་ལོ། །སྔོན་དུ་སྲུང་བའི་འཁོར་ལོ་ཡང་མི་བསྒོམ་ལ། ནང་གི་དཀྱིལ་འཁོར་བསྒོམ་པ་འབའ་ཞིག་ལམ་དུ་བྱེད་པའི་ཕྱིར། གོ་ཆ་བཅིངས་པ་མན་ཆད་ཀྱང་མི་བྱེད་པར་སྔ་མའི་ཚུལ་གྱིས་ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ནས། སྔགས་ཀྱི་བྱིན་གྱིས་བརླབས་ལ། དེ་ཉིད་ལ་ཡིད་མཉམ་པར་འཇོག་པ་ནི་བསྡུ་བའི་ཚུལ་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པའོ། །དེ་ལ་སྔགས་དང༌། ཕྱི་དང༌། བདུད་རྩི་དང༌། མཉེས་པ་དང༌། ཡིད་ལས་བྱུང་བས་མཆོད་ནས། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་ལ། དཀྱིལ་འཁོར་གྱི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་དེ་སེམས་མཉམ་པར་གཞག་གོ །དེ་ནས་ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཞི་བ་ལ་དཀར་པོའི་ཕྲེང་དུ་གཅིག་གི་རྟིང་ལ་གཅིག་མདའི་ཤུགས་ཀྱི་རབ་ཏུ་འགྲོ་བ་དང༌། རྒྱས་པ་ལ་སེར་པོ་གཟི་བརྗིད་འབར་བ་སྒྲོའི་ཆུན་པོ་ལྟར་འགྲོ་བ་དང༌། དབང་ལ་དམར་པོ་མཐུད་པ་ལྕགས་སྒྲོག་ལྟ་བུ་དང༌། དྲག་པོ་ལ་ནག་པོ་མྱུར་དུ་འགྲོ་བ་སྲད་བུ་ལྟ་བུ་དང༌། མཆོག་ལ་ལྷའི་མདོག་ལྟ་བུའི་ཕྲེང་བ་ཡབ་ཀྱི་ཞལ་ནས། ཡུམ་གྱི་ཞལ་ཐུགས་ཀའི་ས་བོན་བྷ་ག་རྡོ་རྗེ་ཐུགས་ཀའི་ས་བོན་རྣམས་སུ་འཁོར་བ་ལ་དམིགས་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རྃ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ལ་སོགས་པ་བཟླའོ། །གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ལ་ཁྲི་ཕྲག་གསུམ་དང༌། རྣལ་འབྱོར་མ་བཅུ་གཉིས་ལ་ལྔ་སྟོང་དང༌། ལྔ་བརྒྱ་པ་རེ་རེ་དང༌། འཁོར་ལོ་གསུམ་གྱི་ལྷ་རྣམས་ལ་ཁྲི་ཕྲག་གཉིས་གཉིས་བཟླས་པས་དཀྱིལ་འཁོར་གྱི་ལས་ལ་སོགས་པ་བྱང་རུང་ངོ༌། །སྔགས་ཀྱི་བཟླས་པས་བསྐུལ་བ་སྟེ་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་བསྒོམ་པར་འདོད་པས་རང་གི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་རྡོ་རྗེ་སྙེམས་མ་དང་གཉིས་སུ་མེད་པའི་ཐུགས་ཀར་ཧཱུྃ་བསམ་པ་ལས་འོད་འཕྲོས་པས་གཙོ་བོ་ནས་རིམ་པས། དཀྱིལ་འཁོར་དང་སྣོད་བཅུད་ཐམས་ཅད་གསལ་བཏབ་ལ་དམིགས་པ་གཏད་པས་ཐམས་ཅད་གཡོ་བར་བསྒོམ་པ་ནི། རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་གཡོ་བ་ལྟ་བུའོ། །དེ་ནས་འོད་ཟེར་ཚུར་བསྡུས་པའི་དབང་གིས་ཐམས་ཅད་རིམ་གྱིས་ཕྱིའི་ཧེ་རུ་ཀ་ལ་ཐིམ་པ་ནི་ལྕི་བས་དངུལ་ཆུ་སྡུད་པ་ལྟ་བུའོ། །དེའང་ཡུམ་ཡབ་དང༌། ཡབ་ཞལ་གཅིག་ཕྱག་གཉིས་པར་བསྡུ་པ་ནི། རུས་སྦལ་ཡན་ལག་འཁུམས་པ་ལྟ་བུའོ། །དེ་ནས་ཕྱིའི་ཧེ་རུ་ཀའང་ལྟེ་བའི་རྡོ་རྗེ་སེམས་དཔའ་དང༌། དེའི་ཡུམ་ཡབ་དང༌། ཡབ་ཀྱང་ཐུགས་ཀའི་ཧཱུྃ་དང༌། དེའང་རིམ་གྱིས་ཐིག་ལེ་ལ་ཐིམ་པ་ནི་སྐར་མདའ་གཅིག་ལ་གཅིག་ཐིམ་པ་ལྟ་བུའོ། །དེའང་ཇེ་ཕྲར་གྱུར་ནས། མཐར་ཡལ་བར་བསྒོམ་པ་ནི་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ་སྟེ། རྩ་བའི་དཔེ་ལྔས་མཚོན་པའོ། །མ་བསྡུས་པའི་གནས་སྐབས་ཀྱི་སྣང་བ་རྣམས་ཆ་ལུགས་དང༌། འོད་ཟེར་དང་རྦ་རླབས་ལྟ་བུ་ཡིན་ལ། རང་བཞིན་གྱི་གར་མཁན་དང༌། ཉི་མ་དང༌། རྒྱ་མཚོ་ལྟ་བུ་ཡིན་ཞིང༌། ཐིམ་ནས་མི་དམིགས་པར་གྱུར་བ་ནི། ཆུ་བུར་ཆུ་ལ་ཐིམ་པའམ། ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟ་བུ་སྟེ། ཡན་ལག་གི་དཔེ་དུ་མས་མཚོན་པར་བྱའོ། །དེ་ལྟར་མི་རྟོག་པའི་ངང་ལ་མཉམ་པར་གཞག་པ་ནི་རྡོ་རྗེ་སེམས་དཔའ་བསྡུ་བའོ། །ཡང་རང་གི་ལྟེ་བར་པདྨ་འདབ་མ་བཞི་པའི་ཤར་ནས་གཡོན་སྐོར་གྱིས། ས་རླུང༌། ཆུ་རླུང༌། མེ་རླུང༌། རླུང་གི་རླུང་གི་རང་བཞིན། ལ་སེར་པོ། ཝ་དཀར་པོ། ར་དམར་པོ། ཡ་ལྗང་གུ། དབུས་སུ་ནམ་མཁའི་རླུང་གི་རང་བཞིན་ཐིག་ལེ་སྔོན་པོ་རྣམས་དམིགས་ནས། དབུགས་ཕྱིར་རྒྱུ་བའི་ཚེ་ལ་ལས་འོད་ཟེར་སྐུད་པ་འབྲིང་པོའི་ཚད་ཙམ་སྣ་བུག་གཡོན་ནས། མདུན་དུ་ཐད་ཀར་སོར་བཅུ་དྲུག་གི་བར་དུ་བྱུང་ཞིང༌། ནང་དུ་འཇུག་པའི་ཚེ། ལ་ཉིད་ལ་སླར་ཐིམ་པར་བསམས་ནས་རླུང་ཁ་སྦྱར་བྱའོ། །དེ་ལྟར་རྟག་ཏུ་བསྒོམས་པས། དུ་བའི་རྟགས་མཐོང་བའི་ཚེ། ལ་ཝ་ལ་བསྟིམས་ནས། དེ་ལས་འོད་ཟེར་དཀར་པོ་ལྡང་འཇུག་དང༌། རླུང་གི་རྣལ་འབྱོར་སྔ་མ་ལྟར་བསྒོམས་པས་སྨིག་རྒྱུའི་རྟགས་མཐོང་བའི་ཚེ། ཝ་ར་ལ་བསྟིམས་ནས། དེ་ནས་འོད་ཟེར་དམར་པོའི་ལྡང་འཇུག་དང༌། རླུང་གི་རྣལ་འབྱོར་སྔ་མ་ལྟར་བསྒོམས་པས་མེ་ཁྱེར་གྱི་རྟགས་མཐོང་བའི་ཚེ། ར་ཡ་ལ་བསྟིམས་ནས། དེ་ལས་འོད་ཟེར་ལྗང་གུའི་ལྡང་འཇུག་དང༌། རླུང་གི་རྣལ་འབྱོར་སྔ་མ་ལྟར་བསྒོམས་པས། མར་མེ་འབར་བའི་རྟགས་མཐོང་བའི་ཚེ། ཡ་ཡང་དབུས་ཀྱི་ཐིག་ལེ་ལ་བསྟིམས་ནས་དེ་ལ་འོད་ཟེར་ལྡང་འཇུག་གི་དམིགས་པ་མི་བསྒོམ་པར་ཐིག་ལེ་ཉིད་ལ་ཡིད་གཏད་དེ་རླུང་ཁ་སྦྱོར་བསྒོམས་པས། ནམ་མཁའ་སྤྲིན་མེད་པ་ལྟ་བུའི་རྟགས་འབྱུང་ལ། དེའི་མཐར་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཡི་གེ་བསྡུ་བའོ། ཡི་གེ་དེ་དག་གི་དོང་དུ་ཐིག་ལེ་དམིགས་ནས་སྔ་མ་ལྟར་བསྒོམ་པ་ནི། ཐིག་ལེ་བསྡུ་བའོ། །རྡོ་རྗེ་སེམས་དཔའ་བསྡུ་བ་ནི་བསྐྱེད་རིམ་གྱི་མཐར་ཅི་ནས་ཀྱང་བསྒོམས་ལ། འོག་མ་གཉིས་པོ་ནི་ཇི་ལྟར་མོས་པ་བཞིན་བསྒོམ་ཞེས་གསུངས་སོ། །རྫོགས་པའི་རིམ་པ་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་རོ། །དེ་ནས་སྟོང་པ་ཉིད་ཀྱི་ངང་ལས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་དུ་དམིགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་ནང་དང་ཕྱིའི་དཀྱིལ་འཁོར་དང༌། སྣོད་བཅུད་ཐམས་ཅད་གསལ་བར་དམིགས་ནས། སེན་མོ་དང་སོ་ནི་ཁཎྜ་ཀ་པཱ་ལི། སྐྲ་དང་བ་སྤུ་ནི་མ་ཧཱ་ཀྃ་ཀཱ་ལ། པགས་པ་དང་དྲི་མ་ནི་ཀྃ་ཀཱ་ལ། ཤ་ནི་མཆེ་བ་རྣམ་པར་གཙིགས་པ། རྩ་རྒྱུས་ནི་སུ་རཱ་བཻ་རི། རུས་པ་ནི་འོད་དཔག་ཏུ་མེད་པ། མཁལ་མ་ནི་རྡོ་རྗེའི་འོད། སྙིང་ནི་རྡོ་རྗེའི་སྐུ། མིག་ནི་ཨྃ་ཀུ་རི། མཁྲིས་པ་ནི་རྡོ་རྗེ་རལ་པ་ཅན། གློ་བ་ནི་དཔའ་བོ་ཆེན་པོ། རྒྱུ་མ་ནི་རྡོ་རྗེ་ཧཱུྃ་མཛད། གཉེ་མ་ནི་རབ་ཏུ་བཟང་པོ། ལྟོ་བ་ནི་རྡོ་རྗེ་བཟང་པོ། ལྒང་པ་ནི་འཇིགས་བྱེད་ཆེན་པོ། འདོམ་བར་ནི་མིག་མི་བཟང༌། བད་ཀན་ནི་སྟོབས་པོ་ཆེ། རྣག་ནི་རིན་ཆེན་རྡོ་རྗེ། ཁྲག་ནི་རྟ་མགྲིན། རྡུལ་ནི་ནམ་མཁའི་སྙིང་པོ། ཚིལ་ནི་རྡོ་རྗེ་ཧེ་རུ་ཀ མཆི་མ་ནི་པདྨ་གར་གྱི་དབང་ཕྱུག མཆིལ་མ་ནི་རྣམ་པར་སྣང་མཛད། སྣབས་ནི་རྡོ་རྗེ་སེམས་དཔའོ། །ཞེས་པ་དང༌། སོ་དང་སེན་མོ་ལ་ཨོཾ་ཀ་ར་ཀ་ར་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ལ་སོགས་པའི་ཁམས་རྣམས་དཔའ་བོ་དང༌། དེ་དག་གི་རྟེན་རྩ་རྣམས་རྣལ་འབྱོར་མ་ཉི་ཤུ་རྩ་བཞིར་དྲན་པར་བྱའོ། །ཡབ་ཀྱི་རྩ་སྔགས་ཀྱི་རུས་པའི་རྒྱན་དྲུག་རིགས་དྲུག་གི་ངོ་བོ་དཔལ་ཧེ་རུ་ཀ་དང༌། ཨོཾ་ཧ་ལ་སོགས་པས་འཁོར་ལོ་ལ་སོགས་པའི་རྒྱན་དྲུག དཔའ་བོ་དྲུག་དང༌། ཡུམ་གྱི་རྩ་སྔགས་ཀྱི་མགྲིན་པའི་ཕྲེང་བ་རྡོ་རྗེ་ཕག་མོ་དང༌། ཡབ་ཀྱི་སྙིང་པོའི་མི་མགོའི་དོ་ཤལ་དང༌། ཉེ་སྙིང་གིས་རྣ་རྒྱན་དང༌། ཡུམ་གྱི་ཉེ་བའི་སྙིང་པོས་གླང་པོ་དང༌། སྟག་གི་པགས་པ་དང༌། ཨོཾ་བྃ་ལ་སོགས་པས་སྐ་རགས། དཔའ་མོ་དྲུག་དང་གཙོ་མོའི་སྙིང་པོ་ལ་སོགས་པ་དཔའ་མོ་སུམ་ཅུ་རྩ་བདུན་གྱི་སྔགས་ཀྱིས་ཕྱག་མཚན་དང༌། མཚམས་བཞིའི་ཐོད་པ་དང༌། ཡུམ་གྱི་སྙིང་པོས་ཐོད་པའི་དབུ་རྒྱན་རྣམས་དང༌། སྔགས་དང་ལྷ་དེ་དག་གི་ངོ་བོར་དྲན་པར་བྱ་ཞིང༌། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མོར་བཤད། །ཅེས་ཡང་དག་པ་རྗེས་སུ་དྲན་པར་བྱའོ། །དེ་ནས་དཔའ་བོ་དང༌། དཔའ་མོ་དང༌། པུ་ཛཱ་ལ་སོགས་པའི་གོ་ཆ་ཆེན་པོ་རྣམས་བརྗོད་ཅིང༌། ལྷ་རྣམས་སོ་སོའི་གནས་སུ་ཐིམ་པས། བདག་ཉིད་བསྲུངས་ནས། གོང་བཞིན་དུ་སུམྦྷའི་སྔགས་གཉིས་ཀྱིས་ཕྱོགས་མཚམས་རྣམ་པར་བཅིངས་ལ། བདག་དང་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དང༌། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་སྔགས་དང༌། སེམས་ཀྱི་རྟོག་པའི་འདུ་འཕྲོ་ཐམས་ཅད་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་དུ་བསྒོམས་ནས། རིམ་པ་བཞིན་ཧཱུྃ་དང༌། ཡབ་ཀྱི་རྐང་པ་བརྒྱད་པ་དང༌། ཧཱུྃ་རྗེས་བརྗོད་པས་བྱིན་གྱིས་བརླབས་ཏེ་ཡུལ་རྣམས་ལ་ཆགས་པ་དང་སྡང་བ་མེད་པར་ལོངས་སྤྱད་དོ། །ཐམས་ཅད་དུ་སྣང་བ་ལྷའི་རྣམ་པ་དང༌། རང་བཞིན་སྟོང་པ་དང༌། གཉིས་ཀའང་ཟུང་འཇུག་ཏུ་ཤེས་པའི་ངང་ལས་ཆོས་བཤད་པ་དང༌། ཉན་པ་དང༌། ཀློག་པ་དང༌། ཁ་ཏོན་དང༌། ཆུ་སྦྱིན་དང༌། མཆོད་རྟེན་བསྒྲུབ་པ་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། རང་གཞན་གྱི་དོན་བསྒྲུབ་པ་སྟེ་ཀུན་དུ་སྤྱོད་པ་ཐམས་ཅད་ལམ་དུ་འགྱུར་བར་བྱ་བ་ནི། སྤྱོད་ལམ་གྱི་རྣལ་འབྱོར་རོ། །དེ་ནས་མངོན་པར་བཤམས་པའི་གཏོར་མ་སུམ་བྷས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཡྃ་ལས་རླུང་དང༌། རྃ་ལས་མེའི་སྟེང་དུ། ཨ་ལས་ཐོད་པ་ཡངས་པའི་ནང་དུ། ཨཱཿལས་ཟླ་བའི་སྟེང་དུ། ཤར་ནས་གཡས་སྐོར་དང༌། དབུས་སུ། གོ ཀུ། ད། ཧ། ན་ལས། བ་ལང༌། ཁྱི། རྟ། གླང་པོ་ཆེ། མིའི་ཤ་དང༌། དེའི་སྟེང་དུ། བི། མུ། ཤུ། མ། ར་ལས། དྲི་ཆེན། དྲི་ཆུ། བྱང་ཆུབ་ཀྱི་སེམས། ཤ་ཆེན་གྱི་དྭངས་མ། རཀྟའི་སྟེང་དུ་ཧཱུྃ། བྷྲཱུྃ། ཁྃ། ཛྲཱི།ྃ ཨཱྃ། རྣམས་ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ། བྱ་བ་གྲུབ་པ། སོ་སོར་རྟོག་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསམས་པའི་སྟེང་དུ། ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་བ། དེའི་སྟེང་དུ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས་མེ་སྦར་བས། རྫས་རྣམས་བཞུ་ཞིང་བསྐོལ་བའི་རླངས་པ་གྱེན་ལ་སོང་བས། བསྐུལ་བས་ཨོཾ་དང༌། ཟླ་བ་དང༌། ཁ་ཊྭཱཾ་ག་ལས་ཀྱང་བདུད་རྩི་འབབ་ཅིང་འོད་ཟེར་རླངས་པ་དང་བཅས་པ་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དཔག་ཏུ་མེད་པ་སྤྱན་དྲངས་པ་ལ་ཁ་ཊྭཱཾ་ག་དང༌། ཟླ་བ་དང༌། ཨོཾ་དང་བཅས་པ་རྣམས་གཏོར་མ་ལ་ཐིམ་པས། ཁ་དོག་དང༌། དྲི་དང༌། རོ་དང༌། ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ལ། ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿ ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་གྱི་ནམ་མཁར་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དམིགས་ལ། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། དུར་ཁྲོད་བརྒྱད་ལ་ཕོག་པས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བརྒྱད་དུ་གྱུར་ཏེ། ཡེ་ཤེས་པ་དང་རོ་གཅིག་ཏུ་གྱུར་པའི་ལྷ་རྣམས་ཀྱི་ཞལ་ནས་བྱུང་བའི་འོད་ཀྱི་སྦུ་གུའི་ལམ་ནས་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས། ཨོཾ་བཛྲ་ཨཱ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ་ཞེས་ལྷ་འམ། འཁོར་ལོའི་གྲངས་དང་མཉམ་པའམ། དཔའ་བོ་ཉི་ཤུ་རྩ་བཞིའི་ཕྲེང་སྔགས་ཀྱིས་ཀྱང་ཕུལ་ནས། ཕྱི་ནང་ཡིད་ལས་བྱུང་བས་མཆོད་ནས། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད། འདོད་པའི་དོན་ལ་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པ་བརྗོད་ཅིང་ནོངས་པ་བཟོད་པར་གསོལ་ནས། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ་ནས། དམ་ཚིག་པ་བདག་ལ་བསྡུའོ། །འཇིག་རྟེན་པ་ལ་ནི་མཁའ་འགྲོ་སྤྱིའི་གཏོར་མས་འབུལ་ལོ། །གཏོར་མའི་རྣལ་འབྱོར་རོ། །ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། རང་ཧེ་རུ་ཀར་དམིགས་པའི་ལྟེ་བར་གཏུམ་མོའི་མེ་འབར་བས་ལུས་ཡོངས་སུ་གང་བའི་ཁྲོད་ན་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། ནང་གི་གཙོ་བོ་ལ་བླ་མ་རིགས་བདག་གི་ཚུལ་དུ་བཞུགས་ཤིང༌། ལྟོ་བར་དུར་ཁྲོད་ན་གནས་པའི་ལྷ་རྣམས་དང༌། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གནས་པར་བསམས་ལ་ལག་པའི་མཆོད་པས་ལག་པའི་ལྷ་རྣམས་མཆོད་ནས། ལག་པ་གཉིས་དགང་བླུགས། ཁ་ཧོམ་ཁུང༌། ཁ་ཟས་བསྲེག་རྫས་སུ་དམིགས་ཏེ་ཤིན་ཏུ་ཞེན་པར་མི་བྱ་ཞིང་རོ་ཕྱིན་པར་ཟོས་ནས། ལྷག་མ་ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ལྷག་མ་ལ་དབང་བའི་འབྱུང་པོ་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །སྤྱོད་ལམ་ཕོ་ཉ་སྔགས་དང་ཞིང་ལས་སྐྱེས་པ་དམ་ཚིག་གི་འཁོར་ལོ། ཕྱིའི་དཀྱིལ་འཁོར་སྣང་བའི་ཆ། ལུས་ཕྱག་རྒྱ་དང་བཅས་པ་རྣམས་སྤྲུལ་པའི་སྐུ། བསྐྱེད་པའི་རིམ་པ་ཕོ་ཉ་ལྷན་སྐྱེས་འཁོར་ལོ་གསུམ། ལུས་ཀྱི་དཀྱིལ་འཁོར་དུ་ཟུང་འཇུག་གི་ཆ། ངག་སྔགས་དང་བཅས་པ་རྣམས་ལོངས་སྤྱོད་རྫོགས་པའི་སྐུ། རྫོགས་པའི་རིམ་པ་ཕོ་ཉ་གསུམ་གྱི་ཆོས་ཉིད། བདེ་ཆེན་གྱི་འཁོར་ལོ། ཡེ་ཤེས་སྟོང་པའི་ཆ། ཡིད་ཏིང་ངེ་འཛིན་དང་བཅས་པ་རྣམས་ཆོས་ཀྱི་སྐུ་དང་རྗེས་སུ་མཚུངས་པའི་ཕྱིར། ཚུལ་འདི་སྐུ་གསུམ་ལམ་དུ་བྱེད་པར་དགོངས་སོ། །དེ་ལྟར་རྣལ་འབྱོར་བཞི་ཡན་ལག་དང་བཅས་པ་ལ་ཤིན་ཏུ་གོམས་པས། ཞི་བ་ལ་སོགས་པའི་ཕྲིན་ལས་དང༌། གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་གནས་སྐབས་སུ་འགྲུབ་ཅིང༌། རིམ་པ་གཉིས་ལས་སྐྱེས་པའི་ཏིང་ངེ་འཛིན་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་བརྟན་པར་བྱས་པས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པ་དང༌། གཞན་གྱི་དོན་དུ་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པས་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས་བགྲོད་དེ། ཉེ་བའི་རྒྱུས་མཚམས་སྦྱར་ནས་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྙིང་རྗེ་ཆེན་པོ་དང༌། རྫུ་འཕྲུལ་གྱི་རྣམ་པར་རྩེན་ཞིང༌། འཁོར་བ་སྲིད་དུ་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །ཚོགས་བསག་བཅུ་གསུམ་ནི་རྗེ་བཙུན་ནཱ་རོ་ཏ་པས་འཇིག་རྟེན་པའི་ཚུལ་དང་བསྟུན་ནས་མཛད་ཀྱི། རྒྱུད་ཀྱི་ཚིག་ཇི་ལྟ་བ་བཞིན་མ་ཡིན་པའི་ཕྱིར། དོན་ཚང་ཞིང་ཚིག་ཉུང་བ་ཁོ་བོས་བསྡེབས་པ་འདི་ལྟར་བྱས་པ་ལ་ནི་ཉེས་པ་ཅུང་ཟད་ཀྱང་མེད་དོ། །དཀྱིལ་འཁོར་གསལ་འདེབས་པའི་རིམ་པ་ནི་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་ཁོ་བོས་དཀྱིལ་འཁོར་གསལ་གདབ་པར་ཐོག་མར་སྨོས་སོ། །འདིར་གཟུང་བདེ་བའི་ཕྱིར་ཉུང་ངུའི་ཚིག་གིས་སྦྱར་བས་བསྒོམ་བྱའི་དོན་དང༌། བསྒོམ་པའི་གོ་རིམ་ལ་བློ་གྲོས་ངེས་པར་བྱ་བའི་ཕྱིར། རྗེ་བཙུན་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའི་མངོན་པར་རྟོགས་པའི་གཞུང་ཅི་ནས་ཀྱང་བལྟ་ཞིང་འདྲིས་པར་བྱའོ། །འདི་ལ་འདུན་པའི་འདུན་པ་རྣམ་དག་རྣམ་པར་མཛེས་པའི་སྐུ་མངའ་ཞིང༌། །ཚུལ་བཞིན་མཁྱེན་པའི་མཁྱེན་པ་རབ་གསལ་རབ་ཏུ་འབྱོར་པའི་དཔལ་འབྱོར་ཅན། །ཇི་བིག་དེ་མུར་དེ་ཡིས་བསྐུལ་ནས་བསྐུལ་བའི་ཞལ་ངོར་འཕགས་པས་སྦྱར། །དགེ་བས་འགྲོ་ཀུན་འགྲོ་བའི་བླ་མ་བླ་མེད་གོ་འཕང་ཐོབ་པར་ཤོག །སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པས་མཛད་པའི་གཞུང་ཉམས་སུ་བླང་བའི་ཚུལ། དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་པའི་ཐབས་རིམ་པ་གསལ་བ་ཞེས་བྱ་བ། དགེ་སློང་འཕགས་པས་ལྕགས་མོ་ལུག་གི་ལོ་སྨིན་དྲུག་གི་ཟླ་བའི་ཚེས་བཅུ་ལ་ཤིང་ཀུན་མཁར་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*