སྒྲུབ་ཐབས་བསྡུས་པ།

༼ཕ༽

༄༅། །སྒྲུབ་ཐབས་བསྡུས་པ་བཞུགས།། 

༄༅། །དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་མཆོག་དང་ཧེ་རུ་ཀའི། །ཞབས་ཀྱི་པདྨོར་ཕྱག་འཚལ་ནས། །ཉུང་ཞིང་གསལ་བའི་ངག་གིས་ནི། །འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བཤད། །དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་ཅིང༌། བླ་མ་ལས་གནང་བ་ཐོབ་པའི་རྣལ་འབྱོར་པས། ནུབ་མོ་རྡོ་རྗེ་སེམས་དཔའ་བསྡུ་བའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་ངང་ལ་ཉལ། ཐོ་རངས་ཌཱ་མ་རུའི་སྒྲ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་སུ་གྲགས་པས་གཉིད་བསླངས་ནས། ཧེ་རུ་ཀའི་སྐུར་ལངས་ལ་སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་བལྟས་ནས། སྤྲོ་ན་དབང་གི་སྐབས་ལྟར་ཁྲུས་བྱའོ། །དེ་ནས་སྟན་བདེ་བ་ལ་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་འདུག་ལ། བདུད་རྩི་རི་ལུ་མྱངས་ནས། རང་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམ་ཞིང༌། ཤྲཱི་ཧེ་རུ་ཀ་ཨ་ཧ་ཞེས་བརྗོད་པས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །དེའི་དོན་དང་ལྡན་པ་བདག་ཡིན་སྙམ་དུ་བསྒོམས་པའི་སྙིང་གི་ནང་དུ། ཨ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་བྱུང་བའི་ཟླ་བ་དག་པ་འཇིག་རྟེན་པ་དང་ཐུན་མོང་བའི་ཡེ་ཤེས་ཀྱི་སྟེང་དུ་གཟུང་འཛིན་དང་བྲལ་བའི་སེམས་ཧཱུྃ་དུ་དམིགས་པའི་ཡེ་ཤེས་ལྔའི་ངོ་བོར་བསྒོམས་པ་ལས་འོད་ཟེར་སྔོན་པོ། ལྗང་གུ། དམར་པོ། སེར་པོ་རྣམས་ཞལ་བཞི་ནས་རིམ་པ་བཞིན་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་དང༌། བདེ་བ་བླ་ན་མེད་པ་དང་མི་འབྲལ་བ་དང༌། ཆགས་སྡང་མེད་ཅིང་འཇིག་རྟེན་གྱི་ཆོས་བརྒྱད་སྙོམས་པར་གྱུར་པའི་ཚད་མེད་པ་བཞི་རིམ་པ་བཞིན་བསྒོམ་ཞིང༌། ལག་པ་གཡོན་པའི་མཛུབ་མོ་ཕྱོགས་བཅུར་བསྐོར་ནས་སེ་གོལ་བརྡབས་པ་དང༌། སུ་ཁེ་བྷ་ཝནྟུ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །ཡང་ཧཱུྃ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས། སེམས་ཅན་ཐམས་ཅད་ཧེ་རུ་ཀར་བསྒོམ་སྟེ། རང་གི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་གྱི་དབང་ཕྱུག འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་གྱུར་པ་དཔལ་ཧེ་རུ་ཀ མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ཁ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་དབང་ཕྱུག་རྡོ་རྗེ། སའི་ཁམས་ལྟུང་བར་བྱེད་མ། ཆུའི་ཁམས་གསོད་པར་བྱེད་མ། མེ་ཡི་ཁམས་འགུགས་པར་བྱེད་མ། རླུང་གི་ཁམས་གར་གྱི་དབང་ཕྱུག ནམ་མཁའི་ཁམས་པདྨའི་དྲྭ་བ་ཅན་དུ་གྱུར་པར་བསམ་མོ། །ཡང་ཧཱུྃ་ལས་འོད་འཕྲོས་པས། སྟེང་གི་ཆར་རང་གི་བླ་མ། རྡོ་རྗེ་ཆོས་ཀྱི་རྣམ་པ་ལ། བླ་མ་བརྒྱུད་པ་ཐམས་ཅད་ཀྱིས་བསྐོར་བ་འོག་གི་ཆར་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ། ན་མོ་གུ་རུ་བྷྱཿས་བླ་མ་དང༌། ན་མ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་བྷྱཿས། དཀྱིལ་འཁོར་ལ་ཕྱག་བྱས་ནས། ཕྱི་དང་བློས་སྤྲུལ་པས་མཆོད་ལ། སྡིག་པ་ཐམས་ཅད་སོ་སོར་བཤགས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །འཁོར་ལོ་སྡོམ་པའི་དམ་ཚིག་ཀུན། །གཟུང་ཞིང་ཡོངས་སུ་བསྐྱང་བར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཟབ་མོའི་ཆོས་ནི་སྟོན་པ་དང༌། །རྟག་ཏུ་བཞུགས་པར་གསོལ་བ་འདེབས། །འཁོར་ལོ་སྡོམ་པའི་ལམ་གྱི་མཆོག །རིམ་པ་གཉིས་ལ་གནས་པར་བགྱི། །དགེ་བས་བདག་གཞན་མ་ལུས་པ། །ཧེ་རུ་ཀ་དཔལ་ཐོབ་པར་ཤོག །ཅེས་ལན་གསུམ་བརྗོད་པ་དང༌། ཚོགས་ཀྱི་ཞིང་རྣམས་ཀྱིས། རིགས་ཀྱི་བུ་ཁྱོད་ཀྱི་གནས་པ་འདི་ནི་ལེགས་པར་གནས་པ་ཡིན་གྱིས། གནས་པ་འདིས་གནས་ན་མཆོག་གི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་གནང་བ་བྱིན་པ་ལ་སླར་ཡང་མཆོད་ནས། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་ལོ། །དེ་ནས་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུྃ་ཕཊ། ཅེས་བརྗོད་ནས། སྙིང་གའི་ཧཱུྃ་ལས་ཤར་དུ་ཁྭ་གདོང་མ་དང༌། སྟེང་དུ་ཁཎྜ་རོ་ཧཱ་དང༌། ཨོཾ་གྲིཧྣ་གྲིཧྣ་ཧུཾ་ཧཱུྃ་ཕཊ། བྱང་དུ་འུག་གདོང༌། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུཾ་ཧཱུྃ་ཕཊ། ནུབ་ཏུ་ཁྱི་གདོང་དང༌། འོག་ཏུ་ཁཎྜ་རོ་ཧཱ་དང༌། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བཱན། བཛྲ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ལྷོར་ཕག་གདོང༌། དེ་བཞིན་དུ་ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་ཕོ་ཉ་མ། ནུབ་བྱང་དུ་མཆེ་བ་མ། བྱང་ཤར་དུ་འཇོམས་མ་རྣམས་རིམ་པ་བཞིན་དུ་སྤྲོས་པས། བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །ཡང་ཧཱུྃ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། མདའི་དྲྭ་བ་དང༌། ཡེ་ཤེས་ཀྱི་མེ་འབར་བ་རྣམས་སུ་གྱུར་པར་བསམ། ཡང་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྐོར་ཞིང་སེ་གོལ་བརྡབ་པ་དང༌། ཨོཾ་མེ་དི་ནཱི་བཛྲི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡྃ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲྃ་སྃ་ཏྲྃ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ་རྃ་ཧཱུྃ། ཞེས་རེ་རེའང་ལན་གསུམ་གསུམ་བརྗོད་པ་དང༌། རིམ་པ་བཞིན་སྦྱར་ཞིང་སྲུང་བའི་འཁོར་ལོ་བསྒོམ་མོ། །ཡང་ཧཱུྃ་ལས་རྡོ་རྗེ་ཕུར་བུ་དང༌། རྡོ་རྗེ་ཐོ་བའི་ཚོགས་སྤྲོས་པས། ཕོ་ཉ་རྣམས་ཀྱི་ལག་པ་གཡོན་པ་དང༌། གཡས་སུ་གཏད་པ་ཉིད་སྤྲུལ་དུ་མ་དང་བཅས་པས། ཕྱོགས་སྐྱོང་རྣམས་ཀྱིས་གཙོ་བྱས་པའི་བགེགས་རྣམས་བཀུག་ནས། དཀར་པོའི་ཕྱོགས་རྣམས་ལམ་ལ་བཀོད། ནག་པོའི་ཕྱོགས་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ་པར་བསྒོམ་ཞིང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ། བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པ་དང་ཐོ་བས་བརྡུངས་པར་བསྒོམ་ཞིང༌། ཨོཾ་བཛྲ་མུངྐ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ལུས་ཐལ་བར་བརླགས་ནས། རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སངས་རྒྱས་པར་བསྒོམ་ཞིང༌། ཕོ་ཉ་རྣམས་རྡོ་རྗེ་རྭ་བའི་ཁ་ཁྱེར་ལ་འཁོད་ནས་སྒྲུབ་པ་པོ་སངས་མ་རྒྱས་ཀྱི་བར་དུ་བསྲུང་བར་བསམ་མོ། །དེ་ནས་ཆོས་ཐམས་ཅད་སེམས་ཙམ་དང༌། དེའང་རང་བཞིན་མེད་པར་བསམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་བསམ་པ་ནི། རྒྱུ་ཚོགས་གཉིས་བསག་པའོ། །སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་གུ། རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། སུྃ་ལས་རི་རབ། ཤར་ཤེལ། བྱང་གསེར། ནུབ་པདྨ་རཱ་ག ལྷོ་བཻ་ཌཱུརྻ་ལས་གྲུབ་པ། གྲུ་བཞི། བང་རིམ་བཞི། ལྕོག་བརྒྱད་དང་ལྡན་པ་རྣམས་བརྩེགས་པའི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར། པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྙིང་པོར། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོར། ཨཱ་ལི་ཕྲག་གཉིས་ལས། ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསྒོམས་པའི་སྟེང་དུ། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། ཡ་ལ་ཌ་ཌྷ་ད་དྷ་དང་བཅས་པའི་ཀཱ་ལི་ཕྲག་གཉིས་ལས། ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསམས་པའི་བར་དུ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་དཀར་པོ་བསྒོམ། ཉི་མའི་སྟེང་དུ་ལུས་ངག་ཡིད་གསུམ་དང༌། ཡུམ་གྱི་མཁའ་དང༌། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་དང༌། སེམས་ཀྱི་རང་བཞིན་འོད་གསལ་བའི་ངོ་བོ། ཨོཾ་ཨཱཿཧཱུྃ་དང༌། པདྨ་དང༌། ཟླ་བ་དང༌། ཧཱུྃ་རྣམས་བརྩེགས་པ་བསྒོམས་ལ། ཨོཾ་ནས་བརྩམས་ཏེ་མས་ཡར་རིམ་གྱིས་ཧཱུྃ་གི་བར་དུ་ཐིམ་ཞིང༌། ཧཱུྃ་ཡང་ནཱ་དའི་བར་དུ་ཐིམ་ནས། ནཱ་ད་དམར་སྐྱ་ཤིན་ཏུ་ཕྲ་ཞིང་ལྗིད་པ། དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་སྒྲོགས་བཞིན་པ། འཁྱོག་ཅིང་མྱུར་དུ་བབས་པ་ནི་སྒྲ་ཡིན་ལ། དེས་ཉི་མ་ཕུག་ནས། ཚུལ་ཧཱུྃ་ལ་ཐིམ་ནས་ཐམས་ཅད་གཅིག་ཏུ་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ཅིག་ཆར་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་རིམ་གྱིས་གསལ་གདབ་སྟེ། རི་རབ་ཀྱི་སྟེང་སྲུང་བའི་འཁོར་ལོའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང༌། གྲུ་བཞི་སྒོ་བཞི། ནང་ནས་ནག་པོ། དཀར་པོ། སེར་པོ། དམར་པོ། ལྗང་གུའི་རྩིག་པ་རིམ་པ་ལྔའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོའི་ཁ་ཁྱེར་དང༌། དེའི་སྟེང་དུ་མདའ་ཡབ་ལས་ཟླ་བ་རླུང་གིས་བསྐྱོད་པ་དང་དྲིལ་བུ་གཡེར་ཀ་དང་བཅས་པའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། མདའ་ཡབ་ཀྱི་སྟེང་དུ་རིན་པོ་ཆེའི་དྲྭ་བ་སེང་མའི་པུ་ཤུས་བསྐོར་བ། ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་རྫས་དུ་མ་ཐོགས་པའི་ལྷ་མོ་བཅུ་དྲུག་གནས་པ། བྲིས་པ་ལྟར་གློ་འབུར་དུ་གྱུར་པའི་སྒོ་བཞིའི་སྟེང་གི་ཐད་སོར། ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པའི་སྟེང་དུ། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་རི་དྭགས་དང་གདུགས་དང་ལྡན་པ། གཞན་ཡང་རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། རིན་པོ་ཆེ་དང༌། མེ་ཏོག་གི་ཕྲེང་བ་དང༌། གོས་དང་འཕན་ལ་སོགས་པའི་རྒྱན་གྱིས་རྣམ་པར་མཛེས་པར་བྱས་པའི་ནང་གི་ལྷ་སྣམ། ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར་བའི་དབུས་སུ། མཆོད་རྟེན་བང་རིམ་བཞི་པ་ལྟ་བུའི་འཁོར་ལོ་རིམ་པ་བཞི་པའི་ལྟེ་བར་པདྨ་འདབ་མ་བརྒྱད་པར་བསམ་མོ། །གཞལ་ཡས་ཁང་གི་ཕྱི་རོལ་དུ། ཤར་དུ་གཏུམ་དྲག བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་སུ་རུང་བ། ཤར་ལྷོར་ནགས་ཚལ་ཕུན་སུམ་ཚོགས་པ། ལྷོ་ནུབ་ཏུ་མུན་པ་མི་བཟད་པ། ནུབ་བྱང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ། བྱང་ཤར་དུ་ཧ་ཧ་དགོད་པའི་དུར་ཁྲོད་རྣམས་སུ། རིམ་པ་དེ་ཉིད་ཀྱིས་བརྒྱ་བྱིན། གནོད་སྦྱིན། ཆུ་ལྷ། གཤིན་རྗེ། མེ་ལྷ། སྲིན་པོ། རླུང་ལྷ་དབང་ལྡན་ཏེ་ཕྱོགས་སྐྱོང་བ་དང༌། དེ་བཞིན་དུ་ཤི་རི་ཤ། ཨ་ཤྭཏྠ། ཨཾ་ཀོ་ལ། ཙུ་ཏ། ཀ་རཉྫ། ལ་ཏ་པ་ར་ཀ་ཏི། པ་ར་ཏི་པ་ཏཱ། བྷ་ཊ་སྟེ་ཤིང་ཆེན་པོ་བརྒྱད་དང༌། དེ་རྣམས་ལ་བརྟེན་པའི་སྒོ་མཚམས་མ་རྣམས་ཀྱི་གཟུགས་འཛིན་པའི་དྲག་གཏུམ་ལ་སོགས་པའི་ཞིང་སྐྱོང་བརྒྱད་དང༌། ནོར་རྒྱས། འཇོག་པོ། སྟོབས་ཀྱི་རྒྱུ། པདྨ། ཧུ་ལུནྟ། རིགས་ལྡན། དུང་སྐྱོང༌། པདྨ་ཆེན་པོ་སྟེ་ཀླུ་བརྒྱད་དང༌། སྒྲ་གྲག་པ། རྨུགས་པ། མུན་པ་ཅན། ཀུན་དུ་འཁྱིལ་པ། གང་བ། འབབ་པ། དྲག་པོ། འཁྲིགས་པ་སྟེ། སྤྲིན་ཆེན་པོ་བརྒྱད་དང༌། གཞན་ཡང་ཆུ་ཆེན་པོ་བརྒྱད། མེ་ཆེན་པོ་བརྒྱད། མཆོད་རྟེན་ཆེན་པོ་བརྒྱད་གནས་ཤིང༌། སྤྲུལ་པ་དང་རང་རྒྱུད་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། གྲུབ་པ་དང༌། རིག་པ་འཛིན་པ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། འདྲེ་དང༌། སྲིན་པོ་དང༌། གནོད་སྦྱིན་དང༌། ཤ་ཟ་དང༌། འབྱུང་པོ་དང༌། ཅེ་སྤྱང་ལ་སོགས་པས་ཡོངས་སུ་གང་བའི་དུར་ཁྲོད་ཀྱིས་བསྐོར་བའོ། །ནང་གི་པདྨའི་ལྟེ་བར་ཉི་མའི་སྟེང་དུ། རང་ཉིད་འཁོར་ལོ་བདེ་མཆོག་ཞལ་བཞི། ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྔོ། གཡོན་ལྗང༌། རྒྱབ་དམར། གཡས་སེར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་གོས་སུ་གྱོན་པ། གཡས་ཀྱི་གསུམ་པས་ཌཱ་མ་རུ། བཞི་པས་དགྲ་སྟ། ལྔ་པས་གྲི་གུག དྲུག་པས་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག བཞི་པས་ཁྲག་གིས་གང་བའི་ཐོད་པ། ལྔ་པས་རྡོ་རྗེའི་ཞགས་པ། དྲུག་པས་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། ཞབས་གཡས་བརྐྱང་པས་དུས་མཚན་དམར་མོའི་ནུ་མའི་སྟེང་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མགོ་བལྟབས་ནས་མནན་པ། རལ་པའི་ཐོར་ཚུགས་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་ན་ཚེས་གཅིག་གི་ཟླ་བ་དང༌། མཚོག་མའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། སྐ་རགས། ཐལ་ཆེན་གྱི་རྒྱ་སྟེ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་དཔའ་བ་མི་སྡུག་པ། །དགོད་པ་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་རོ་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། གཡོན་པས་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་བཅུར་བསྡིགས་པ། སྤྱན་གསུམ་པ་གཅེར་བུ་སྐྲ་གྲོལ་བ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་ཅིང༌། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྲིལ་བའོ། །སྣང་བ་དང༌། ཐབས་དང༌། ལྷག་མཐོང་དང༌། སྙིང་རྗེ་ཆེན་པོའི་ངོ་བོ་ནི་ཡབ་ཡིན་ལ། སྟོང་པ་དང༌། ཤེས་རབ་དང༌། ཞི་གནས་དང༌། བདེ་བ་ཆེན་པོའི་ངོ་བོ་ནི་ཡུམ་ཡིན་ཞིང༌། ཟུང་དུ་འཇུག་པའི་ཕྱིར་ཀུན་ཏུ་ཁ་སྦྱོར་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །པདྨའི་ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མཱ་ལྗང་གུ། ནུབ་ཏུ་ཁཎྜཱ་རོ་ཧཱ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཀྱིས་ཐོད་པ་ཁྲག་གིས་གང་བ་དང༌། ཁ་ཊྭཱཾ་ག་འཛིན་པ། གཅེར་བུ་གཡས་བརྐྱང་བས་བཞུགས་པའོ། །མཚམས་བཞིར་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པའི་སྟེང་དུ། བདུད་རྩི་ལྔས་གང་བའི་ཐོད་པ་གནས་ཏེ། བདེ་བ་ཆེན་པོའི་འཁོར་ལོ་གྲི་གུག་གི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་ཅན། རྡོ་རྗེ་ཕྱེད་པའི་ཏོག་གིས་མཛེས་པར་བྱས་པའོ། །དེའི་ཕྱི་རོལ་དུ་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་ཤར་རྩིབས་པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ། བྱང་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཨཽ་ཌྱན་དུ་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྷོ་ཨརྦུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ལྷོ་གོ་དཱ་ཝ་རཱིར་སུ་རཱ་བཻ་རི་དང༌། བརྟན་པའི་བློ་ཅན་མ། ལྷོ་ནུབ་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་བྱང་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། བྱང་ཤར་མཱ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ། ནམ་མཁའ་ལ་སྤྱོད་པའི་ཚུལ་གྱིས་བཞུགས་ཤིང་ས་བླ་སྦྱོང་བ། རྡོ་རྗེའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་དང་བཅས་པའོ། །དེའི་ཕྱི་རོལ་ཏུ་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པའི་ཤར་རྩིབས་ཀཱ་མ་རཱུ་པར་ཨཾ་གུ་རི་དང་ཨཻ་རཱ་ཝ་ཏཱི། བྱང་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུངས་མ། ཤར་ལྷོ་ཀ་ལིངྒར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། ལྷོ་ནུབ་ལམྦཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་བྱང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བྱང་ཤར་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ། གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའི་ཚུལ་གྱིས་བཞུགས་ཤིང༌། ས་སྟེང་སྦྱོང་བ་པདྨའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་དང་བཅས་པའོ། །དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ཤར་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་གྲྀ་ཧ་དང་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ། ནུབ་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱི། ལྷོ་སུ་ཝརྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་ལྷོ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་མ་རོར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བྱང་ཤར་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང༌། བརྩོན་འགྲུས་ཆེན་མོ་སྟེ། སྐུའི་འཁོར་ལོ་ཁ་དོག་དཀར་པོ། ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་ཤིང་ས་འོག་སྦྱོང་བ། འཁོར་ལོའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་དང་བཅས་པའོ། །དཔའ་བོ་རྣམས་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། གཡས་ཀྱི་གཉིས་པས་ཌཱ་མ་རུ་དང༌། གཡོན་གྱི་གཉིས་པས་ཁ་ཊྭཱཾ་ག་འཛིན་པའོ། །གྲུ་མོར་ཁ་ཊྭཱཾ་ག་དང་གཡོན་གྱི་གཉིས་པར་ཀ་པཱ་ལ་འཛིན་ཞེས་བླ་མ་འགའ་ཞིག་གསུང་ངོ༌། །རྒྱན་དང་ཆ་ལུགས་ཧེ་རུ་ཀ་དང་མཚུངས་པའོ། །རྣལ་འབྱོར་མ་རྣམས་ཞལ་གཅིག་ཕྱག་གཉིས་པ་ཕྱག་མཚན་དང༌། ཆ་ལུགས་རྡོ་རྗེ་ཕག་མོ་དང་མཚུངས་ཤིང༌། གཉིས་སུ་མེད་པའི་སྦྱོར་བ་ལ་བརྩོན་པའོ། །དེའི་ཕྱི་རོལ་དམ་ཚིག་གི་འཁོར་ལོའི་ཤར་སྒོར་ཁྭ་གདོང་མ། བྱང་སྒོར་འུག་གདོང་མ། ནུབ་སྒོར་ཁྱི་གདོང་མ། ལྷོ་སྒོར་ཕག་གདོང་མ་རྣམས་ཕྱོགས་ཀྱི་མདོག་ཅན། ཤར་ལྷོར་གཤིན་རྗེ་བརྟན་མ། གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ། གཡས་སེར་གཡོན་དམར། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། གཡས་དམར་གཡོན་ལྗང༌། བྱང་ཤར་དུ་གཤིན་རྗེ་འཇོམས་མ། གཡས་ལྗང་གཡོན་སྔོ་བ། ཡི་དྭགས་ཀྱི་གདན་ལ་བཞུགས་པ། དྲག་མོའི་གཟུགས་ཅན་ཕྱག་མཚན་དང་ཆ་ལུགས་སྙིང་པོའི་རྣལ་འབྱོར་མ་ལྟ་བུ་སྟེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །ལྷ་སྣམ་གྱི་གྲྭ་རྣམས་སུ་བཅུད་སྣ་ཚོགས་ཀྱིས་གང་བའི་རིན་པོ་ཆེའི་བུམ་པ་བརྒྱད་དང་ལྡན་ཞིང༌། སྣ་ཚོགས་རྡོ་རྗེས་མཚན་པའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་དང་བཅས་པ་སྣང་ལ་རང་བཞིན་མེད་པར་བསྒོམ་མོ། །དེ་ནས་བདག་གི་བློ་ལ་སྣང་བ་ཕོ་ཉ་སྔགས་སྐྱེས་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་འདི་ཉིད་འཛམ་བུའི་གླིང་ན་བཞུགས་པའི་ཕོ་ཉ་ཞིང་སྐྱེས་སྤྲུལ་པའི་སྐུའི་དཀྱིལ་འཁོར་ཉིད་ཡིན་ལ། དེ་ཉིད་འོག་མིན་གྱི་ཕོ་ཉ་ལྷན་སྐྱེས་ལོངས་སྐུའི་དཀྱིལ་འཁོར་ཡིན་ཞིང༌། དེ་ཉིད་ཆོས་ཀྱི་སྐུ་ལས་གཞན་མ་ཡིན་ཞིང༌། ཕོ་ཉ་གསུམ་གཅིག་ཏུ་བསྲེས་ནས། ཡང་བདག་གི་བློ་ལ་སྣང་བའི་ལྷ་སུམ་ཅུ་སོ་བདུན་པོ་འདི་ཉིད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་གྱི་ངོ་བོ་ཡིན་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་པོ་འདི་ཉིད་ཀྱང༌། ལྷ་སུམ་ཅུ་སོ་བདུན་གྱི་ངོ་བོར་རྣམ་པར་དག་པའོ་ཞེས་དག་པ་དྲན་པར་བྱ་བ་ནི་ཕྱིའི་དཀྱིལ་འཁོར་བསྒོམ་པའོ། །དེ་ལྟར་དཀྱིལ་འཁོར་གྱི་རྣམ་པ་དེ་དག་ལ་གསལ་བར་དམིགས་པའི་མཐུས། འོག་རླུང་དང་ལྟག་པའི་རླུང་གཡོས་པས། སྤྱི་གཙུག་གི་ཧྃ་དང༌། ལྟེ་བའི་ཨ། སྒྲ་དང་ཚུལ་སྙིང་གར་འདྲེས་པའི་རྐྱེན་གྱིས་ལུས་ཀྱི་དཀྱིལ་འཁོར་ཅིག་ཆར་བསྐྱེད་ནས། རིམ་གྱིས་གསལ་གདབ་སྟེ། སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་ལོགས་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར་དང་རྭ་བ་བླ་རེ། བ་སྤུ་མདའི་དྲྭ་བ། སྐྲ་སེན་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་དང༌། རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་གྲུ་བཞི། སྙིང་ག་ནས་འབྱུང་བ་བཞིའི་རླུང་རྒྱུ་བས་སྒོ་བཞི། མིག་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན། རྐང་རྣམས་ཀ་བའི་ཚོགས་ཏེ། རྟེན་གྱི་དཀྱིལ་འཁོར་དང༌། སྙིང་གི་ནང་གི་ཧཱུྃ་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་དང་བཅས་པ་སྔར་བཤད་པ་བཞིན་གསལ་གདབ་བོ། །ཧེ་རུ་ཀའི་ཕྱག་བཅུ་གཉིས་ཀྱི་གཡས་ཀྱི་དང་པོ་ལ་མྃ་མཁའ་འགྲོ་མ། གཉིས་པར་ལྃ་ལཱ་མཱ། གཡོན་གྱི་དང་པོར་པྃ་ཁཎྜ་རོ་ཧཱ། གཉིས་པར་ཏཱྃ་གཟུགས་ཅན་མ། ཕྱག་ལྷག་མ་བརྒྱད་ལ་ཧཱུྃ་རིང་པོ་བརྒྱད་ཀྱི། གཡས་ཀྱི་བཞི། ཁྭ་གདོང༌། འུག་གདོང༌། ཁྱི་གདོང༌། ཕག་གདོང་མ་དང༌། གཡོན་གྱི་བཞི་གཤིན་རྗེ་བརྟན་མ། ཕོ་ཉ་མ། མཆེ་བ་མ། འཇོམས་མ་རྣམས་དང༌། སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞིར། པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི་པྲེ་གྲི་སཽ་སུ་ནཱ་སི་མ་ཀུ། ཁམས་དང་བཅས་པ་རྣམས་དཔའ་བོ་དང༌། དཔའ་མོ་རྣམས་སུ་གྱུར་པ་ནི། སྤྱི་བོ་པུལླཱིར་མཱ་ལ་ཡ་ར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ། སྤྱི་གཙུག་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་ཨཽ་ཌྱན་དུ་ཀཾ་ཀཱ་ལ་དང་འོད་ལྡན་མ། ལྟག་པ་ཨརྦུ་དཱར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས། རྣ་བ་གཡོན་པ་གོ་དཱ་ཝ་རཱིར་སུ་ར་བཻ་རཱི་དང་བརྟན་པའི་བློ་ཅན་མ། སྨིན་མའི་དབུས་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལཾ་ཀའི་དབང་ཕྱུག་མ། ཕྲག་པ་གཉིས་མཱ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས། ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་ནམ་མཁའ་ལ་སྤྱོད་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཨཾ་གུ་རི་དང་ཨཻ་ར་བ་ཏཱི། ནུ་མ་གཉིས་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང༌། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུངས་མ་སྟེ་ཉེ་བའི་ཞིང༌། ཁ་ཀ་ལིངྒར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། མགྲིན་པ་ལཾ་པཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ་ཧ། སྙིང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམ་པར་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་ཉེ་བའི་ཚནྡོ་ཧ་རྣམས་གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ་སྟེ་འདུ་བ། བརླ་གཉིས་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱི། བྱིན་པ་གཉིས་སུ་ཝརྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བ། སོར་མོ་བཅུ་དྲུག་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད། མཐེ་བོང་བཞི་མ་རོར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་རྣམས་སྐུའི་འཁོར་ལོ་ཁ་དོག་དཀར་པོ་ས་འོག་ན་སྤྱོད་པའོ། །ལྷ་དེ་རྣམས་ཡི་ཚུལ་གོང་དུ་བཤད་པ་བཞིན་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ། སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་ཅིང༌། བདག་གིས་བསྒོམས་པའི་ཕྱི་ནང་གི་དཀྱིལ་འཁོར་འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་སྐུ། འོག་མིན་ན་བཞུགས་པའི་ལོངས་སྐུ་རྣམས་དབྱེར་མེད་པར་གྱུར་ནས། གཉིས་སུ་མེད་པ་རྡོ་རྗེའི་རང་བཞིན་བདག་ཡིན་སྙམ་དུ་དྲན་པ་ལན་གསུམ་བྱས་ལ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་རྣམ་པར་དག་པ་བདག་ཡིན་སྙམ་དུ་བསམ་མོ། །དེ་ནས་གནས་རྣམས་སུ་ཟླ་བའི་གདན་ལ། སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་དཀར་པོ། མགོ་བོར་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་དམར་པོ། ཕྲག་པ་གཉིས་བཽ་ཥ་ཊ་ཧེ་དཔལ་ཧེ་རུ་ཀ་ནག་པོ། མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་རྡོ་རྗེ་ཉི་མ་དམར་སེར། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་རྟ་མཆོག་ལྗང་གུ་སྟེ་དཔའ་བོའི་གོ་ཆ་དང༌། ལྟེ་བར་ཨོཾ་བྃ་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཧྃ་ཡོཾ་གཤིན་རྗེ་མ་སྔོན་མོ། ཁར་ཧྲིཾ་མྃ་རྨོངས་བྱེད་མ་དཀར་མོ། མགོ་ལ་ཧྲེཾ་ཧྲིཾ་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ། ཡན་ལག་རྣམས་ལ་ཕཊ་ཕཊ་ཙཎྜི་ཀ་དུད་ཁ་སྟེ་དཔའ་མོའི་གོ་ཆ་བཀོད་ལ། ཡབ་ཀྱི་གནས་སུ་ཡུམ་དང༌། །ཡུམ་གྱི་གནས་སུ་ཡབ་གཉིས་སུ་མེད་པར་བསམས་ཏེ། ཡི་གེའི་རྣམ་པ་ཉིད་ལྷའི་ངོ་བོར་བསྒོམ་པ་ནི་གོ་ཆ་དགོད་པའོ། །དེ་ནས་འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱིངས་སུ་བསྐོར་ཞིང༌། ཕཻཾ་ཞེས་བརྗོད་ཅིང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ། མདུན་དུ་སྤྱན་དྲངས་ལ་སྔ་མ་ལྟར་མཆོད་ནས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་རང་ལ་བསྟིམས་ནས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ་ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ་པ་ནི་ཡེ་ཤེས་པ་གཞུག་པའོ། །ཡང་དབང་གི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ཁྲོ་མོ་དང༌། མཆོད་པའི་ལྷ་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པ་ལ་སྔ་མ་བཞིན་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་ནས། བཀྲ་ཤིས་ཀྱི་གླུ་དང༌། བགེགས་བསྐྲད་པ་དང༌། མཆོད་པ་མཛད་པས་ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་སྤྱི་བོར་ལུད་པས། བདེ་བ་ཆེན་པོའི་ལྷ་ལྔ་དང༌། དམ་ཚིག་གི་ལྷ་རྣམས་ལ་རྡོ་རྗེ་སེམས་དཔའ། ཐུགས་ཀྱི་འཁོར་ལོ་ལ་མི་བསྐྱོད་པ། གསུང་གི་འཁོར་ལོ་ལ་འོད་དཔག་མེད། སྐུའི་འཁོར་ལོ་ལ་རྣམ་པར་སྣང་མཛད་དུ་གྱུར་པར་བསམ་པ་ནི། རིགས་བདག་གིས་རྒྱས་གདབ་པ་སྟེ། རྒྱས་པར་བསྒོམ་པའི་ཚུལ་ལོ།།  །།སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། དགའ་བ་གསུམ་སྔོན་དུ་སོང་ནས། སྲུང་བའི་འཁོར་ལོ་རྫོགས་པར་བསྒོམས་ལ། སྤྱི་བོར་བླ་མའི་ཆག་གཉིས་སམ། བླ་མ་དངོས་དཀོན་མཆོག་གསུམ་གྱི་རང་བཞིན་དུ་བསྒོམ་པ་ལ། མོས་པ་དྲག་པོ་བྱས་པས་ལུས་ལ་ཐིམ་པའི་རྐྱེན་གྱིས། ནང་གི་སྒྲ་ཚུལ་འདྲེས་པས་ལུས་ཀྱི་དཀྱིལ་འཁོར་གསལ་གདབ་པར་བྱས་པ་མན་ཆད་སྔ་མ་ལྟར་བསྒོམ་པ་ནི་འབྲིང་གི་ཚུལ་ལོ། །སྔོན་དུ་སྲུང་བའི་འཁོར་ལོ་ཡང་མི་བསྒོམ་ཞིང༌། ནང་གི་དཀྱིལ་འཁོར་བསྒོམ་པ་འབའ་ཞིག་ལམ་དུ་བྱེད་པའི་ཕྱིར། གོ་ཆ་བཅིང་བ་མན་ཆད་ཀྱང་མི་བྱེད་པར། ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ནས། སྔགས་ཀྱི་བྱིན་གྱིས་བརླབས། དེ་ཉིད་ལ་ཡིད་མཉམ་པར་འཇོག་པ་ནི་བསྡུས་པའི་ཚུལ་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པའོ། །དེ་ནས་ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས། ལས་ཀྱི་ཁ་དོག་དང་མཐུན་པའི་སྔགས་ཀྱི་ཕྲེང་བ་འཕྲོས་པས། ཡབ་ཀྱི་ཞལ་དང༌། ཡུམ་གྱི་ཞལ་དང༌། བྷ་ག་དང༌། རྡོ་རྗེའི་ལམ་ནས་འཁོར་བ་དང༌། རྣལ་འབྱོར་མ་བཅུ་གཉིས་ཀྱི་ནི་ཐུགས་ཀའི་ས་བོན་ལ་གཡོན་དུ་འཁོར་ལ། དེ་དག་ལས་ཀྱང་ཕྱི་རོལ་དུ་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་བསྐུལ་བར་བསམ་ཞིང༌། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལ་སོགས་པ་གང་མོས་པ་བཟླ་བ་ནི་བཟླས་པའི་རྣལ་འབྱོར་ཏེ་བསྐྱེད་པའི་རིམ་པའོ།།  །།རྫོགས་པའི་རིམ་པ་བསྒོམ་པར་འདོད་པས་རང་གི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་སྙིང་པོར་ཟླ་བའི་སྟེང་དུ། རྡོ་རྗེ་སེམས་དཔའ་རྡོ་རྗེ་སྙེམས་མ་དང་གཉིས་སུ་མེད་པའི་ཐུགས་ཀར་ཧཱུྃ་བསམ་པ་ལས། འོད་འཕྲོས་པས་གཙོ་བོ་ནས་རིམ་པས་དཀྱིལ་འཁོར་དང༌། སྣོད་བཅུད་གསལ་བཏབ་པ་ལ་དམིགས་པ་གཏད་པས། ཐམས་ཅད་འདར་ཞིང་གཡོ་བར་བསྒོམས་ནས། འོད་ཟེར་ཚུར་འདུས་པ་ཐམས་ཅད་རིམ་གྱིས་ཕྱིའི་ཧེ་རུ་ཀའི་བར་དུ་ཐིམ་ཞིང༌། དེའི་ཡང་ཡུམ་ཡབ་དང༌། ཡབ་ཀྱང་ཞལ་གཅིག་ཕྱག་གཉིས་པར་བསྡུས་ནས། དེའང་ལྟེ་བའི་རྡོ་རྗེ་སེམས་དཔའ་དང༌། དེའི་ཡང་ཡུམ་ཡབ་དང༌། ཡབ་ཀྱང་ཐུགས་ཀའི་ཧཱུྃ་དང༌། དེའང་རིམ་གྱིས་ཐིག་ལེ་ལ་ཐིམ་ཞིང༌། ཐིག་ལེའང་མཐར་ཡལ་བར་བསྒོམས་ནས། མི་དམིགས་པའི་ངང་ལ་བློ་བཞག་པ་ནི་རྡོ་རྗེ་སེམས་དཔའ་བསྡུ་བའོ། །ཡང་རང་གི་ལྟེ་བར་པདྨ་འདབ་མ་བཞི་པར་ཤར་ནས་གཡོན་སྐོར་གྱིས། ས་རླུང༌། ཆུ་རླུང༌། མེ་རླུང༌། རླུང་རླུང་གི་རང་བཞིན་ལ་སེར་པོ། ཝ་དཀར་པོ། ར་དམར་པོ། ཡ་ལྗང་གུ་དང༌། དབུས་སུ་ནམ་མཁའི་རླུང་གི་རང་བཞིན། ཐིག་ལེ་སྔོན་པོ་རྣམས་དམིགས་ནས། དབུགས་ཕྱིར་རྒྱུ་བའི་ཚེ། ལ་ལས་འོད་ཟེར་སྐུད་པ་འབྲིང་པོའི་ཚད་ཙམ། སྣ་བུག་གཡོན་ནས་མདུན་དུ་ཐད་ཀར་སོར་བཅུ་དྲུག་གི་བར་དུ་བྱུང་ཞིང༌། ནང་དུ་འཇུག་པའི་ཚེ་ལ་ཉིད་ལ་སླར་ཐིམ་པར་བསམས་ནས་རླུང་ཁ་སྦྱོར་བྱའོ། །དེ་ལྟར་རྟག་ཏུ་བསྒོམས་པས་དུ་བ་ལྟ་བུའི་རྟགས་མཐོང་བའི་ཚེ་ལ་ཝ་ལ་བསྟིམས་ནས། ཝ་ལས་འོད་དཀར་པོ་ལྡང་འཇུག་ལ་སོགས་པ་སྔ་མ་ལྟར་བསྒོམས་པས་སྨིག་རྒྱུ་ལྟ་བུའི་རྟགས་འབྱུང་ངོ༌། །དེའི་ཚེ་ཝ་ར་ལ་བསྟིམས་ནས། འོད་དམར་པོའི་ལྡང་འཇུག་ལ་སོགས་པ་བསྒོམས་པས། མེ་ཁྱེར་ལྟ་བུའི་རྟགས་འབྱུང་ངོ༌། །དེའི་ཚེ་ར་ཡ་ལ་བསྟིམས་ནས། འོད་ལྗང་གུའི་ལྡང་འཇུག་ལ་སོགས་པ་བསྒོམས་པས་མར་མེ་ལྟ་བུའི་རྟགས་འབྱུང་ངོ༌། །དེ་ནས་ཡ་དབུས་ཀྱི་ཐིག་ལེ་ལ་བསྟིམས་ནས། འོད་དང་ལྡང་འཇུག་མི་བསྒོམ་པར་ཐིག་ལེ་ཉིད་ལ་ཡིད་གཏད་དེ། རླུང་ཁ་སྦྱོར་བསྒོམས་པས་ནམ་མཁའ་སྤྲིན་མེད་ལྟ་བུའི་རྟགས་འབྱུང་ལ། དེའི་མཐར་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཡི་གེ་བསྡུ་བའོ། །ཡི་གེ་དེ་དག་གི་དོད་དུ་ཐིག་ལེ་ལ་དམིགས་ནས། སྔ་མ་ལྟར་བསྒོམ་པ་ནི་ཐིག་ལེ་བསྡུ་བ་སྟེ་རྫོགས་པའི་རིམ་པའོ། །མཉམ་པར་གཞག་པའོ། །དེ་ནས་སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་དམིགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། ནང་དང་ཕྱིའི་དཀྱིལ་འཁོར་དང༌། སྣོད་བཅུད་ཐམས་ཅད་གསལ་བར་དམིགས་ནས། བདག་གི་སོ་དང་སེན་མོ་ལ་སོགས་པའི་ཁམས་ཉི་ཤུ་རྩ་བཞི་ནི་ཁཎྜ་ཀ་པཱ་ལི་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞིའི་ངོ་བོར་རྣམ་པར་དག་ཅིང༌། དེ་དག་གི་རྟེན་མི་ཕྱེད་མ་ལ་སོགས་པའི་རྩ་རྣམས་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་ངོ་བོར་རྣམ་པར་དག་གོ་ཞེས་བསམ་ཞིང༌། དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་བརྗོད་པས་ཀྱང་བརྟན་པར་བྱ་བ་ནི། ཁམས་དང་རྩའི་དག་པ་དང༌། ཡབ་ཀྱི་རྩ་སྔགས་ཀྱིས་རུས་པའི་རྒྱན་དག་རིགས་དྲུག་གི་ངོ་བོ་དཔལ་ཧེ་རུ་ཀ་དང༌། ཨོཾ་ཧ་ལ་སོགས་པས་འཁོར་ལོ་ལ་སོགས་པའི་རྒྱན་དྲུག་དཔའ་བོ་དྲུག་དང༌། ཡུམ་གྱི་རྩ་སྔགས་ཀྱིས་མགྲིན་པའི་ཕྲེང་བ་རྡོ་རྗེ་ཕག་མོ་དང༌། ཡབ་ཀྱི་སྙིང་པོས་མི་མགོའི་དོ་ཤལ་དང༌། ཉེ་སྙིང་གིས་རྣ་རྒྱན་དང༌། ཡུམ་གྱི་སྙིང་པོས་གླང་པོ་དང་སྟག་གི་པགས་པ་དང༌། ཨོཾ་བྃ་ལ་སོགས་པས་སྐ་རགས་དཔའ་མོ་དྲུག་དང༌། གཙོ་མོའི་སྙིང་པོ་ལ་སོགས་པ་དཔའ་མོ་སུམ་ཅུ་རྩ་བདུན་གྱི་སྔགས་ཀྱིས་ཕྱག་མཚན་དང༌། མཚམས་བཞིའི་ཐོད་པ་དང་ཡུམ་གྱི་ཉེ་སྙིང་གིས་མི་མགོའི་དབུ་རྒྱན་རྣམས་སྔགས་དང་ལྷ་དེ་དག་གི་ངོ་བོར་དྲན་པར་བྱ་ཞིང༌། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མོར་བཤད། །ཅེས་དག་པ་དྲན་པར་བྱས་ནས། དཔའ་བོ་དང༌། དཔའ་མོ་དང་གོ་ཆ་ཆེན་པོས་བསྲུངས་ལ། སུམྦྷ་ནིའི་སྔགས་ལན་གཉིས་ཀྱིས་ཕྱོགས་མཚམས་བཅིངས་ཏེ། བདག་དང་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར། བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། སེམས་ཀྱི་རྟོག་པ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བསྒོམས་ནས། ཡབ་ཀྱི་རྐང་པ་བརྒྱད་པ་བརྗོད་པས་བྱིན་གྱིས་བརླབས་ལ། ཡུལ་རྣམས་ལ་སྡང་ཞེན་མེད་པར་ལོངས་སྤྱོད་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །དེ་ནས་མངོན་པར་བཤམས་པའི་གཏོར་མ་སུམྦྷས་བསང༌། སྭ་བྷཱ་ཝས་སྟོང་པར་བསམས་པའི་ངང་ལས། ཡཾ་ལས་རླུང་དང༌། རྃ་ལས་མེའི་སྟེང་དུ། ཨཱཿལས་ཐོད་པ་ཡངས་པར། ཨ་ལས་ཟླ་བའི་སྟེང་དུ་ཤར་ནས་གཡས་སྐོར་དང་དབུས་སུ། གོ ཀུ། ད། ཧ། ན་ལས། བ་ལང༌། ཁྱི། རྟ། གླང་པོ་ཆེ། མིའི་ཤ་དང༌། དེའི་སྟེང་དུ། བི། མུ། ཤུ། མ། ར་ལས། དྲི་ཆེན། དྲི་ཆུ། བྱང་ཆུབ་ཀྱི་སེམས། ཤ་ཆེན་གྱི་དྭངས་མ། རཀྟ། དེའི་སྟེང་དུ། ཧཱུྃ། བྷྲཱུྃ། ཨཱྃ། ཛྲཱྃ། ཁྃ་ལས་ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པའི་ཡེ་ཤེས་སུ་བསམས་པའི་སྟེང་དུ། ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་བ། དེའི་སྟེང་དུ་ཨ་ལས་ཟླ་བའི་སྟེང་ན་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། འོད་ཟེར་འོག་ཏུ་འཕྲོས་ནས་རླུང་གཡོས་ཤིང་མེ་སྦར་བས། རྫས་རྣམས་བཞུ་ཞིང་བསྐོལ་བའི་རླངས་པ་གྱེན་དུ་སོང་བས་བསྐུལ་ནས། ཨོཾ་དང་ཟླ་བ་དང་སྣ་ཚོགས་རྡོ་རྗེ་ལས་བདུད་རྩི་བབས་ཤིང༌། འོད་ཟེར་རླངས་པ་དང་བཅས་པ་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དཔག་ཏུ་མེད་པ་སྤྱན་དྲངས་པ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་དང་ཨོཾ་དང་བཅས་པ་རྣམས་གཏོར་མ་ལ་ཐིམ་པས། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ལ། ཨོཾ་ཨཱཿཧཱུྃ་དང༌། ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་གྱི་ནམ་མཁར་སྐད་ཅིག་གིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དམིགས་ལ། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དུར་ཁྲོད་བརྒྱད་ཀྱང་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བརྒྱད་དུ་གྱུར་པ། ཡེ་ཤེས་པ་དང་རོ་གཅིག་པར་བྱས་པའི་ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བའི་ལམ་ནས་གསོལ་བར་བསམ་ཞིང་རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་བཛྲ་ཨཱ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནཱི་ས་མཱ་ཡ་སྟྭཾ་དྲི་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ། ཞེས་ལྷའམ་འཁོར་ལོའི་གྲངས་དང་མཉམ་པ་དང༌། དཔའ་བོ་ཉི་ཤུ་རྩ་བཞིའི་ཕྲེང་སྔགས་ཀྱིས་ཕུལ་ནས་ཕྱི་ནང་ཡིད་ལས་བྱུང་བས་མཆོད་ལ། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་དེ། འདོད་པའི་དོན་ལ་གསོལ་བ་བཏབ་ལ་ཡི་གེ་བརྒྱ་པ་བརྗོད་ཅིང༌། ནོངས་པ་བཟོད་པར་གསོལ་ནས། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་བདག་ལ་བསྡུའོ། །འཇིག་རྟེན་པ་ལ་ནི་མཁའ་འགྲོ་སྤྱིའི་གཏོར་མས་དབུལ་ལོ། །གཏོར་མའི་རྣལ་འབྱོར་རོ། །ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། རང་ཧེ་རུ་ཀར་དམིགས་པའི་ལྟེ་བར་གཏུམ་མོའི་མེ་འབར་བས་ལུས་ཡོངས་སུ་གང་བའི་ཁྲོད་ན། སྙིང་གར་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། ནང་གི་གཙོ་བོའི་རིགས་བདག་ཏུ་བླ་མ་བཞུགས་ཤིང༌། ལྟོ་བར་དུར་ཁྲོད་ན་གནས་པའི་ལྷ་རྣམས་དང༌། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གནས་པར་བསམས་ལ། ལག་པའི་མཆོད་པས་ལག་པའི་ལྷ་མཆོད་ནས། ལག་པ་གཉིས་དགང་བླུགས། ཁ་ཧོམ་ཁུང༌། ཁ་ཟས་བསྲེག་རྫས་སུ་དམིགས་ཏེ་ཤིན་ཏུ་ཞེན་པར་མི་བྱ་ཞིང་རོ་ཕྱིན་པར་ཟོས་ནས། ལྷག་མ་ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱས་ལྷག་མ་ལ་དབང་བའི་འབྱུང་པོ་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ།།  །།དེ་ལྟར་རྣལ་འབྱོར་བཞི་ཡན་ལག་དང་བཅས་པ་ལ་གོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱིས་བརྟན་པར་བྱས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པ་དང༌། གཞན་གྱི་དོན་དུ་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པས་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས་བགྲོད་དེ་ཉེ་བའི་རྒྱུས་མཚམས་སྦྱར་ནས། རང་དང་གཞན་གྱི་དོན་ལྷུན་གྱིས་གྲུབ་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །གནས་སྐབས་ཀྱི་འབྲས་བུ་ནི་ཞར་ལས་འབྱུང་བ་ཉིད་དོ། །འདི་ཡང་རང་གི་སློབ་མ་མཆོག །ཇི་བིག་དེ་མུར་གྱིས་བསྐུལ་ནས། །འཕགས་པས་སྦྱར་བའི་དགེ་བ་ཡིས། །འགྲོ་ཀུན་ཧེ་རུ་ཀར་གྱུར་ཅིག །སློབ་དཔོན་ལཱུ་ཧི་པའི་རྗེས་སུ་འབྲང་བའི་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་འདི་ནི། འཕགས་པས་ལྕགས་མོ་ལུག་གི་ལ།ོ སྨིན་དྲུག་ཟླ་བའི་ཚེས་ཉི་ཤུ་ལྔའི་ཉིན་པར་ཤིང་ཀུན་གྱི་མཁར་དུ་ཉུང་ཞིང་གསལ་བའི་ཚིག་གིས་རྣམ་པར་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*