བདེ་མཆོག་གི་རྒྱུན་བཤགས།

༼ཕ༽

༄༅། །བདེ་མཆོག་གི་རྒྱུན་བཤགས་བཞུགས།།

༄༅། །ན་མོ་གུ་རུ་བྷཊྚཱ་ར་ཀཱ་ཡ། ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལེ་བྷྱཿ དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ། །ཐུགས་རྗེ་ཆེན་པོས་ཐབས་ཚུལ་སྣ་ཚོགས་ཀྱིས། །གདུལ་བྱ་ཀུན་མཁྱེན་ས་ལ་འགོད་མཛད་པ། །བླ་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཡེ་ཤེས་ཆེན་པོའི་སྐུ། །སྤྲུལ་པའི་འོད་འཕྲོ་ཤེས་རབ་ཕག་མོས་འཁྱུད། །བྱང་ཆུབ་ཕྱོགས་ཆོས་དཔའ་བོ་དཔའ་མོའི་ཚོགས། །སྲིད་ཞིའི་དབང་ཕྱུག་ཀུན་ལ་ཕྱག་འཚལ་ལོ། །ཉེ་བར་བཀོད་དང་བདག་པོས་མ་བཟུང་དང༌། །གསང་བའི་རྫས་དང་ཟག་མེད་བདེ་ཆེན་དང༌། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་ནི། །ནམ་མཁའ་དག་དང་མཉམ་པས་རྟག་ཏུ་མཆོད། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་པས། །ལུས་ངག་ཡིད་ཀྱིས་སྡིག་པ་ཅི་བགྱིས་དང༌། །བགྱིད་དུ་སྩལ་དང་དེ་ལ་ཡི་རང་བའི། །ཉེས་པའི་ཚོགས་རྣམས་མགོན་པོའི་སྤྱན་སྔར་བཤགས། །དེང་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཐུགས་རྗེའི་བདག་ཉིད་བླ་མ་དམ་པ་དང༌། །ཡོན་ཏན་མཐའ་ཡས་རྒྱལ་དང་དམ་པའི་ཆོས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་བདག་སྐྱབས་མཆི། །གསང་བ་བླ་མེད་འཁོར་ལོ་སྡོམ་པ་ཡི། །ཐུན་མོང་བ་དང་ཁྱད་པར་དམ་ཚིག་ཀུན། །བདག་གིས་ཡོངས་སུ་གཟུང་ཞིང་བྱང་ཆུབ་བར། །ལུས་ངག་ཡིད་ཀྱིས་འབད་དེ་བསྐྱང་བར་བགྱི། །དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དགྲ་བཅོམ་དང༌། །སོ་སོའི་སྐྱེ་བོའི་དགེ་བ་ཅི་མཆིས་པ། །མ་ལུས་པ་ལ་རྗེས་སུ་ཡི་རང་ངོ༌། །ཕྱོགས་བཅུའི་བདེར་གཤེགས་སྲས་དང་བཅས་རྣམས་ཀྱིས། །འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ལྟར། །བདག་གིས་ཀྱང་ནི་བྱང་ཆུབ་སེམས་བསྐྱེད་ཅིང༌། །བྱང་ཆུབ་སྤྱོད་པ་བླ་མེད་སྤྱད་པར་བགྱི། །མ་ལུས་ཕྱོགས་བཅུའི་ཞིང་ན་བཞུགས་གྱུར་པའི། །རྒྱལ་བ་ཀུན་གྱི་དྲུང་དུ་བདག་མཆིས་ཏེ། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་ཀུན་ཀུན་མཁྱེན་གོ་འཕང་ལ་གནས་པར། །ནམ་མཁའི་མཐར་ཐུག་གྱུར་པའི་སངས་རྒྱས་རྣམས། །མྱ་ངན་མི་འདའ་བཞུགས་ནས་གདུལ་བྱ་ཡི། །དོན་ཀུན་མཛད་པར་བདག་གིས་གསོལ་བ་འདེབས། །བདག་གིས་སེམས་ཅན་ཀུན་གྱི་དོན་སླད་དུ། །ཧེ་རུ་ཀ་དཔལ་གོ་འཕང་བསྒྲུབ་པའི་ཕྱིར། །ཟབ་མོ་འཁོར་ལོ་སྡོམ་པའི་ལམ་གྱི་མཆོག །རིམ་པ་གཉིས་ལ་ཡང་དག་གནས་པར་བགྱི། །དེ་ལས་བྱུང་བའི་དགེ་བའི་རྩ་བ་མཆོག །དྲི་མེད་རབ་ཏུ་དཀར་བ་གང་ཡོད་དེས། །སྐུ་གསུམ་བདག་ཉིད་ཧེ་རུ་ཀར་གྱུར་ནས། །འཁོར་འདས་མ་ལུས་ཡོངས་སུ་འདྲེན་པར་ཤོག །རྡོ་རྗེ་འཛིན་པ་ཁྱོད་ཀྱིས་ལེགས་བསྒྲུབས་པའི། །གནས་པ་འདི་ནི་ལེགས་པར་གནས་པ་སྟེ། །ལམ་མཆོག་འདི་ཡིས་རིང་པོར་མི་ཐོགས་པར། །རང་གཞན་དོན་རྫོགས་ཧེ་རུ་ཀར་འགྱུར་རོ། །བླ་མ་མཆོག་དང་ཀུན་བཟང་ཧེ་རུ་ཀའི། །བཀའ་དྲིན་ཆེན་པོས་བདག་ཀྱང་ལེགས་བསྐྱངས་ནས། །དངོས་གྲུབ་ཆེན་པོས་བདག་ཡིད་ཚིམ་མཛོད་ལ། །སངས་རྒྱས་ཡུལ་དུ་གཤེགས་ནས་སླར་ཡང་བྱོན། །ཚུལ་འདི་ནི་མའི་མ་གསང་བ་བླ་ན་མེད་པ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པའི་དགོངས་པ། དཔལ་ནཱ་རོ་པ་ལས་བརྒྱུད་དོ་འོངས་པའོ། །ཚིགས་སུ་བཅད་པར་གང་གིས་བསྡེབས་ཤེ་ན། དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་ཞིང༌། དེ་ཉིད་ཀྱི་རྗེས་སུ་བཟུང་བའི་དགེ་ཚུལ་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། ཆུ་ཕོ་བྱ་ཡི་ལོ་རྟ་པའི་ཟླ་བའི་ཚེས་བརྒྱད་ལ་བྱང་ངོས་ལིང་ཆུ་ཙེར་ཁབ་ཏུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*