༼ཕ༽
༄༅། །ལུས་དཀྱིལ་གྱི་བདག་འཇུག་བཞུགས།།
༄༅། །དཔལ་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དབང་བྱེད་དབང་གིས་དབང་བྱའི་འབྲས། །བསྒྲུབ་ཕྱིར་དབང་རབ་བསྐུར་མཛད་པའི། །བླ་མ་མཆོག་ལ་ཕྱག་འཚལ་ནས། །དབང་ཉིད་ལམ་དུ་བྱ་བ་བཤད། །དེ་ལ་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། འདིའི་རྣལ་འབྱོར་ལ་ཡིད་བརྟན་པས། རང་གིས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་དབང་བླངས་བས་བྱང་ཆུབ་བསྒྲུབ་པའི་ཕྱིར། དབེན་པའི་གནས་སུ་རྟེན་དང་ཕྱི་ནང་གི་མཆོད་པ་དང༌། གཏོར་མ་གསུམ་དང༌། བུམ་པ་གཉིས་དང༌། རྡོ་རྗེ་དྲིལ་བུ་ལ་སོགས་པ་འདིར་དགོས་པའི་རྫས་དང༌། མཆོད་པའི་ཡོ་བྱད་རྣམས་སྟ་གོན་དུ་བྱས་ལ། རྣལ་འབྱོར་ལ་མཉམ་པར་འཇོག་ནུས་པའི་གྲོགས་དང་བཅས་ཏེ་འཁོད་ནས། མཁའ་འགྲོ་སྤྱི་གཏོར་ལྟར་སྔོན་འགྲོའི་གཏོར་མས་དེར་འདུས་པའི་འབྱུང་པོའི་ཚོགས་ཚིམ་པར་བྱས་ལ། གསང་སྤྱོད་ལྟ་བར་མི་དབང་བ་བསྐྲད་ནས། དབང་བ་རྣམས་ལ་གྲོགས་བཅོལ་ཏེ། གཏོར་མ་དོར་ཏེ་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ནས་ཡི་གེ་བརྒྱ་པས་རྒྱུད་སྦྱངས་ཏེ། རྣལ་འབྱོར་བསྒོམ་པ་དང༌། བཟླས་པ་དང༌། བདག་བསྐྱེད་ལ་མཆོད་པའི་བར་བྱའོ། །དེ་ནས་མཆོད་རྫས་རྣམས་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས་ཨ་ལས་ཐོད་པ་རྣམས་ཀྱི་ནང་དུ། མཆོད་ཡོན། ཞབས་བསིལ། མེ་ཏོག སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས། ས་དང༌། ནམ་མཁའ་དང༌། བར་སྣང་གང་བར་བསྐྱེད་ནས་སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དུ་དམིགས་པའི་རྟེན་ཡོད་དམ། མེད་ཀྱང་རུང་སྟེ། སྐད་ཅིག་གིས་རི་རབ་ཀྱི་སྟེང་སྲུང་འཁོར་གྱི་ནང་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ནང་སྐོར་གྱི་རིམ་པ་ལྔའི་ལྟེ་བར་རང་གི་བླ་མ་འཁོར་ལོ་བདེ་མཆོག་གི་རྣམ་པ་སྐུ་ལ་ལྷ་དྲུག་ཅུ་རྩ་གཉིས་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པ་དང༌། ཕྱོགས་བཞིར་སྙིང་པོའི་རྣལ་འབྱོར་མ་བཞི། མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་བཞི་སྟེ། བདེ་ཆེན་གྱི་འཁོར་ལོ་དང༌། དེའི་ཕྱི་རོལ་ཏུ་ཐུགས་དང༌། གསུང་དང༌། སྐུའི་འཁོར་ལོ་དང༌། དེའི་ཕྱི་རོལ་འོག་གི་གཞི་ལ་ཕེབས་པར། སྒོ་མཚམས་མ་རྣམས་རང་གིས་བསྒོམས་པ་ལྟ་བུའི་རྣམ་པ་ཅན་དམིགས་ནས། རིགས་བདག་གིས་རྒྱས་གདབ་པའི་བར་བདག་བསྐྱེད་ལྟར་བསྒོམས་པ་ལ། ཕྱི་དང༌། ནང་དང༌། མཉེས་པ་དང༌། ཡིད་ལས་བྱུང་བ་དང༌། བསྟོད་པའི་བར་གྱིས་མཆོད་ནས། གཏོར་མ་གསུམ་གྱི་དང་པོ་འཁོར་ལོ་བདེ་མཆོག གཉིས་པ་ཆོས་སྐྱོང༌། གསུམ་པ་མཁའ་འགྲོ་སྤྱིའི་གཏོར་མའི་ཆོ་གས་འབུལ་ལོ། །དེ་ནས་མཚན་ཉིད་དང་ལྡན་པའི་བུམ་པ་གཉིས་བཤམས་པ་བསང་ཞིང་སྦྱངས་པའི་ངང་ལས། པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྷའི་གོས་དང༌། དཔག་བསམ་གྱི་ཤིང་གིས་ཁར་བརྒྱན་པ་བསྐྱེད་ལ། རྣམ་རྒྱལ་གྱི་བུམ་པར་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གདན་དང༌། ལས་ཐམས་ཅད་པའི་བུམ་པར་བདེ་ཆེན་གྱི་དཀྱིལ་འཁོར་འབའ་ཞིག་གི་གདན་དམིགས་ལ། གཉིས་ཀའི་ནང་དུ་ཨཱ་ལི་གཉིས་ལས་ཟླ་བ། དེའི་སྟེང་དུ་ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པའི་ཀཱ་ལི་གཉིས་ལས་ཉི་མ། རྣམ་རྒྱལ་གྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ། ལྷ་རྣམས་ཀྱི་ས་བོན་རྣམས་དང་ལས་ཐམས་ཅད་པར་བདེ་ཆེན་ལྷ་ལྔའི་ས་བོན་བཀོད་ནས། དེ་དག་འདྲེས་པ་ལས་རྣམ་རྒྱལ་དུ་ལྷ་དྲུག་ཅུ་རྩ་གཉིས་དང༌། ལས་ཐམས་ཅད་པར་ལྷ་ལྔ་བསྐྱེད་ནས། རིགས་བདག་གིས་རྒྱས་གདབ་པའི་བར་བདག་བསྐྱེད་ལྟར་བྱས་པ་ལ་བསྟོད་པའི་བར་གྱིས་མཆོད་ནས། རང་གི་སྙིང་ག་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་བརྟེན་ཏེ་སོང་བས་ལྷ་རྣམས་ཀྱི་རྒྱུད་བསྐུལ་ནས། སྐུ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས། བུམ་པ་གང་བར་བསམ་ཞིང་རྣམ་རྒྱལ་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ཀཱ་ཀཱ་སྱེ། ཨུ་ལཱུ་ཀཱ་སྱེ། ཤྭ་ནཱ་སྱེ། སཱུ་ཀ་རཱ་སྱེ། ཡ་མ་དཱ་དྷི། ཡ་མ་དཱུ་ཏི། ཡ་མ་དཾཥྚྲཱི་ཎཱི། ཡ་མ་མ་ཐ་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་རིགས་པ་བཟླས་ཤིང་ལས་ཐམས་ཅད་པར། ཨོཾ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བཱན་བིདྱཱ་རཱ་ཛཱ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་ཡ་མ་ཤྲཱི་ཧཱུྃ། ཞེས་ཅི་རིགས་པར་བཟླས་ནས་སླར་ཡང་མཆོད་ཅིང་བསྟོད་ལ། དུང་ཆོས་ཀྱི་ཆུ་བླུགས་པས། ཐམས་ཅད་འོད་དུ་ཞུ་བ་ལས་བྱུང་བའི་ཆུར་བལྟའོ། །བུམ་པའི་ཆོ་གའོ།། །།དེ་ནས་རང་ཉིད་ཕྱིའི་ཧེ་རུ་ཀ་ཕྱག་གཉིས་པར་བསྡུས་ལ། བླ་མ་དང་གཙོ་བོ་ཐ་མི་དད་པའི་མདུན་དུ་དབང་བླངས་ཏེ། བླ་མས་མཛད་རྒྱུ་རྣམས་དེས་མཛད་ལ། ལས་ཀྱི་བྱ་བ་རྣམས་དེའི་ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཕྱག་གཉིས་པས་མཛད་ཅིང༌། སློབ་མའི་བྱ་བ་རྣམས་རང་གིས་དངོས་སུ་བྱའོ། །དེ་ནས་མཎྜལ་ཕུལ་ནས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་བ་ལ། བླ་མས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་བྱུང༌། །བདེན་པ་དེས་ནི་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་གྱིས་བདེན་པའི་སྟོབས་བརྗོད་ནས། ཨ་ཁཾ་བཱི་ར་ཧཱུྃ་གིས་གདོང་གཡོགས་བཅིང་ཞིང༌། མེ་ཏོག་ཕྲེང་བ་གཏད། ལས་ཐམས་ཅད་པའི་ཆུ་དང་སུམྦྷས་བསང༌། བདུད་རྩི་ལྕེ་ལ་བཞག་ཅིང༌། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་པའི་ལན་དུ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་པའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་བཏབ་ནས་རང་གི་སྙིང་གི་ནང་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཟླ་བའི་སྟེང་དུ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་བསམས་ནས། དངོས་སུ་རྡོ་རྗེས་གཏུག་ཅིང༌། ཨོཾ་བཛྲ་ཡོ་ག་ཙིཏྟ། ཨུཏྤཱ་ད་ཡ་མི། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྤྱི་བོར་རྡོ་རྗེ་གཏུག་ཅིང་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་གསུང་བར་གདམས་ནས། སྒོ་མས་ལུས་ཀྱི་དཀྱིལ་འཁོར་གྱི་སྒོ་དྲུང་དུ་ཁྲིད་པར་བསམ་ཞིང་ཛཿཧཱུྃ་བྃ་ཧོཿཞེས་བརྗོད་དེ། ཕྱིའི་འཇུག་པའོ། །དེ་ནས་སྙིམ་པར་མེ་ཏོག་དང་བཅས་པས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །ཞེས་པས་བླ་མ་དང༌། དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་སྐྱབས་མཆི། །ཞེས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྐྱབས་སུ་སོང་ནས། དོན་དམ་སྨྲ་བའི་སེང་གི་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོད་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་བདག་ལ་གྲུབ་པར་མཛོད། །ཅེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་བླ་མས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་གྱིས་རང་གི་སྐུའི་དཀྱིལ་འཁོར་ལ་གསོལ་བ་གདབ་བར་བསམ་མོ། །དེ་ནས་བླ་མས་སྡོམ་པ་ལེན་དུ་གཞུག་པའི་ཕྱིར། གོང་ནས་གང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་གསུང་བ་ཁས་བླང་བའི་ཕྱིར། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་བརྗོད་ནས། ཐུན་མོང་གི་སྡོམ་པ་ཁས་བླང་བའི་ཕྱིར། བླ་མའི་གསུང་གི་རྗེས་སུ་བཟླས་པར་བསམ་ཞིང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་ནས་ཁྱད་པར་གྱི་སྡོམ་པ་གཟུང་བའི་ཕྱིར། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཧེ་རུ་ཀ་དཔལ་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་བརྗོད་ནས་ཁྱད་པར་གྱི་དམ་ཚིག་བླང་ངོ༌། །དེ་ནས་བླ་མས་ཨོཾ་སརྦ་བིགྷྣཱན། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་པས་བགེགས་རྣམས་ལ་གཏོར་མ་གསུམ་བྱིན་ནས་སུམྦྷའི་སྔགས་དང་བཅས་པའི་ཏིང་ལོ་དང༌། ཆང་བུ་ལན་གསུམ་བྱིན་པས་ཀྱང་བསྐྲད་ལ། གུ་གུལ་གྱི་དུད་པས་བདུག་ཅིང་ཡུངས་ཀར་གྱིས་བྲབ་སྟེ། སུམྦྷའི་སྔགས་ཀྱི་མཐར། བགེགས་གང་དག་མི་འགྲོ་བ་དེ་དག་གི་མགོ་ཚལ་པ་བརྒྱར་འགས་པར་བྱའོ། །ཞེས་གསུངས་པས་བགེགས་སྦྱངས་ནས། རང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྃ་གི་རྣམ་པས་སྣ་བུག་ནས་འཐོན་ཏེ་ཏིལ་ལ་ཐིམ་པས། གཡས་སུ་ཡེ་ཤེས་ཀྱི་མེ་དང༌། གཡོན་དུ་རྒྱ་མཚོར་དོར་བར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་ཡང་ཡང་བརྗོད་པས་སྡིག་པ་སྦྱངས་ནས་ལས་ཐམས་ཅད་པའི་བུམ་པས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་ལ་སོགས་པའི་སྔགས་དང་ཚིགས་སུ་བཅད་པ་བརྗོད་པས་དྲི་མ་སྦྱང་ངོ༌། །དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་རང་ཉིད་སྟོང་པར་སྦྱངས་པའི་ངང་ལས་སྐད་ཅིག་གིས་ཕྱིའི་ཧེ་རུ་ཀ་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་ཤིང༌། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚང་བ་གོ་ཆ་གཉིས་དང་བཅས་པ་དམིགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཨཱ་ལི་ཀཱ་ལིའི་རྣམ་པར་ཐིམ་ཞིང༌། བླ་མས་ཨཱ་ལི་ཀཱ་ལི་བརྗོད་པས་བྱིན་གྱིས་རློབ་པར་བསྒོམ་པ་ནི། ནང་དུ་འཇུག་པའི་དངོས་གཞིའོ། །དེ་ལྟར་ཐོབ་པའི་དམ་ཚིག་མི་ཉམས་པར་བསྲུང་དུ་གཞུག་པའི་ཕྱིར། བླ་མས་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བསྲུངས་པའི་ཕན་ཡོན་དང༌། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་མ་བསྲུངས་པའི་ཉེས་དམིགས་དང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཋཿཋཿཧཱུྃ་ཞེས་པས་བདུད་རྩི་བླུད་པས་ཕན་ཡོན་དང༌། ཉེས་དམིགས་གཉིས་ཀ་དང༌། ཁྱོད་ཀྱིས་སྨད་པར་མི་བྱ་ཞིང༌། །དམ་ཚིག་དང་འགལ་མི་བྱ་སྟེ། །དམྱལ་ལ་སོགས་པར་འགྲོ་འགྱུར་རོ། །ཞེས་བླ་མའི་བཀའ་གཉན་པར་བསྒོ་བས་དམ་ལ་བཞག་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག ཅེས་ལན་གསུམ་དུ་གསོལ་བ་བཏབ་སྟེ། དངོས་པོ་དང་མཚན་མ་ལ་མ་ཞེན་པའི་དང་ལས་རང་ཧེ་རུ་ཀར་དམིགས་པའི་རྐང་པའི་མཐིལ་གྱི་ཛྷཻཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སྡིག་པ་དང་རྟོག་པ་ཐམས་ཅད་བསྲེག ལུས་ཀྱི་ལྷ་རྣམས་གསལ་བཏབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བདེ་མཆོག་གི་ལྷའི་རྣམ་པས་བདག་ལ་ཐིམ་པར་བསམ་ཞིང༌། གུ་གུལ་བྱི་ལའི་བྲུན། ཟླ་མཚན་དང་ལྡན་པའི་འདོམ་དཀྲིས་ཀྱི་རས་བསྲེགས་པས་བདུགས་ནས། བླ་མས་ཡབ་ཡུམ་གྱི་སྙིང་པོ་དང༌། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུྃ། ཨོཾ་ཤྲཱི་ཧེ་རུ་ཀ་བིདྱཱ་མ་ཧེ། བིདྱཱ་རཱ་ཛཱ་དྷཱིཿམ་ཧེ་སྭཱ་ཧཱ། ཞེས་གསུངས་པར་བསམ་ཞིང་ཡིད་གཟུང་ངོ༌། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ནས་ཏིཥྛ་བཛྲས་བརྟན་པར་མཛད་པར་བསམ་མོ། །ཡེ་ཤེས་དབབ་པའོ། །དེ་ནས་ཨོཾ་པྲ་ཏཱིཙྪ་བཛྲ་ཧོས་མེ་ཏོག་གི་ཕྲེང་བ་བླ་མའི་ཐུགས་ཀའི་གཙོ་བོ་ལ་ཕུལ་ནས། བླ་མས་ཨོཾ་པྲ་ཏི་གྲྀཧྞ་སྟྭ་མི་མཾ་ས་ཏྭ་མ་ཧཱ་བ་ལ་ཨོཾ། ཞེས་གསུང་ཞིང་མེ་ཏོག་མགོ་བོར་བཞག་ནས། རང་གི་མིག་འབྲས་གཉིས་སུ་ཨོཾ་བསྐྱེད་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་པས་གདོང་གཡོགས་ཕྱེ་ནས། རང་བཞིན་གྱིས་ནི་དག་པའི་བདག །ལུས་ནི་རང་བཞིན་དྲི་མ་མེད། །དཔའ་བོ་དཔའ་མོ་དབང་མོའི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །དེ་ནས་གནས་དང་ཉེ་གནས་སོགས། །བདག་ཉིད་དཀྱིལ་འཁོར་ལུས་དཀྱིལ་འཁོར། །ལ་གནས་བྱང་ཆུབ་ཕྱོགས་ཀྱི་ཆོས། །སུམ་ཅུ་རྩ་བདུན་རང་བཞིན་ཏེ། །རྩ་ནི་སུམ་ཅུ་རྩ་བདུན་པའོ། །ལྷ་ཡི་འཁོར་ལོ་དཀྱིལ་འཁོར་རོ། །དཔལ་ནི་ཧེ་རུ་ཀ་ཡི་ནི། །ཡན་ལག་ཡན་ལག་ཉེར་བསྟན་བྱ། །ཞེས་གསུངས་པས་སྐུའི་དཀྱིལ་འཁོར་བསྟན་ནས། བདག་གི་ཡིད་ཀྱིས་ཀྱང་མངོན་སུམ་ལྟར་བལྟའོ། །འཇུག་པའི་ཆོ་གའོ། །དེ་ནས་མཎྜལ་ཕུལ་ལ། ཆས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། བདག་བླ་མའི་མདུན་དུ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མའི་གདན་ལ་བཞུགས་པའི་དཔལ་ཧེ་རུ་ཀར་དམིགས་པའི་སྟེང་དུ་གདུགས་དཀར་པོ་དང་ཕྱོགས་ཐམས་ཅད་ནས་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་བསམ་ཞིང༌། གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་སྒོ་མཚམས་མ་བརྒྱད་ཀྱིས་བགེགས་ཐམས་ཅད་བསྐྲད། མཆོད་པ་ཐམས་ཅད་ཀྱིས་མཆོད། བཀྲ་ཤིས་བརྗོད་ཁྲུས་གསོལ་ཏེ། མེ་ཏོག་གི་ཆར་ཕབ་ནས་ཤིས་པ་མཛད་པར་བསམ་མོ། །དེ་ནས་བླ་མའི་ནང་གི་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཀ་ནས། སྔགས་ཀྱི་ཕྲེང་བ་འཕྲོས་པས་རང་གི་ཁར་ཞུགས་ནས་སྙིང་གའི་ཧཱུྃ་གི་ཐ་མར་གཡོན་སྐོར་དུ་འཁོད་པས་སྔགས་ཀྱི་དབང་ཐམས་ཅད་ཐོབ་པར་བསམ་ཞིང༌། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཞེས་ལན་གསུམ་བརྗོད་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་དོ། །མེ་ཏོག་སླར་ཕུལ། བླ་མས་ཕྲེང་བ་དེ་ཉིད་སྔགས་སུ་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་གསུང་ཞིང་མེ་ཏོག་སྤྱི་བོར་བཞག་པར་བསམ་པ་ནི་སྔགས་ཀྱི་དབང་ངོ༌། །དེ་ནས་རིག་པའི་དབང་ལྔ་བླང་བའི་ཕྱིར། བདག་དང་རྣམ་རྒྱལ་གྱི་བུམ་པ་སྭ་བྷཱ་ཝས་སྦྱངས་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་པས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བཀོད་ནས། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་ནས་ཞུ་བ་ལས་བྱུང་བའི་ཆུར་བལྟས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཁྱེད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་དབང་གི་ལྷ་དྲུག་ཅུ་རྩ་གཉིས་ནམ་མཁར་བྱོན་ནས། གཙོ་བོས། ཇི་ལྟར་བལྟམས་པ་ལ་སོགས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཧཱུྃ་ཙཀྲ་བཱི་ར་སྟྭཾ་ཨ་བྷི་ཥིཉྩཱ་མི། ཨོཾ་ཀཱ་ཀཱ་སྱེ་ལ་སོགས་པའི་སྔགས་ཀྱི་མཐར། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུས་དབང་བསྐུར། སྙིང་པོའི་རྣལ་འབྱོར་མ་བཞིས་རྡོ་རྗེའི་གླུ་ལེན། དཔའ་བོ་དང་རྣལ་འབྱོར་མ་ཉི་ཤུ་རྩ་བཞིས་བཀྲ་ཤིས་བརྗོད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད་ཅིང་མཆོད། དབང་གི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག མི་བསྐྱོད་པས་དབུར་བརྒྱན་པ་ནི་ཕྱིའི་དབང་ངོ༌། །སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྣམ་པས་སྤྱན་དྲངས་པ་སྙིང་གའི་སྒོ་ནས་ལུས་ལ་ཐིམ་པས། བདག་མི་བསྐྱོད་པར་གྱུར་པ་ནི་ནང་གི་དབང་ངོ༌། །དེ་ནས་དངོས་སུ་མཆོད་ནས་ཆུའི་དབང་ཐོབ། ཞེ་སྡང་དག རྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མི་བསྐྱོད་པའི་དངོས་གྲུབ་ཐོབ་པར་བསམ་མོ། །ཡང་སྟོང་པའི་ངང་ལས་རང་གི་སེམས་དང༌། དབུ་རྒྱན་ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ་ལས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་དང་སྦྱོར་བར་དམིགས་ནས། གནས་གསུམ་བྱིན་གྱིས་བརླབས་ལ་དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས་ལྷ་དེ་རྣམས་ཀྱིས། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའི། །རིན་ཆེན་དབུ་རྒྱན་དམ་པ་དང༌། །སངས་རྒྱས་རྣམས་ཀྱིས་རབ་བསྔགས་པའི། །དབུ་རྒྱན་དབང་བསྐུར་སྦྱིན་པར་བྱ། །ཞེས་པ་དང༌། ཡུམ་གྱི་ཉེ་སྙིང་གི་མཐར། ཨོཾ་པྲ་ཏཱིཙྪ་མ་ཧཱ་མུ་ཀུ་ཊ་ཧོ། ཞེས་པས་དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཞུ་བ་ལས་བྱུང་བའི་དབུ་རྒྱན་སྤྱི་བོར་བཞག་ནས། སྔ་མ་ལྟར་བུམ་པའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ནི་ཕྱིའི་དབང་ངོ༌། །དཔྲལ་བའི་ཨཱྃ་ལས་འོད་འཕྲོས་པས་སངས་རྒྱས་རྣམས་རིན་ཆེན་འབྱུང་ལྡན་གྱི་རྣམ་པས་སྤྱན་དྲངས་པ། དཔྲལ་བ་ནས་ལུས་ལ་ཐིམ་པས། རང་ཉིད་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར་པ་ལ་མཆོད་ནས། ཅོད་པཎ་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་བ་གནས་གྱུར། མཉམ་པ་ཉིད་དང་རིན་ཆེན་འབྱུང་ལྡན་གྱི་དངོས་གྲུབ་ཐོབ་པར་བསམ་མོ། །ཡང་སྟོང་པའི་ངང་ལས་རང་གི་སེམས་དང་རྡོ་རྗེ་ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ་ལ་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ཡུམ་གོས་དཀར་མོ་དང་སྦྱོར་བར་དམིགས་ནས། གནས་གསུམ་བྱིན་གྱིས་བརླབས་ལ། དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས་ལྷ་དེ་རྣམས་ཀྱིས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཱི་ར་ས་མ་ཡ་སྟྭཾ་ཞེས་པས། དབང་རྫས་ཀྱི་འོད་དཔག་མེད་ཞུ་བ་ལས་བྱུང་བའི་རྡོ་རྗེ་ལག་པ་གཡས་པར་གཏད་པ་སྙིང་གར་བཟུང་བ་ལ་ཆུ་ལ་སོགས་པས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་ཕྱིའི་དབང་ངོ༌། །མགྲིན་པའི་ཛྲཱིཾ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པས་སྤྱན་དྲངས་པ་མགྲིན་པ་ནས་ལུས་ལ་ཐིམ་པས། རང་ཉིད་འོད་དཔག་མེད་ཀྱི་ངོ་བོར་གྱུར་པ་ལ་མཆོད་ནས། རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་གནས་གྱུར། སོ་སོར་རྟོག་པ་དང༌། འོད་དཔག་ཏུ་མེད་པའི་དངོས་གྲུབ་ཐོབ་པར་བསམ་མོ། །ཡང་སྟོང་པའི་ངང་ལས་རང་གི་སེམས་དང་དྲིལ་བུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ་ཡུམ་དམ་ཚིག་སྒྲོལ་མ་དང་སྦྱོར་བར་དམིགས་ནས་གནས་གསུམ་བྱིན་གྱིས་བརླབས་ལ། དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས་ལྷ་དེ་རྣམས་ཀྱིས། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །བཛྲ་གྷཎྜེ་ཨཿ ཞེས་པས་དབང་རྫས་ཀྱི་དོན་ཡོད་གྲུབ་པ་ཞུ་བ་ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་པར་གཏད་པ་དཀྲོལ་བ་ལ་ཆུ་ལ་སོགས་པས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་པ་ཕྱིའི་དབང་ངོ༌། །མཚོག་མའི་ཁྃ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་དོན་ཡོད་གྲུབ་པའི་རྣམ་པས་སྤྱན་དྲངས་པ་མཚོག་མ་ནས་ལུས་ལ་ཐིམ་པས་རང་ཉིད་དོན་ཡོད་གྲུབ་པའི་ངོ་བོར་གྱུར་པ་ལ་མཆོད་ནས། དྲིལ་བུའི་དབང་ཐོབ། ཕྲག་དོག་དག འདུ་བྱེད་གནས་གྱུར། བྱ་བ་གྲུབ་པ་དང༌། དོན་ཡོད་གྲུབ་པའི་དངོས་གྲུབ་ཐོབ་པར་བསམ་མོ། །ཡང་རང་གི་སེམས་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ཡུམ་སངས་རྒྱས་སྤྱན་མ་དང་སྦྱོར་བར་དམིགས་ནས་གནས་གསུམ་བྱིན་གྱིས་བརླབས་ལ། དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས་ལྷ་དེ་རྣམས་ཀྱིས། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ་ཞེས་དབང་བསྐུར་ཏེ། འདི་ལ་ནི་དབང་རྫས་མེད་དོ། །ཡང་ཆུ་ལ་སོགས་པས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་པ་ནི་ཕྱིའི་དབང་ངོ༌། །སྤྱི་བོའི་བྷྲཱུྃ་ལས་འོད་འཕྲོས་པས། སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རྣམ་པས་སྤྱན་དྲངས་པ་སྤྱི་བོ་ནས་ལུས་ལ་ཐིམ་པས་རང་ཉིད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་གྱུར་པ་ལ་མཆོད་ནས། མིང་གི་དབང་ཐོབ། གཏི་མུག་དག གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་དང་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །རིག་པའི་དབང་ལྔའོ། །དེ་ནས་པདྨ་དང་ཟླ་བའི་སྟེང་དུ། རང་གི་སེམས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རྡོ་རྗེ་སྙེམས་མ་དང་སྦྱོར་བར་དམིགས་ནས་གནས་གསུམ་བྱིན་གྱིས་བརླབས་ལ། དབང་གི་ལྷ་ལ་གསོལ་བ་བཏབ་པས་ལྷ་དེ་རྣམས་ཀྱིས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མཱ་ཡ་ཏིཥྛ་བཛྲ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་ཧཱུྃ་ཧི་ཧི་ཧི་ཧི་ཧཱུྃ། ཞེས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་བྱིན་པ་བླངས་ནས། སྙིང་གི་ནང་དུ་ཡང་དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །ཡང་པདྨ་དང་ཉི་མའི་སྟེང་དུ་རང་གི་སེམས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འཁོར་ལོ་བདེ་མཆོག་ཕྱག་བཅུ་གཉིས་པ་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་དམིགས་ནས་གནས་གསུམ་བྱིན་གྱིས་བརླབས་ལ། དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས་དབང་གི་ལྷ་དེ་རྣམས་ཀྱིས། ཁ་ཊྭཱཾ་ག་དང་ཌཱ་མ་རུ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་པས་ལག་པ་གཡས་པས་གསུང་གི་ངོ་བོ་ཌཱ་མ་རུ་དང༌། གཡོན་པར་ཐུགས་ཀྱི་ངོ་བོ་ཐོད་པ་བདུད་རྩིས་གང་བ་དང༌། གྲུ་མོར་སྐུའི་ངོ་བོ་ཁ་ཊྭཱཾ་ག་སེ་རལ་ཁར་གཉིས་སུ་མེད་པའི་ངོ་བོ་ཚངས་པའི་སྐུད་པས་བཅིངས་ནས་སྙིང་གི་ནང་དུ་ཡང་དེ་ལྟ་བུའི་ངོ་བོའི་ཧེ་རུ་ཀ་བསྒོམ་པ་ནི་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ཏེ་སློབ་མའི་དབང་ངོ༌། །དེ་ནས་མཎྜལ་ཕུལ་ལ། དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྡོ་རྗེ་སློབ་དཔོན་བདག་གྱུར་མཛོད། །ཅེས་ལན་གསུམ་གྱིས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་བཏབ་ནས། དབང་སྟེགས་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པ་པདྨ་དང་ཉི་མར་མོས་པའི་སྟེང་དུ་རང་གི་ཤེས་པ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་སླར་འདུས་ནས་གཅིག་ཏུ་འདྲེས་པ་ལས་རང་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་མཚན་དང་དཔེ་བྱད་འབར་བ། ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པར་གྱུར་པ་ལ་གོ་ཆ་གཉིས་བཅིངས་ཏེ། དབང་གི་ལྷ་རྣམས་ཀྱིས། འདི་དེ་སངས་རྒྱས་ཐམས་ཅད་ལ་སོགས་པའི་སྔགས་དང་བཅས་པས་ལག་པ་གཡས་པར་རྡོ་རྗེ་བྱིན་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་དེ་ཁོ་ན་ཉིད་གསུང་ཞིང་དྲན་པས་རང་གི་སེམས་ཐུགས་རྡོ་རྗེ་དང༌། འདི་ནི་རྣལ་འབྱོར་མ་སོགས་པས་དྲིལ་བུ་གཡོན་དུ་བྱིན་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་དེ་ཁོ་ན་ཉིད་གསུང་ཞིང་དྲན་པས་ངག་གསུང་རྡོ་རྗེ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །དམ་ཚིག་ཕྱག་རྒྱ་ཞེས་སུ་བཤད། །ཡིད་ཀྱིས་ལུས་ནི་བརྟན་ཕྱིར་རོ། །ཞེས་ཕྱག་རྒྱའི་དེ་ཁོ་ན་ཉིད་གསུངས་ཤིང༌། དེའི་དོན་རང་གིས་དྲན་པར་བྱས་པས་ལུས་སྐུ་རྡོ་རྗེར་གྱུར་པ་ལ་སྔ་མ་བཞིན་དུ། བུམ་པའི་ཆུ་ལ་སོགས་པས་དབང་བསྐུར། དྲི་མ་ཐམས་ཅད་དག སློབ་དཔོན་གྱི་བྱ་བ་མཐའ་དག་ལ་གནས་པར་བྱས་ནས། མི་བསྐྱོད་པས་དབུར་བརྒྱན་པ་ལ་དབང་གི་ལྷ་ཐམས་ཅད་ཀྱིས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་མངའ་དབུལ་བར་བསམ་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དེ་ནས་བླ་མས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་མཐར་ཕྱིན་པར་བྱ་བའི་ཕྱིར། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །ཞེས་ཀུན་ཏུ་སྤྱོད་པ་དང༌། བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀར་མཆོད་དོ། །ཞེས་ལྷ་རྣམས་མཆོད་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་སེམས་ཅན་གྱི་དོན་གྱི་རྗེས་སུ་གནང་བ་རྣམས་གནང་བར་བསམ་མོ། །དེ་ནས་བླ་མ་ཤཱཀྱ་ཐུབ་པའི་རྣམ་པ་འཛིན་པས་བདག་གི་སྤྱི་བོར་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་གཏུགས་ཏེ། འདི་ལྟར་ང་ཡིས་ལུང་བསྟན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནཱི་ན་མཿསརྦ་ཏ་ཐཱ་ག་ཏ་སིདྡྷི། ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿ ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་པས་ལུང་བསྟན་ཅིང་དབུགས་དབྱུང་བར་བསམ་མོ། །དེ་ལྟར་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས་ཞེས་དྲན་པར་བྱའོ། །བུམ་པའི་དབང་ངོ༌། །དེ་ནས་གསང་དབང་གི་དོན་དུ་མཎྜལ་ཕུལ་ནས། སྐྱོབ་མེད་སྐྱོབ་པ་སྐྱབས་མེད་སྐྱབས། །དཔལ་ནི་འཁོར་ལོ་བདེ་བའི་མཆོག །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བོ་བདག་ཀྱང་དེ་འདྲ་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབ། །ཅེས་ལན་གསུམ་གསོལ་བ་བཏབ་ནས། གདོང་གཡོགས་ལ་འབྲུ་གསུམ་བརྗོད་ཅིང༌། བདུད་རྩི་བྱིན་གྱིས་བརླབས་ཏེ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་པ་ཞལ་དུ་བཞུགས། ཐུགས་ཀར་འོད་དུ་ཞུ། གསང་བའི་གནས་ནས་ཐིག་ལེའི་རྣམ་པས་བབས་པ་བདག་གི་ལྕེ་ཐོག་ཏུ་གནང་བར་བསམ་ཞིང༌། བླ་མས། འདི་དེ་དཔའ་བོ་དཔའ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པ་རོས་རྟོགས་བྱེད། །བདེ་བ་གང་དེ་མྱང་བར་གྱིས། །ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས། །སྔོན་ཆད་སྲས་ནི་དབང་བསྐུར་བ། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོའི་བུ་ཁྱོད་དབང་བསྐུར་རོ། །ཞེས་གསུངས་ནས་གནང་བ་མྱངས་པས། ལུས་ཐམས་ཅད་གང་ཞིང་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་འགགས་ནས། གསུང་རྣམ་པར་དག་པ་འོད་དཔག་མེད་དུ་གྱུར་པར་བསྒོམས་ལ། ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་ཨོཾ་ཨཱཿཧཱུྃ་གིས་གདོང་གཡོགས་ཕྱེ་ནས། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ཙཎྜཱ་ལཱི་བསྒོམ་པ་ལ་དབང༌། ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས་པར་བསམ་མོ། །གསང་བའི་དབང་ངོ༌།། །།དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ནས་སྔ་མ་བཞིན་དུ་གསོལ་བ་བཏབ་ལ། གདོང་གཡོགས་ཏེ་འབྲུ་གསུམ་བརྗོད་ཅིང་བྱིན་གྱིས་བརླབས་ནས་རང་སྐད་ཅིག་གིས་བདེ་མཆོག་ཕྱག་བཅུ་གཉིས་པར་དམིགས་ལ་བླ་མས་རིག་མ་ཡོངས་སུ་དག་པ་རྡོ་རྗེ་ཕག་མོར་བྱིན་གྱིས་བརླབས་པ་བཟུང་སྟེ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོངས། །བུ་ཡིས་བླ་མེད་མཆོད་པར་གྱིས། །ཞེས་གསུངས་ནས་གནང་བ་དང༌། རིག་མ་དེས་དཔའ་བོ་བྱང་ཆུབ་སེམས་ཟ་བར། །ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །དྲི་ཆེན་དྲི་ཆུ་སྟོབས་དང་ཁྲག །སོགས་ཟ་དེ་ལྟར་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲོས་དམ་ཚིག་བཟང༌། །ཇི་ལྟར་དགའ་བར་སྨྲོས་ཤིག་བུ། །ཞེས་དྲིས་པའི་ལན་དུ། ཇི་ལྟར་གསུངས་པའི་དམ་ཚིག་སོགས། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བྱེད། །པདྨ་མཆོད་པར་ཅིས་མི་བགྱི། །ཞེས་ལན་བཏབ་པས། ལྷ་མོ་དེ་དགྱེས་ནས། པདྨ་བྷཉྫ་ཧོ། ཞེས་གསུངས་ཞིང་རྩ་མཆོག་ཏུ་གྱུར་པའི་བྷ་ག་བསྟན་ནས། དེ་པང་དུ་བྱོན་པ་རྡོ་རྗེ་ཕག་མོར་དམིགས་ཏེ། སྐུ་གསུང་ཐུགས་དང༌། གནས་ལྔ་དང༌། མཁའ་དང་གསང་བ་བྱིན་གྱིས་བརླབས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་ནས། སྙོམས་པར་ཞུགས་པས་དགའ་བ། མཆོག་དགའ། དགའ་བྲལ་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་སྐྱེས་ནས། བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ །དེ་ནས་ལྷ་མོ་དེས། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱི་གྱིས། །ཞེས་རྗེས་སུ་གནང་ནས། གདོང་གཡོགས་ཕྱེ་ལ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། ཆོས་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས་པར་བསམ་མོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་དབང་བཞི་པའི་དོན་དུ་མཎྜལ་ཕུལ་ནས། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། །གདོང་གཡོགས་ལ། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ་ལུས་སྐྱིལ་ཀྲུང༌། ལག་པ་མཉམ་གཞག་གི་ཕྱག་རྒྱ་བཅས་ལ་བླ་མས། འདི་ནི་རང་ཉིད་མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་སྤངས་པའོ། །རིགས་འདི་བོར་ནས་དེ་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མའི་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་རྣམས་ཀྱིས་བླ་མའི་བླ། །ཞེས་གསུངས་པའི་དོན་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དོན་ཕག་མོ་སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཡིན་ལ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའང་ཡིན་ནོ། །སྙམ་དུ་བསམས་ནས་མི་རྟོག་པའི་ངང་ལ་ཡིད་བཞག་གོ །དེ་ནས་གདོང་གཡོགས་ཕྱེ་ལ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་སྦྱངས། བསམ་གྱིས་མི་ཁྱབ་པའི་ལམ་བསྒོམ་པ་ལ་དབང༌། ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས་པར་བསམ་མོ། །དབང་བཞི་པའོ།། །།དེ་ནས་ལུས་དང་ལོངས་སྤྱོད་ཐམས་ཅད་ཡོན་དུ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་པས་གཏང་རག་འབུལ་ལོ། །དེ་ནས་ཕྱི་ནང་གི་ལྷ་རྣམས་མཆོད་པའི་ཕྱིར། ཚོགས་ཀྱི་འཁོར་ལོ་ལྷག་གཏོར་བཀྲ་ཤིས་དང་བཅས་པའི་བར་ཆོ་ག་ལས་འབྱུང་བ་ལྟར་བྱས་ནས། མདུན་བསྐྱེད་ལ་མཆོད་ཅིང་བསྟོད་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པ་མཛོད། །ཅེས་ནོངས་པ་བཟོད་པར་གསོལ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ལ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེ་ཡིས་སངས་རྒྱས་ཉིད་ཐོབ་ཤོག །ཅེས་དགེ་བའི་རྩ་བ་བསྔོས་ནས། དཀྱིལ་འཁོར་ལ་མ་བསྟིམ་པའི་ལྷ་དང་གཏོར་མའི་མགྲོན་རྣམས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་གཤེགས་སུ་གསོལ་ནས། རས་བྲིས་ཀྱི་དཀྱིལ་འཁོར་ལ་བསྟིམ་པ་ནི། རབ་ཏུ་གནས་པ་མཆོག་ཏུ་འགྱུར་བའི་ཕྱིར་བརྟན་པར་བཞུགས་སུ་གསོལ། རྟེན་མེད་ན་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་བདག་ལ་བསྡུའོ། །དེ་ནས་བདག་ཉིད་གོ་ཆ་གསུམ་གྱིས་བསྲུངས་ལ། ལས་ཀྱི་རྗེས་བསྡུས་ནས། གནས་སྐབས་དང་རྗེས་སུ་འབྲེལ་པའི་རྣལ་འབྱོར་གྱིས་གནས་པར་བྱའོ། །དབང་བསྐུར་བླ་མ་ལས་ཐོབ་བཞིན། །རང་གིས་བླངས་ཤིང་གོམས་བྱས་པས། །མ་ལུས་རྒྱལ་བས་ཅིག་ཆར་དུ། །ཉིད་ཇི་བཞིན་དུ་དབང་བསྐུར་འགྱུར། །འདི་ཡི་ཚུལ་གྱིས་གཞན་དག་ཀྱང༌། །རྗེས་སུ་གཟུང་བར་རུང་མོད་ཀྱི། །འོན་ཀྱང་མ་སྨིན་པ་ལ་མིན། །གང་ཕྱིར་མཆོག་གི་ལས་ཡིན་ཕྱིར། །གྲུབ་པའི་གཙོ་བོས་སྦྱར་བའི་གཞུང༌། །དམ་པ་ཁོ་ན་ལས་བརྒྱུད་པའི། །ཚུལ་འདི་དཔལ་ལྡན་ས་སྐྱ་པའི། །ཁྱད་པར་འཕགས་པའི་དཔལ་འབྱོར་ཡིན། །དུ་གལ་དུར་མིས་ཀྱིས་བསྐུལ་ཞིང༌། །དེ་ཡི་ཐབས་ཀྱང་འདུན་པའི་ངོར། །འཕགས་པས་བཀོད་པའི་དགེ་བ་ཡིས། །བདག་གཞན་ཧེ་རུ་ཀར་གྱུར་ཅིག །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་གཞུང་གི་རྗེས་སུ་འབྲངས་པ། འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་འདི་ནི་འཕགས་པས་ཆུ་མོ་བྱའི་ལོ་ས་ག་ཟླ་བའི་ཚེས་ཉི་ཤུ་བདུན་ལ་ཤིང་ཀུན་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply