༼ཕ༽
༄༅། །འཁོར་ལོ་བདེ་མཆོག་གི་བཀྲ་ཤིས་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ་ལ་ཞུ་དག་ཁ་སྐོང་མཛད་པ་བཞུགས།།
༄༅། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེ་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྣ་ཚོགས་པདྨའི་འདབ་མ་ལ། །རིགས་ཀྱི་ཡུམ་བཞིས་དཔའ་བོའི་ཕྱོགས་བཞིའི་ཞལ་ལ་གཟིགས། །པདྨའི་མུ་ཁྱུད་གྲི་གུག་ཕྲེང་བས་རྣམ་པར་མཛེས། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཚམས་ཀྱི་པདྨའི་འདབ་མ་ལ། །བྱང་ཆུབ་སེམས་དང་ཙནྡན་དྲི་ཆེན་གུར་གུམ་ཆུས། །གང་བའི་སྣོད་བཞིས་དཔའ་བོའི་ཞལ་ལ་རེག་པར་སྤྱོད། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ནམ་མཁའི་གནས་ན་ལེགས་སྤྱོད་པས། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་མུ་ཁྱུད་རྡོ་རྗེའི་ཕྲེང༌། །གནས་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་སྟེང་གནས་ན་ལེགས་སྤྱོད་པའི། །འཁོར་ལོ་དམར་པོ་རྩིབས་བརྒྱད་མུ་ཁྱུད་པདྨོའི་ཕྲེང༌། །ཞིང་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་འོག་གནས་ན་ལེགས་སྤྱོད་པའི། །འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འཁོར་ལོའི་ཕྲེང༌། །འདུ་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དཀྱིལ་འཁོར་སྒོ་བཞིའི་མཚམས་རྣམས་སུ། །ཁྭ་གདོང་ལ་སོགས་མ་མོ་ཡིད་འཕྲོག་གཟུགས་གཉིས་ལྡན། །ཐུགས་རྗེས་འགྲོ་བའི་དོན་མཛད་གདུག་པ་ཀུན་འདུལ་བའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དྲན་པ་ཉེར་གཞག་བཞི་རྣམས་དང༌། །ཡང་དག་སྤོང་དང་རྫུ་འཕྲུལ་རྐང་པ་དབང་པོ་སོགས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་གཞལ་མེད་ཁང༌། །འདོད་པའི་ཡོན་ཏན་ལྔས་ནི་མཛེས་པར་རབ་ཏུ་བརྒྱན་གྱུར་པའི། །མུ་ཏིག་དྲྭ་བ་རིན་ཆེན་ཉི་ཟླ་གསེར་གྱི་དྲིལ་བུ་དཔྱང༌། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་རྣམས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྟ་བབས་པདྨ་ཆོས་ཀྱི་འཁོར་ལོ་གདུགས། །རི་དྭགས་དང་བཅས་མཛེས་པའི་བ་དན་བཅུ་དྲུག་ལེགས་འཕྱར་ཞིང༌། །རླུང་གིས་བསྐྱོད་པའི་དྲིལ་བུ་དག་ལས་ཆོས་ཀྱི་སྒྲ་སྒྲོགས་པ། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་རྣམས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡོངས་སུ་བསྐོར་བའི་དུར་ཁྲོད་བརྒྱད་རྣམས་སུ། །ཕྱོགས་སྐྱོང་བརྒྱད་དང་ཤིང་ཆེན་བརྒྱད་ནི་རབ་ཏུ་གནས་པ་ལ། །གདོང་བརྙན་དང་ལྡན་ཞིང་སྐྱོང་བརྒྱད་ནི་ཉེ་བར་གནས་གྱུར་པའི། །བདེན་པ་དེས་ནི་བདེ་བ་མཆོག་ལ་གནས་རྣམས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡེ་ཤེས་མེ་བརྒྱད་རབ་ཏུ་འབར་གྱུར་ཞིང༌། །བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲིན་ཆེན་བརྒྱད་ནི་འདུས་གྱུར་ལ། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད་ནི་ཀུན་ནས་གནས་གྱུར་པའི། །བདེན་པ་དེས་ནི་བདེ་བ་མཆོག་ལ་གནས་རྣམས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཐུགས་རྗེའི་རང་བཞིན་ཆུ་ཆེན་བརྒྱད་འབབ་ཞིང༌། །དཔའ་བོ་དང་ནི་རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་ཀྱིས་གང༌། །ཤ་ཟ་སྲིན་པོ་འབྱུང་པོའི་ཚོགས་ཀྱིས་ཉེ་བར་བསྟེན་པ་ཡི། །བདེན་པ་དེས་ནི་བདེ་བ་མཆོག་ལ་གནས་རྣམས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར། །རྡོ་རྗེ་བླ་རེས་ཀུན་ནས་བྲེས་ཤིང་མདའ་ཡི་དྲྭ་བར་ལྡན། །ཡེ་ཤེས་མེ་དཔུང་འབར་བའི་ཕྲེང་བས་ཀུན་ནས་ཡོངས་བསྐོར་བའི། །བདེན་པ་དེས་ནི་བདེ་བ་མཆོག་ལ་གནས་རྣམས་བཀྲ་ཤིས་ཤོག །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཁ་ཆེའི་ཡུལ་དུ་བྱུང་ཞིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་རཏྣ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་ཞུ་བྱས་ཚུལ་ཁྲིམས་བཀྲ་ཤིས་ཀྱིས་བསྒྱུར་བའོ། །འདིའི་ཚིག་རྐང་མ་མཉམ་པ་ལ་སོགས་པ་རྣམས་ཀྱི་ཞུ་དག་དང་སྲུང་བའི་འཁོར་ལོའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཁ་སྐོང་བ་ནི་འཕགས་པས་བགྱིས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply