༼ཕ༽
༄༅། །ཕག་མོ་ལྷ་སོ་བདུན་མའི་མངོན་རྟོགས་བཞུགས་སོ།།
༄༅། །རྗེ་བཙུན་མ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་དངོས་བླ་མ་དང༌། །རྡོ་རྗེ་ཕག་མོ་ལ་བཏུད་ནས། །དེ་ཡི་དཀྱིལ་འཁོར་འཁོར་ལོ་ཡི། །སྒྲུབ་ཐབས་གསལ་བར་བཤད་པར་བྱ། །འདི་ཉིད་དམ་ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། རྡོ་རྗེ་ཕག་མོ་ལྷ་སུམ་ཅུ་སོ་བདུན་གྱི་དཀྱིལ་འཁོར་བསྒྲུབ་པར་འདོད་པའི་གང་ཟག་གིས་སྟན་བདེ་བ་ལ་ཅི་བདེ་བར་འདུག་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ལ། བདུད་རྩི་མྱངས་ནས་རང་སྐད་ཅིག་གིས་རྡོ་རྗེ་ཕག་མོར་དམིགས་པའི་སྙིང་གི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བྃ་ཡིག་དམར་པོ་ལས་འོད་འཕྲོས་པས། རང་གི་སྡིག་པ་དང་སྒྲིབ་པ་སྦྱངས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བླ་མ་རིགས་བདག་གི་རྣམ་པས་གཙོ་མོའི་དབུར་བརྒྱན་པ་སྤྱན་དྲངས་པ་ལ། ན་མ་གུ་རུ་བྷྱཿདང༌། ན་མཿཤྲཱི་བཛྲ་བཱ་ར་ཧཱི་མཎྜལ་བྷྱཿས་ཕྱག་འཚལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་བཱ་ར་ཧཱི་མཎྜ་ལ་ཙཀྲ་སརྦ་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪས་མཆོད་ཡོན་དབུལ། དེ་བཞིན་དུ་པཱ་དྱཾ་གིས་ཞབས་བསིལ། པུཥྤཾ་གྱིས་མེ་ཏོག དྷཱུ་པཾ་གྱིས་བདུག་སྤོས། དཱི་པཾ་གྱིས་མར་མེ། གནྡྷཾ་གྱིས་དྲི། ནཻ་ཝི་དྱེ་ཞལ་ཟས། ཤཔྟས་རོལ་མོ་ཕུལ་ནས། བདག་གིས་སྡིག་པ་བགྱིས་པར་གྱུར་པ་མ་ལུས་པ། །ཁྱེད་རྣམས་ཀུན་གྱི་སྤྱན་སྔར་སོ་སོར་བཤགས་པར་བགྱི། །བླ་མ་ལ་སོགས་རྣམས་ཀྱིས་བསོད་ནམས་བགྱིས་པ་གང༌། །དེ་རྣམས་མ་ལུས་ཀུན་ལ་རྗེས་སུ་ཡི་རང་ངོ༌། །བྱ་བ་བྱས་པ་བྱེད་པར་འགྱུར་བའི་གང་ཟག་རྣམས། །དགེ་བ་དེས་ནི་སེམས་ཅན་མ་ལུས་རྒྱལ་བར་སྨོན། །དཀོན་མཆོག་གསུམ་ལ་ངེས་པར་ཡང་དག་སྐྱབས་སུ་མཆི། །འགྲོ་བ་བདེ་ལ་དགོད་ཕྱིར་ཆོས་ཀྱི་རྒྱལ་པོར་གྱུར། །རྒྱལ་བ་རྣམས་ཀྱི་ལམ་ལ་ཡང་དག་གནས་པར་བགྱི། །མགོན་པོ་བཞེས་ཤིག་བདག་གི་ལུས་ཉིད་དབུལ་བར་བགྱི། །ཞེས་ལན་གསུམ་བརྗོད་ནས་སེམས་ཅན་ཐམས་ཅད་བདེ་བ་རྒྱུ་དང་བཅས་པ་དང་ཕྲད་པ་དང༌། སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བ་དང༌། བདེ་བ་དམ་པ་དང་མི་འབྲལ་བ་དང༌། ཡིད་ཀུན་ནས་སྙོམས་པར་བསྒོམ་པ་ནི་བཏང་སྙོམས་ཏེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་སྒྱུ་མ་ལྟར་དམིགས་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པ་དང་སྒྱུ་མ་ཙམ་དུའང་མི་དམིགས་པ་སྟོང་པ་ཉིད་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ་ལས་སྟེང་དང་ཤར་དུ་ཁྭ་གདོང་མ་གཉིས་དང༌། འོག་དང་ནུབ་ཏུ་ཁྱི་གདོང་མ་གཉིས་དང་བཅས་པའི་སྒོ་མཚམས་མ་རྣམས་ཤར་ནས་རིམ་པ་དང་ཤར་ལྷོ་ནས་རིམ་པ་ལས་བཟློག་པའི་ཚུལ་གྱིས་ཕྱོགས་བཅུར་སྤྲོ་བར་བསམ། ངག་ཏུ་ཞལ་བཞི་པའི་སྔགས་ཀྱི་རྐང་པ་རེ་རེ་བརྗོད། ལུས་ཀྱིས་གཡོན་པའི་སེ་གོལ་བརྡབས་པ་རྣམས་སྦྱར་ཞིང༌། བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །ཡང་ཧཱུྃ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི་དང༌། རྭ་བ་དང་དྲྭ་བ་དང་གུར་དང༌། བླ་རེ་དང་མདའ་འི་དྲྭ་བ་དང་ཡེ་ཤེས་ཀྱི་མེ་འབར་བ་རྣམས་སུ་རིམ་པ་བཞིན་གྱུར་པར་བསམ་མོ། །ལུས་ཀྱིས་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྐོར་ལ་སེ་གོལ་བརྡབ། ངག་ཏུ་ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡྃ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲྃ་སྃ་ཏྲྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་རྃ་ཧཱུྃ། ཞེས་ལན་གསུམ་གསུམ་བརྗོད། དེ་ནས་ཧཱུྃ་ལས་རྡོ་རྗེ་ཕུར་བུའི་ཚོགས་སྤྲོས་པ་ལག་པ་གཡས་པར་གཏད་དེ། རང་རང་དང་འདྲ་བའི་སྤྲུལ་པ་དུ་མ་དང་བཅས་པའི་ཕོ་ཉ་རྣམས་སྤྲོས་པས་ཕྱོགས་སྐྱོང་བ་རྣམས་ཀྱིས་གཙོ་བྱས་པའི་བགེགས་རྣམས་བཀུག དཀར་པོའི་ཕྱོགས་རྣམས་བྱང་ཆུབ་ཀྱི་ལམ་ལ་བཀོད། །ནག་པོའི་ཕྱོགས་རྣམས་འོབས་ཀྱི་ཕྱི་རོལ་གྱི་ཁ་ཁྱེར་ལ་གནས་པའི་སྤྱི་བོར་ཕུར་བུས་བཏབ་པར་བསྒོམ་ཞིང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་དོ། །རྡོ་རྗེ་ཐོ་བས་བརྡུངས་ནས་རྡུལ་དུ་བརླག་པར་བསམ་ཞིང༌། ཨོཾ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་བགེགས་རྣམས་ཀྱི་སྡིག་པ་སྦྱངས་ནས་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསམ། སྲུང་བའི་འཁོར་ལོའོ། །དེའི་སྟེང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གདེངས་ཁ་གྱེན་ལ་ཕྱོགས་པའི་ནང་དུ་ཡྃ་ལས་རླུང༌། རྃ་ལས་མེ། བྃ་ལས་ཆུ། ལྃ་ལས་སའི་དཀྱིལ་འཁོར་གྱི་སྟེང་དུ་སུཾ་ལས་རི་རབ། ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་གྱི་རང་བཞིན། བང་རིམ་བཞི་པ་ལྕོག་བརྒྱད་དང་ལྡན་པའི་སྟེང་དུ། པྃ་ལས་སྣ་ཚོགས་པདྨའི་ལྟེ་བར་རྃ་ལས་ཉི་མའི་སྟེང་དུ། ཨོཾ་ལས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཨོཾ་ལས་འོད་འཕྲོས་པས་སངས་རྒྱས་ཀྱི་ཞིང་དག་པར་བྱས། སླར་འདུས་ནས་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནག་པོ། དཀར་པོ། སེར་པོ། དམར་པོ། ལྗང་གུའི་རྩིག་པ་ལྔ་དང་ལྡན་པ། མདའ་ཡབ་དང་རིན་པོ་ཆེའི་ཤར་བུ་དང་བཅས་པ་ལས་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། རྩིག་པའི་འོག་འདོད་ཡོན་གྱི་སྣམ་བུའི་ཕྱོགས་རེ་རེར་ལྷ་མོ་བཞི་བཞིས་མཆོད་རྫས་དུ་མ་འཛིན་པ་འཁོད་པ། སྒོའི་སྟེང་གི་ཐད་སོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་དང་གདུགས་དང་བཅས་པ་ནང་གི་ཕྱོགས་བཞིའི་ལྷ་སྣམ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར་བ། མཚམས་བཞིར་བུམ་པ་གཉིས་གཉིས་ཏེ། བུམ་པ་བརྒྱད་ཀྱིས་མཛེས་པར་བྱས་ཤིང་ཀ་བ་བརྒྱད་ཀྱིས་བཏེག་པའི་གདུང་མིག་མང་རིས་སུ་བྲེས་པས་འདོད་ཡོན་གྱི་བར་ནོན་པ། དབུས་ཀྱི་ཕུབས་ནི་གོང་མ་གོང་མས་ཕུབས་པའི་ཕྱིར་འོག་མ་འོག་མས་མ་ཕུབས་པའོ། །དེའི་ནང་དུ་མཆོད་རྟེན་ཟླུམ་པོ་བང་རིམ་བཞི་པ་ལྟ་བུའི་འཁོར་ལོ་རིམ་པ་བཞི་གནས་ཏེ། ཕྱི་རོལ་སྐུའི་འཁོར་ལོ་དཀར་པོ། འཁོར་ལོས་མཚན་པའི་རྭ་བ་དང༌། ཀ་བ་དང་གདུང་དང༌། ཐོག་ཕུབས་ཅན། བར་མ་གསུང་གི་འཁོར་ལོ་དམར་པོ་པདྨས་མཚན་པའི་རྭ་བ་དང༌། ཀ་བ་དང་གདུང་དང༌། ཐོག་ཕུབས་ཅན། ནང་མ་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྡོ་རྗེས་མཚན་པའི་རྭ་བ་དང༌། ཀ་བ་དང་གདུང་དང༌། ཐོག་ཕུབས་དང་བཅས་པ་ཐམས་ཅད་ཀྱང་རྩིབས་བརྒྱད་པ་འོག་གཞིའི་ཁ་དོག་སྔོན་པོའོ། །ལྟེ་བ་བདེ་ཆེན་གྱི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གྲི་གུག་གིས་མཚན་པའི་རྭ་བ་དང༌། ཀ་བ་དང་གདུང་དང༌། ཐོག་ཕུབས་དང་བཅས་པ། དབུས་ཕྱུར་བུར་གྱུར་པའི་རྡོ་རྗེ་ཕྱེད་པའི་ཏོག་གིས་བརྒྱན་པ་སྟེ་དྭངས་ཤིང་སྒྲིབ་པ་མེད་ལ་འོད་ཟེར་སྣ་ཚོགས་ཀུན་ཏུ་འཁྲུགས་པའོ། །ལྷའི་གནས་སུམ་ཅུ་སོ་བདུན་དུ། ཉི་མ་དང་དབུས་སུ་འཇིགས་བྱེད་དང༌། དུས་མཚན་དང༌། སྒོ་མཚམས་མ་རྣམས་ལ་རོའི་གདན་བསམ་མོ། །གཞལ་ཡས་ཁང་གི་ཕྱི་རོལ་དུ། ཤར་དུ་གཏུམ་དྲག བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་སུ་རུང་བ། མེར་ནགས་ཚལ་ཕུན་སུམ་ཚོགས་པ། སྲིན་པོར་མུན་པ་མི་བཟད་པ། རླུང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ། དབང་ལྡན་དུ་ཧ་ཧ་དགོད་པའི་དུར་ཁྲོད་དོ། །དེ་ཉིད་ཀྱི་རིམ་པས་བརྒྱ་བྱིན། གནོད་སྦྱིན། ཆུ་ལྷ། གཤིན་རྗེ། མེ་ལྷ། སྲིན་པོ། རླུང་ལྷ། དབང་ལྡན་ཏེ། ཕྱོགས་སྐྱོང་བརྒྱད། ཞིང་སྐྱོང་བརྒྱད། ཀླུ་ཆེན་པོ་བརྒྱད། སྤྲིན་ཆེན་པོ་བརྒྱད། ཆུ་ཆེན་པོ་བརྒྱད། མེ་ཆེན་པོ་བརྒྱད། མཆོད་རྟེན་ཆེན་པོ་བརྒྱད། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། འདྲེ་དང༌། སྲིན་པོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། རོ་དང༌། རོ་ལངས་དང༌། འབྱུང་པོ་དང༌། ཤ་ཟ་དང༌། ཅེ་སྤྱང་ལ་སོགས་པའི་ཚོགས་ཀྱིས་ཡོངས་སུ་གང་བའི་དུར་ཁྲོད་ཀྱིས་བསྐོར་བར་བསམ་མོ། །དེ་ནས་གདན་རྣམས་ཀྱི་སྟེང་དུ་ཨཱ་ལི་ཕྲག་གཉིས་གཉིས་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པའི་སྟེང་དུ་ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པའི་ཀཱ་ལི་ཕྲག་གཉིས་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསམས་ནས། དབུས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་བྃ་དམར་པོ་དང༌། གཞན་རྣམས་ལ་རིམ་པ་བཞིན། ཌཱྃ་ལཱྃ་ཁྃ་རུྃ། པུྃ་ཛཱྃ་ཨཽཾ་ཨྃ་གྃ་རཱྃ་དེྃ་མཱྃ། ཀཱྃ་ཨོྃ་ཏྲིྃ་ཀཽཾ་ཀྃ་ལྃ་ཀཱྃ་ཧིྃ། པྲེྃ་གྲྀཾ་སཽཾ་སུྃ་ནྃ་སིཾ་མྃ་ཀུྃ། ཀྃ་ཨུཾ་ཤཾ་སུཾ་དྃ་དུྃ་དྃ་མྃ། རྣམས་སོ་སོར་རྟོག་པའི་ཡེ་ཤེས་སུ་བསམས་ནས་སོ་སོའི་གནས་སུ་གཅིག་ཏུ་འདྲེས་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བསྒོམས་པ་ལས་བྱུང་བའི་ལྷའི་སྐུ་རྣམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དབུས་སུ་རང་ཉིད་དཀྱིལ་འཁོར་གྱི་གཙོ་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པས་སྡིགས་མཛུབ་དང་བཅས་པའི་གྲི་གུག་ཐུར་དུ་འཛིན་ཞིང་གཡོན་པ་ཁྲག་གིས་གང་བའི་ཐོད་པ་གྱེན་དུ་བཟུང་ནས་ཞལ་དུ་གསོལ་བ། ཕྲག་པ་གཡོན་པ་ལ་དྲིལ་བུ་དང་བཅས་པའི་ཌཱ་མ་རུ་ཁུར་ཞིང་ཞབས་གཡོན་པ་བསྐུམ་པས་འཇིགས་བྱེད་དང༌། གཡས་བརྐྱང་བས་དུས་མཚན་མནན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་ཞིང༌། སྤྱན་གསུམ་པ། དབུ་སྐྲ་ནག་པོ་སིལ་མར་གྱུར་པ། ཤིན་ཏུ་མཛེས་ཤིང་སྒེག་ལ་ཅུང་ཟད་ཁྲོ་བའི་ཉམས་ཅན་དུ་བསམ་མོ། །ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མཱ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧཱ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་སྟེ། བདེ་བ་ཆེན་པོའི་འཁོར་ལོའོ། །ཤར་རྩིབས་པུལླཱི་ར་མཱ་ལ་ཡར་རབ་ཏུ་གཏུམ་མོ། བྱང་ཛཱ་ལནྡྷྱ་རར་གཏུམ་པའི་མིག་ཅན་མ། ནུབ་ཨཽཌྱན་དུ་འོད་ལྡན་མ། ལྷོ་ཨརྦུ་དར་སྣ་ཆེན་མ། ཤར་ལྷོ་གོ་དཱ་ཝ་རཱིར་བརྟན་པའི་བློ་ཅན་མ། ལྷོ་ནུབ་རཱ་མེ་ཤྭ་རར་མིའུ་ཐུང་མ། ནུབ་བྱང་དེ་ཝཱི་ཀོ་ཊར་ལངྐའི་དབང་ཕྱུག་མ། བྱང་ཤར་མཱ་ལ་ཝར་ཤིང་གྲིབ་མ་སྟེ་ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་ནམ་མཁའ་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པའོ། །དེའི་ཕྱི་རོལ་གྱི་ཤར་ཀཱ་མ་རཱུ་པར་ཨཻ་རཱ་བ་ཏཱི། བྱང་ཨོ་ཏྲེར་འཇིགས་བྱེད་ཆེན་མོ། ནུབ་ཏྲི་ཤ་ཀུ་ནེར་རླུང་གི་ཤུགས་ཅན་མ། ལྷོ་ཀོ་ས་ལར་ཆང་འཐུང་མ། ཤར་ལྷོ་ཀ་ལིཾ་གར་ཤྱཱ་མ་དེ་ཝཱི། ལྷོ་ནུབ་ལཾ་བཱ་ཀར་ཤིན་ཏུ་བཟང་མོ། ནུབ་བྱང་ཀཱཉྩིར་རྟ་རྣ་མ། བྱང་ཤར་ཧི་མཱ་ལ་ཡར་ཁ་གཱ་ན་ན་སྟེ་གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པའོ། །དེའི་ཕྱི་རོལ་གྱི་ཤར་པྲེ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མ། བྱང་གྲྀ་ཧ་དེ་བར་ཁཎྜ་རོ་ཧཱ། ནུབ་སཽ་རཱཥྚར་ཤཽཎྜི་ནཱི། ལྷོ་སུ་ཝརྞ་དྭཱི་པར་འཁོར་ལོའི་གོ་ཆ་མ། ཤར་ལྷོ་ན་ག་རར་ཤིན་ཏུ་དཔའ་མོ། །ལྷོ་ནུབ་སིནྡྷཱུར་སྟོབས་ཆེན་མ། ནུབ་བྱང་མ་རོར་འཁོར་ལོས་སྒྱུར་མ། བྱང་ཤར་ཀུ་ལུ་ཏཱར་བརྩོན་འགྲུས་ཆེན་མོ་སྟེ་སྐུའི་འཁོར་ལོ་ཁ་དོག་དཀར་པོ་ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་པའོ། །ཤར་སྒོར་ཁྭ་གདོང་མ། བྱང་སྒོར་འུག་གདོང་མ། ནུབ་སྒོར་ཁྱི་གདོང་མ། ལྷོ་སྒོར་ཕག་གདོང་མ་རྣམས་ཕྱོགས་ཀྱི་མདོག་ཅན། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང༌། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་པ་གཉིས་ཀྱིས་གྲི་གུག་དང་ཌཱ་མ་རུ། གཡོན་པ་གཉིས་ཀྱིས་ཐོད་པ་བདུད་རྩིས་བཀང་བ་དང་ཁ་ཊྭཱཾ་ག་འཛིན་པ་གཡོན་བརྐྱང་བས་བཞུགས་ཤིང་རྒྱན་དང་ཉམས་ཐམས་ཅད་ནི་རྡོ་རྗེ་ཕག་མོ་དང་མཚུངས་པ་སྟེ་འོན་ཀྱང་སྒོ་མཚམས་མ་རྣམས་ནི་ཡི་དྭགས་ཀྱི་གདན་ལ་བཞུགས་ཤིང་དྲག་ཅིང་གཏུམ་པའི་གཟུགས་ཅན་ནོ། །དེ་ནས་ལུས་རྗེས་སུ་དྲན་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མཱའོ། །ཆོས་རྗེས་སུ་དྲན་པ་ནི་ཁཎྜ་རོ་ཧཱའོ། །སེམས་རྗེས་སུ་དྲན་པནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་ཝཱི་ར་མ་ཏིའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི་ལཾ་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨེ་རཱ་ཝ་ཏཱིའོ། །དད་པའི་སྟོབས་ནི་འཇིགས་བྱེད་མའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་མའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁ་གཱ་ན་ནའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧཱའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་བྱ་རོག་གི་གདོང་ཅན་མའོ། །ཡང་དག་པའི་འཚོ་བ་ནི་འུག་པའི་གདོང་ཅན་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པར་བྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཆུད་མི་ཟ་བར་བྱེད་པ་ནི་གཤིན་རྗེ་ཕོ་ཉ་མའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་མཆེ་བ་མའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །ཞེས་དག་པ་རྗེས་སུ་དྲན་པར་བྱའོ། །དེ་ནས་སྙིང་གར་བྃ་དང་ཕྱོགས་བཞིར་ཌྃ་ལྃ་ཁྃ་རུྃ། མཚམས་སུ་རླུང་སེམས་འདྲེས་པའི་རྩ་བཞི་དང༌། སྤྱི་བོ་ལ་སོགས་པའི་ལུས་ཀྱི་ཆ་ཤས་སུ། པུ་ཛཱ་ཨུ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུ། ཁ་ལྟེ་བ་མཚན་མ་བཤང་ལམ་མཛོད་སྤུ་མིག་རྣ་བ་སྣ་རྣམས་ལ། ཀཱྃ་ཨུྃ་ཤྃ་སུྃ་དྃ་དུྃ་དྃ་མྃ། རྣམས་སྐད་ཅིག་གིས་ལྷ་རྣམས་སུ་གྱུར་ནས་རིམ་གྱིས་གསལ་གདབ་སྟེ། ལྟེ་བར་རྡོ་རྗེ་ཕག་མོ། ཤར་དུ་མཁའ་འགྲོ་མ། བྱང་དུ་ལཱ་མཱ། ནུབ་ཏུ་ཁཎྜ་རོ་ཧཱ། ལྷོར་གཟུགས་ཅན་མ་མཚམས་བཞིར་ཐོད་པ་བདུད་རྩིས་བཀང་བ་བཞི་སྟེ་བདེ་བ་ཆེན་པོའི་འཁོར་ལོའོ། །སྤྱི་བོ་པུལླཱི་ར་མཱ་ལ་ཡ་ར་རབ་ཏུ་གཏུམ་མོའོ། །སྤྱི་གཙུག་ཛཱ་ལནྡྷ་རར་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་ཨཽ་ཌྱན་དུ་འོད་ལྡན་མ། ལྟག་པ་ཨརྦུ་དར་སྣ་ཆེན་མ་སྟེ་གནས། རྣ་བ་གཡོན་པ་གོ་དཱ་ཝ་རཱིར་བརྟན་པའི་བློ་ཅན་མ། སྨིན་ཕྲག་རཱ་མེ་ཤཱ་རིར་མིའུ་ཐུང་མ། མིག་དེ་ཝི་ཀོ་ཊར་ལཾ་ཀའི་དབང་ཕྱུག་མ། ཕྲག་པ་མཱ་ལ་ཝར་ཤིང་གྲིབ་མ་སྟེ་ཉེ་བའི་གནས་ཐུགས་ཀྱི་འཁོར་ལོའོ། །མཆན་ཁུང་ཀཱ་མ་རཱུ་པར་ཨཻ་རཱ་བ་ཏཱི། ནུ་མ་ཨོ་ཏྲེར་འཇིགས་བྱེད་ཆེན་མོ་སྟེ་ཞིང༌། ལྟེ་བ་ཏྲི་ཤ་ཀུ་ནེར་རླུང་གི་ཤུགས་ཅན་མ། ཀོ་ས་ལར་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ༌། །ཁ་ག་ལིངྒར་ཤྱཱ་མ་དེ་ཝཱི། མགྲིན་པ་ལམྦ་ཀར་ཤིན་ཏུ་བཟང་མོ་སྟེ་ཚནྡོ་ཧ། སྙིང་ཀཱཉྩིར་རྟ་རྣ་མ། འདོམ་བར་ཧི་མ་ལ་ཡར་ཁ་གཱ་ན་ན་སྟེ་ཉེ་བའི་ཚནྡོ་ཧ་གསུང་གི་འཁོར་ལོའོ། །མཚན་མ་པྲེ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མ། འོག་སྒོ་གྲྀ་ཧ་དེ་ཝར་ཁཎྜ་རོ་ཧཱ་སྟེ་འདུ་བ། བརླ་སཽ་རཱཥྚར་ཤཽཎྜི་ནཱི། བྱིན་པ་སུ་ཝརྞ་དྭཱི་པར་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བའོ། །སོར་མོ་ན་ག་རར་ཤིན་ཏུ་དཔའ་མོ། བོལ་གོང་སིནྡྷཱུར་སྟོབས་ཆེན་མ་སྟེ་དུར་ཁྲོད། མཐེ་བོ་མ་རོར་འཁོར་ལོས་སྒྱུར་མ། པུས་མོ་ཀུ་ལུ་ཏར་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་རྣམས་སྐུའི་འཁོར་ལོ་ས་བཅུ་རྣམ་པར་དག་པའོ། །ཁ་དང་ལྟོ་བ་ལ་སོགས་པ་ཡི་གེ་བརྒྱད་རིམ་པ་བཞིན་ཁྭ་གདོང༌། འུག་གདོང༌། ཁྱི་གདོང༌། ཕག་གདོང༌། གཤིན་རྗེ་བརྟན་མ། ཕོ་ཉ་མ། མཆེ་བ་མ། འཇོམས་མ་རྣམས་སུ་གསལ་བར་བལྟའོ། །དེ་ནས་བདག་གིས་བསྒོམས་པའི་ཕྱི་ནང་གི་དཀྱིལ་འཁོར་དང༌། འཛམ་བུའི་གླིང་གི་སྤྲུལ་པའི་སྐུའི་དཀྱིལ་འཁོར་དང༌། འོག་མིན་ན་བཞུགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་དབྱེར་མི་ཕྱེད་པའི་རང་བཞིན་དུ་བདག་གྱུར་པར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པ་དང༌། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨྨཱཿབཛྲ་ཤུདྡྷོ྅་ཧཾ། ཞེས་ལན་གསུམ་བརྗོད་དོ། །དེ་ནས་ལྷ་རྣམས་ཀྱི་ལྟེ་བ་ལ་སོགས་པའི་གནས་རྣམས་སུ་ཟླ་བའི་གདན་བསམས་པའི་སྟེང་དུ་ལྟེ་བར་ཨོཾ་བྃ་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཧྃ་ཡོཾ་གཤིན་རྗེ་མ་སྔོན་མོ། ཁ་ལ་ཧྲིཾ་མྃ་རྨོངས་བྱེད་མ་དཀར་མོ། མགོ་བོར་ཧྲེཾ་ཧྲིཾ་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཙཎྜི་ཀ་དུད་ཁའི་གོ་ཆ་རྣམས་བཀོད་ནས། ལུས་ཀྱིས་འབར་བའི་ཕྱག་རྒྱ་དཔྲལ་བའི་དཔྱེས་སུ་བསྐོར། ངག་ཏུ་ཕཻཾ་ཞེས་བརྗོད། སེམས་ཀྱིས་སྙིང་གའི་བྃ་གྱི་འོད་ཀྱིས་རང་བཞིན་གྱི་གནས་ནས་རང་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། སྔ་མ་ལྟར་མཆོད། དགུག་པ་དང་གཞུག་པ་དང༌། བཅིང་བ་དང་དབང་དུ་བྱས་པར་བསམས་ལ། ཛཿཧཱུྃ་བྃ་ཧོཿ ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །ཡང་སྔ་མ་བཞིན་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། མཆོད་པ་རྣམས་ཀྱིས་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་གསོལ་བ་བཏབ་པས་སངས་རྒྱས་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་སྤྱི་བོ་ནས་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བས་རྐང་མཐིལ་ཡན་ཆད་གང༌། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུ་ལྷག་མ་ཡར་ལུད་པས་རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད། སྙིང་པོའི་རྣལ་འབྱོར་མ་བཞི་ལ་རིན་ཆེན་འབྱུང་ལྡན། ཐུགས་ཀྱི་འཁོར་ལོ་ལ་མི་བསྐྱོད་པ། གསུང་གི་འཁོར་ལོ་ལ་འོད་དཔག་མེད། སྐུའི་འཁོར་ལོ་ལ་རྣམ་པར་སྣང་མཛད། དམ་ཚིག་གི་འཁོར་ལོ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་བདུད་རྩི་གཏོར་མ་ལྟར་བྱིན་གྱིས་བརླབས་པ་ལྕེ་ལ་མྱངས་པས་ལྷ་རྣམས་མཉེས་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་རང་བཞིན་གྱིས་གནས་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་ཆར་མངོན་པར་ཕབ་པར་བསམ་ཞིང༌། སྔ་མ་ལྟར་མཆོད་ནས་ལྷ་མོ་དེ་དག་ཉིད་ཀྱིས་བསྟོད་པར་བསམ་ཞིང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་པ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་གཏད་དེ་མཉམ་པར་གཞག་གོ །གཙོ་མོ་འབའ་ཞིག་བསྒོམ་པ་དང༌། ལྷ་ལྔ་མ་དང༌། ལྷ་བཅུ་གསུམ་མ་བསྒོམ་པའི་ཚུལ་ཡང་འདིས་ཤེས་པར་འགྱུར་ཏེ། འོན་ཀྱང་གཙོ་མོ་འབའ་ཞིག་བསྒོམ་པ་ནི་གཞལ་ཡས་ཁང་མེད་པར་དུར་ཁྲོད་ཀྱི་དབུས་ན་བཞུགས་པའོ། །བསྐྱེད་པའི་རིམ་པའོ།། །།དེ་ནས་རང་གི་སྙིང་གའི་བྃ་ལས་འོད་འཕྲོས་པས་ཁམས་གསུམ་སྣོད་དང་བཅས་པ་ཐམས་ཅད་དམ་ཚིག་གི་འཁོར་ལོ་ལ་བསྡུ། དེ་ནས་རིམ་པ་བཞིན་སྐུ་དང་གསུང་དང་ཐུགས་དང་བདེ་བ་ཆེན་པོའི་འཁོར་ལོ་ལ་བསྡུ། དེའང་རང་གི་སྙིང་གར་བསྡུས་ནས། རང་ཉིད་རྡོ་རྗེ་ཕག་མོར་དམིགས་པའི་སྤྱི་བོ་དང༌། སྤྱི་གཙུག་ལ་སོགས་པའི་གནས་རྣམས་སུ་ཁམས་བྱང་ཆུབ་ཀྱི་སེམས་ལས་གྲུབ་པའི་པུ་ཛཱ་ལ་སོགས་པའི་ཡི་གེར་བདེ་བ་ཆེན་པོའི་ངོ་བོར་གནས་པ་དམིགས་པ་རྣམས་ལྟེ་བའི་གཏུམ་མོའི་མེ་ཨ་ཤད་ཀྱི་རྣམ་པ་ལྟ་བུའི་འོད་ཀྱིས་གདུངས་པས་ཁམས་བདུད་རྩི་དེ་དག་རྒྱས་ཤིང་ཅུང་ཟད་བཞུ་བའི་རྒྱུན་ལྟེ་བའི་གནས་སུ་བབས་པས་མེའི་ནུས་པ་ཆེར་འཕེལ་ཞིང་ཁམས་ཀྱིས་ལུས་ཐམས་ཅད་ཁེངས་པ་ལ་སེམས་གཏད་དེ་རླུང་ཁ་སྦྱོར་དུ་བྱའོ། །དེ་ལྟར་བསྒོམས་པས་བདེ་བ་དང་ཡེ་ཤེས་འབར་བར་འགྱུར་ཏེ་ཡི་གེའི་རྣལ་འབྱོར་རོ། །ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་དམིགས་པའི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་བར་དུ་བྃ་གྱི་ཡི་གེ་བསམས་ནས། རང་གི་སྐུ་སྟོད་ཉི་མ། སྐུ་སྨད་ཟླ་བ། ཉི་ཟླ་བྃ་ལ་བསྡུ། བྃ་གྱིའང་ཁོག་པ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་ལ་བསྡུས་ནས་ནཱ་ད་ཤིན་ཏུ་ཕྲ་བ་གསལ་བ། མི་རྟོག་པའི་རང་བཞིན་དུ་དམིགས་ཏེ་སེམས་བཟུང༌། ཡང་ནཱ་དའང་མཆེད་ཅིང་གསལ་བར་གྱུར་པ་ལས་ཐིག་ལེ་དང་ཀླད་ཀོར་དང༌། བྃ་དང༌། ཉི་ཟླ་ཁ་སྦྱོར་བཅོམ་ལྡན་འདས་མའི་སྐུ་དང༌། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་གསལ་བར་དམིགས་པ་ལ་སེམས་བཟུང༌། དེ་ལྟར་བསྡུ་བ་དང༌། སྤྲོ་བའི་རྣལ་འབྱོར་རྒྱུན་དུ་བསྒོམས་པས་གསལ་བ་དང༌། སྟོང་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ་དམིགས་པ་དང་བཅས་པའི་རྣལ་འབྱོར་རོ། །ཡང་ནཱ་དའི་བར་དུ་བསྡུ་བ་སྔ་མ་ལྟར་བྱས་ནས་ནཱ་དའང་མི་དམིགས་ཏེ་སྟོང་པའི་ངང་ལས་སེམས་མཉམ་པར་གཞག་གོ །དེ་ལ་གོམས་པས་སྤྲོས་པ་དང་བྲལ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ་དམིགས་པ་མེད་པའི་རྣལ་འབྱོར་རོ། །རྫོགས་པའི་རིམ་པ་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་རོ། །དེ་ནས་སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་བཞེངས་པའི་ཐུགས་ཀའི་བྃ་ལས་འོད་འཕྲོས་པས་སྣང་བ་ལ་རྟེན་དང་བརྟེན་པར་བཅས་པའི་སྣོད་བཅུད་ཐམས་ཅད་གསལ་བར་དམིགས་ནས་ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་རང་གི་ས་བོན་བསམས་པའི་མཐའ་མར། རང་རང་གི་སྔགས་གཡོན་སྐོར་དུ་འཁོར་བའི་འོད་ཀྱིས་སྡིག་པ་དང་སྒྲིབ་པ་སྦྱངས། ཚོགས་གཉིས་རྫོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་ནས། བྱིན་གྱིས་རློབ་པར་བསམ་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་ཝཱ་ར་ཧཱི་བཾ། ཨཱརྻཱ་བ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་སརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ་བཛྲཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི། ཤོ་ཥ་ཎི་རོ་ཥ་ཎི། ཀྲོ་དྷེ་ཀ་རཱ་ལི་ནི་ཏྲཱ་ས་ནི། མཱ་ར་ཎི་པྲ་བྷེ་ད་ནི་པ་རཱ་ཛ་ཡེ། བི་ཛ་ཡེ། ཛམྦྷ་ནི་སྟམྦྷ་ནི་མོ་ཧཱ་ནི། བཛྲ་ཝཱ་རཱ་ཧི། མ་ཧཱ་ཡོ་གི་ནཱི། ཀཱ་མེ་ཤྭ་རི་ཁ་གེ ཏདྱ་ཐཱ། པྲོ་ཏཾ་གེ་པྲོ་ཏཾ་གེ ཧ་ན་ཧ་ན་པྲཱ་ཎཱཾ། ཀིཾ་ཀི་ནི། ཁིྃ་ཁི་ནི། དྷུ་ན་དྷུ་ན་བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཁ་ཊྭཱཾ་ག་ཀ་པཱ་ལ་དྷཱ་རི་ཎི། མ་ཧཱ་པི་སི་ཏ་མཱཾ་ས་ཨ་ཤ་ནི། མཱ་ནུ་ཥ། ཨནྟྲ་པྲཱ་བྲི་ཏི། སཱནྣི་དྷྱ་ན་ར་སི་ར། མཱ་ལཱ་གྲནྠི་ཏ། དྷཱ་རི་ཎི་སུམྦྷ་ནི། སུམྦྷེ་ཧ་ན་ཧ་ན་པྲ་ཎ་ན། སརྦ་པ་ཤུ་བཱ་ནཱཾ། མ་ཧཱ་མཱནྶཙྪེ་ད་ནི་ཀྲོ་དྷ་མཱུརྟྟེ་དཾཥྚྲཱ་ཀ་རཱ་ལཱི་ནི། མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ དེ་ཝ་སྱ། ཨ་གྲ་མ་ཧི། ཥི་ས་ཧ་སྲ་ཤི་རེ་ས་ཧ་སྲ་བཱ་ཧ་བེ་ཤ་ཏ་ས་ཧ་སྲ་ཨ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ་ཛྭཱ་ལ་མུ་ཁི་པིངྒ་ལ་ལ་ཙ་ནེ་བཛྲ་ཤཱ་རཱི་རེ། བཛྲ་ཨཱ་ས་ནེ་མི་ལི་ཏེ་མི་ལི་ཏེ་ཧེ་ཧེ་ཧཱུྃ་ཧཱུྃ་ཁ་ཁ་དྷུ་དྷུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། མུཉྩ་མུཉྩ། ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནཱི། པ་ཋེ་ཏ་སི་དྷེ། དྲེཾ་དྷེཾ་དྲེཾ་དྷེཾ། གྲཾ་གྲཾ་ཧེ་ཧེ། ཧ་ཧ་བྷཱི་མེ། ཧ་ས་ཧ་ས། བཱི་རེ། ཧཱ་ཧཱ་ཧོ་ཧོ། ཧཱུྃ་ཧཱུྃ། ཏྲཻ་ལོ་ཀྱ། བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ། པ་རི་ཝཱ་རེ་ཧཱུྃ་ཧཱུྃ་ཕཊ། སིཾ་ཧ་རཱུ་པེ་ཁ། ག་ཛ་རཱུ་པེ་གཿ ཏྲཻ་ལོ་ཀྱ། ཨུ་ད་རེ་ས་མུ་དྲ། མེ་ཁ་ལེ། གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། ཝཱི་ར་དྭཻ་ཏེ་ཧཱུྃ་ཧཱུྃ། ཧཱཿཧཱཿམ་ཧཱ་པ་ཤུ་མོ་ཧ་ནི། མ་ཧཱ་ཡོ་གཱི་ཤྭ་རི། ཏྭཾ་ཌཱ་ཀི་ནཱི། སརྦ་ལོ་ཀཱ་ནཱཾ། བནྡྷ་ནིས་དྱཿ པྲ་ཏྱ་ཡ་ཀཱ་རི་ཎི། ཧཱུྃ་ཧཱུྃ་ཕཊ། བྷཱུ་ཏ་ཏྭཱ་ས་ནི་མ་ཧཱ་བཱི་རེ་པ་ར་མ་སིདྡྷེ་ཡོ་གཱི་ཤྭ་རི་ཕཊ། ཧཱུྃ་ཧཱུྃ་ཕཊ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞཎ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལཱ་མ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པ་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ། སྙིང་པོའི་རྣལ་འབྱོར་མ་བཞིའོ། །ཨོཾ་ཀ་ར་ཀ་ར་པྲ་ཙཎྜེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཙཎྜ་ཨཀྵཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བནྡྷ་བནྡྷ་པྲ་བྷཱ་བ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲ་ས་ཡ། མ་ཧཱ་ནཱ་ས་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཁརྦ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཿཧྲཿ ལཾ་ཀི་ཤྭ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཕེཾ་ཕེཾ་དྲུ་མཙྪ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཕཊ་ཕཊ་ཨེ་རཱ་ཝ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་མ་ཧཱ་བྷཻཾ་ར་ཝི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་ཝཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལཾ་བི་ནེ་སུ་རཱ་བྷཀྵཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཱཾ་ག་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ། ཤྱཱ་མ་དེ་ཝཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ཀཌྜྷ་ཨ་ཀཌྜྷ་སུ་བྷ་དྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧ་ཡ་ཀརྞེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛཎཽཾ་ཛཎཽཾ་ཁ་ག་ཨཱ་ན་ནེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཙཀྲ་བེ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱྃ་ཧཱྃ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱིཾ་ཧཱིཾ་ཤཽཎྜི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧཱུྃ་ཙཀྲ་ཝརྨི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀི་ལི་ཀི་ལི་སུ་བཱི་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སི་ལི་སི་ལི་མ་ཧཱ་བ་ལེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧི་ལི་ཧི་ལི་ཙཀྲ་ཝརྟི་ནཱ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དྷི་ལི་དྷི་ལི་མ་ཧཱ་བཱིརྻེ་ཧཱུྃ་ཧཱུྃ་ཕཊ། རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་སྔགས་སོ། །ཨོཾ་ཀཱ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱ་དྷི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱུ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཾཥྚྲཱི་ཎཱེ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། སྒོ་མཚམས་མ་རྣམས་ཀྱི་སྔགས་ཏེ་དེ་དག་གང་མོས་པ་ལ་ཅི་ནུས་པ་བཟླའོ། །བཟླས་པའི་རྣལ་འབྱོར་རོ། །དེ་ནས་མངོན་པར་བཤམས་པའི་གཏོར་མ་སུཾ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་རྃ་ལས་མེའི་སྟེང་དུ་ཨཱཿལས་ཐོད་པ་ཡངས་པའི་ནང་དུ་ཤར་ལྷོ་ནུབ་བྱང་དབུས་སུ་གོ་ཀུ་ད་ཧ་ན་ལས་བ་ལང་ཁྱི་རྟ་གླང་པོ་ཆེ་མི་སྟེ་ཤ་ལྔ་དང༌། དེའི་སྟེང་དུ་ཤར་དབུས་ནུབ་བྱང་ལྷོར། བི་མུ་ཤུ་མ་ར་ལས་དྲི་ཆེན། དྲི་ཆུ། བྱང་སེམས། ཀླད་པ། རཀྟ་སྟེ། བདུད་རྩི་ལྔ་དང༌། དེའི་སྟེང་དུ་དབུས་དང་ཤར་ནས་གཡས་སྐོར་ཀྱིས་ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿརྣམས་ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པ་སྟེ་ཡེ་ཤེས་ལྔའི་ངོ་བོར་བསམ། དེའི་སྟེང་དུ་བདུད་རྩི་ལྔའི་རང་བཞིན་ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་བའོ། །དེའི་སྟེང་དུ་བྱང་ཆུབ་སེམས་ཀྱི་རང་བཞིན། ཁ་ཊྭཱཾ་ག་མགོ་ཐུར་དུ་ལྟ་བ་ལ་ཧཱུྃ་གིས་མཚན་པ་བསམས་ནས། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་ནས་མེ་སྦར། དེས་ཤ་ལྔ་དང༌། བདུད་རྩི་ལྔ་དང༌། ཡེ་ཤེས་ལྔ་བཞུ་ཞིང་བསྐོལ་བའི་རླངས་པ་གྱེན་དུ་སོང་བས། ཨོཾ་དང་ཁ་ཊྭཱཾ་ག་ལས་བདུད་རྩིའི་རྒྱུན་བབས། ཡང་ཁ་ཊྭཱཾ་ག་ལས་བྱུང་བའི་འོད་ཟེར་རླངས་པ་དང་བཅས་པ་ཕྱོགས་བཅུར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཐོད་པ་བདུད་རྩིས་གང་བ་རྣམ་པར་བཀུག་ནས་གཏོར་མ་ལ་ཐིམ། ཁ་ཊྭཱཾ་ག་ཨོཾ་དང་བཅས་པ་ལྷུང་ནས་ཐམས་ཅད་རོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་དམིགས་ལ། ཨོཾ་ཨཱཿཧཱུྃ་ཞེས་ཡང་ཡང་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་མདུན་གྱི་ནམ་མཁར་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་ལྷ་སུམ་ཅུ་སོ་བདུན་གྱི་དཀྱིལ་འཁོར་གསལ་བར་དམིགས་ལ། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་དང༌། དུར་ཁྲོད་ཀྱི་བདག་པོ་ཕྱོགས་སྐྱོང་དང་བཅས་པ་ཐམས་ཅད་བསྟིམ་ནས་ལག་པ་གཉིས་ཉི་ཟླར་བསྒོམས་པའི་ཐལ་མོ་གཉིས་ལ་ཨཱ་ལི་ཀཱ་ལི་གཉིས་བཀོད་ནས་ཐལ་མོ་སྦྱར་ལ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿཔ་ར་སྤ་ར། ཨ་ནུ་ག་ཏ་སརྦ་དྷརྨཱཿཨ་དྱནྟ་ཨ་ནུ་ག་ཏ་སརྦ་དྷརྨཱ། ཨ་ཏི་ཏ་ཨ་ནུ་པྲ་བེ་ཤ་ཡ་སརྦ་དྷརྨཱ་ཧཱུྃ། ཞེས་བརྗོད་པས་ཐབས་དང་ཤེས་རབ་ཀྱི་ལག་པར་བྱིན་གྱིས་བརླབས་པ་ཁ་ཕྱེ་བའི་སྟེང་དུ་གཏོར་མ་བཞག་པ་བསྟབས་པར་བསམ་ཞིང༌། ཨོཾ་བཛྲ་ཨཱ་རལླི་ཧོ་ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ་ཞེས་ལན་ལྔ་དང་རྗེ་བཙུན་མའི་ཡང་སྙིང་ལ་སོགས་པ་སོ་སོའི་སྔགས་ཀྱི་འཁོར་ལོ་ལྔའི་ལྷ་ཚོགས་དང༌། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད། ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། ཛི་གྷ་ཐ། པི་ཝ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟྟ། སཏྤུ་ཁཾ་བི་ཤུདྡྷ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་གསུམ་གྱིས་དུར་ཁྲོད་ན་གནས་པ་རྣམས་ལ་ཕུལ་ནས། ཨརྒྷཾ་ལ་སོགས་པས་མཆོད་ནས། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་བཱ་ར་ཧཱི་བཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྻཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡཱ་ཝཱ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲཱ་ས་ནེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་ཝཱ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་རཱ་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཏྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་ར་ཧཱི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་བསྟོད་ནས། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཕྲིན་ལས་བཅོལ་ནས་རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་བྱིན་དབབ་ཅིང་བཀྲ་ཤིས་པར་བྱའོ། །གཏོར་མའོ། །ཟས་ཟ་བའི་ཚེ་ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་རྡོ་རྗེ་རྣལ་འབྱོར་མར་དམིགས་པའི་ལྟེ་བར་གཏུམ་མོའི་མེ་འབར་བའི་ཁྲོད་ན་ལུས་ཀྱི་ལྷ་རྣམས་གསལ་བར་དམིགས་ནས། ཁྱད་པར་དུ་ནང་གི་གཙོ་མོའི་སྤྱི་བོར་བླ་མ་རིགས་བདག་གི་གཙོ་བོར་བཞུགས་པར་བསམ། དེ་ནས་ལག་པའི་མཆོད་པས་ལག་པའི་ལྷ་ཚིམ་པར་བྱས་ནས། ལག་པ་གཉིས་དགང་བླུགས། ཁ་ཧོམ་ཁུང༌། ཟས་བསྲེག་རྫས་སུ་བསམས་ལ་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ལུས་ཀྱི་ལྷ་རྣམས་མཆེད་པར་བསམ་ཞིང༌། ཤིན་ཏུ་ཞེན་པར་མི་བྱ་བར་བདུད་རྩིའི་རོ་མྱང་ཞིང་བཟའོ། །ལྷག་མ་ཨོཾ་ཨུཙྪི་ཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་པས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་ཚེ་རྫོགས་རིམ་གྱི་སྐབས་ལྟར་ལྷ་རྣམས་བསྡུས་ནས་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལོ། །ལྡང་བའི་ཚེ་གོང་དུ་བཤད་པ་ལྟར་འོད་གསལ་ལས་ལྷའི་སྐུ་ཟུང་འཇུག་ཏུ་ལྡང་ངོ༌། །ཁྲུས་ཀྱི་ཚེ་ཏིང་ངེ་འཛིན་གོང་གི་དབང་བསྐུར་བ་དང་འདྲ་ལ། ཡི་གེ་བརྒྱ་པ་བརྗོད་ཅིང་ཁྲུས་བྱས་པས་སྡིག་པ་དང་དྲི་མ་ཐམས་ཅད་དག་པར་བསམ་མ།ོ །མཐར་དབང་གི་ལྷ་གཤེགས་སུ་གསོལ། སྤྱོད་ལམ་ལ་འཇུག་པའི་ཚེ་རང་གི་ལུས་ཀྱི་ཨོཾ་བྃ་ལ་སོགས་པའི་དཔའ་མོ་དང་པུ་ཛཱ་ལ་སོགས་པ་སོ་སོའི་སྔགས་བརྗོད་པས་ལྷ་རྣམས་སོ་སོའི་གནས་སུ་ཐིམ་པས་བདག་ཉིད་བསྲུངས་ནས་སུམྦྷའི་སྔགས་ལན་གཉིས་ཀྱིས་ཕྱོགས་མཚམས་རྣམས་བཅིངས་ལ། བདག་དང་སྣང་བ་ཐམས་ཅད་རྡོ་རྗེ་ཕག་མོའི་སྐུར་བསམ་སྟེ། ཧཱུྃ་ཞེས་བརྗོད་པས་བྱིན་གྱིས་བརླབ། བརྗོད་པ་དང་གྲགས་པ་ཐམས་ཅད་སྔགས་སུ་བསྒོམས་ལ་ཡུམ་གྱི་རྐང་པ་བརྒྱད་པ་བརྗོད་པས་བྱིན་གྱིས་བརླབ། རྟོག་པའི་འདུ་འཕྲོ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བསམས་ལ་ཧཱུྃ་ཞེས་བརྗོད་པས་བྱིན་གྱིས་བརླབས་ནས་ལྷས་ལྷ་མཆོད་པར་བསམ་ཞིང་ཡུལ་རྣམས་ལ་སྡང་ཞེན་མེད་པར་ལོངས་སྤྱད་དོ། །དེ་ལྟར་མཉམ་པར་གཞག་པ་དང༌། ཡན་ལག་གི་རྣལ་འབྱོར་ལ་ཤིན་ཏུ་གོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་སྤྱོད་པས་བརྟན་པར་བྱས་པས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱིས་ཡིད་བདེ་བར་བྱས་ནས། ས་དང་ལམ་ཐམས་ཅད་བགྲོད་དེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །འདིའི་བརྒྱུད་པ་ནི་རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཡུལ་བ་རེནྡྲའི་རྣལ་འབྱོར་པ་བི་རཱུ་པ། ཡུལ་ར་ཌའི་སློབ་དཔོན་ཨུ་མ་པ་ཏ་ཧ་དྷི། ཤཱནྟ་གུཔྟ། ཙནྡྲ་ཀཱིརྟི། ཝཱ་གཱི་ཤྭ་ར་གུཔྟ། བླ་མ་རཱ་ལོ་ཙྪ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། སློབ་དཔོན་རྣམ་པར་རྒྱལ་བའི་རྡོ་རྗེ། དགེ་སློང་འཕགས་པ་རྣམས་སོ། །དེ་ལྟར་ལུང་དོན་མན་ངག་གིས་བརྒྱན་པའི། །སྒྲུབ་ཐབས་གོ་གོ་ཅན་གྱིས་རབ་བསྐུལ་ནས། །འཕགས་པས་སྦྱར་བའི་དགེ་བས་བདག་གཞན་ཀུན། །རྡོ་རྗེ་ཕག་མོའི་གོ་འཕང་ཐོབ་པར་ཤོག །རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྗེས་སུ་འབྲང་བ་སློབ་དཔོན་ཤྲཱི་ཨུ་མ་པ་ཏ་ཧ་དྷིས་མཛད་པའི་ལག་ཏུ་བླང་བའི་རིམ་པ། དགེ་སློང་སྔགས་འཆང་བ་འཕགས་པས་ཆུ་ཕོ་སྤྲེལ་གྱི་ལོ་དགུན་ཟླ་འབྲིང་པོའི་ཡར་གྱི་ངོ་ལ་ཤིང་ཀུན་གྱི་མཁར་དུ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply