སྦྱིན་སྲེག

༼ཕ༽

༄༅། །སྦྱིན་སྲེག་བཞུགས།།

༄༅། །དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མའི་བསྙེན་པ་སྔོན་དུ་སོང་བས། སྔགས་ཀྱི་ནུས་པ་དབྱུང་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཕྱིར། སྦྱིན་སྲེག་བྱེད་པར་འདོད་པས། སའི་ཆོ་ག་བྱས་པའི་སར་མཚན་ཉིད་དང་ལྡན་པའི་ཐབ་ཁུང་དུ་བུད་ཤིང་ལེགས་པར་བརྩིགས་ལ། གཡོན་ཕྱོགས་སུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། དམར་གཏོར་གསུམ་བཤམ། གཡས་སུ་ཡམ་ཤིང་དང༌། མར་ཁུ་དང༌། ཆང་བཟང་པོ་ལ་བདུད་རྩི་སྦྱར་བ་དང༌། ཤ་ལྔ་ཚང་བ་དང༌། ཤིང་གང་ཡང་རུང་བའི་དུམ་བུ་གཏུབས་པ་དང༌། ཏིལ་དང༌། ཞོ་དང༌། འོ་མ། མར། ཀ་ར། བུ་རམ། སྦྲང་རྩི་དང་སྦྱར་བའི་ཟས་མཆོག་དང༌། དཱུར་བ་དང༌། ཀུ་ཤ་རྣམས་དགོད། རང་ཁ་ཤར་དུ་བསྟན་ནས་འདུག་པའི་མདུན་དུ། ནང་མཆོད་རྡོ་རྗེ་དྲིལ་བུ་དགང་བླུགས་དང་བཅས་པ་བཞག་ནས། བདག་བསྐྱེད་དང་བཟླས་པ་རྫོགས་པར་བྱས་ལ། ཐབ་དང་མཆོད་རྫས་བསྲེག་རྫས་རྣམས་ལ་ནང་མཆོད་ནས་གཏོར་ཞིང༌། སུམྦྷའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་ཐབ་ཁུང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བུད་ཤིང་གི་རྩིག་པ་དྭངས་ཤིང་ཐོགས་པ་མེད་པ་བསྐྱེད་ནས། ཧཱུྃ་ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབ། མཆོད་རྫས་དང་བསྲེག་རྫས་རྣམས་ཨོཾ་ཨཱཿཧཱུྃ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དང༌། བསྲེག་རྫས་དཔག་ཏུ་མེད་པར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་དང་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་ཨོཾ་ཨགྣ་ཡེ་ཛྭ་ལ་རྃ་ཞེས་བརྗོད་ཅིང་མེ་སྦར་ནས་དེའི་དབུས་སུ་རྃ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་ཀྱི་དང་པོ་མཆོག་སྦྱིན། གཉིས་པ་བགྲང་འཕྲེང༌། གཡོན་གྱི་དང་པོ་དབྱུ་གུ་རྩེ་གསུམ་པ། གཉིས་པ་བདུད་རྩིས་གང་བའི་གུནྡྷེ་འཛིན་པ། རལ་པའི་ཐོར་ཚུགས་དང་ལྡན་ཞིང༌། ཚངས་པའི་སྐུད་པ་དང༌། ཁྲི་སྙན་ས་ལེའི་པགས་པའི་སྟོད་གཡོགས་ཅན། དར་དམར་པོའི་ཤམ་ཐབས་མནབས་པ། མེ་འབར་བའི་དབུས་ན་བཞུགས་པར་བསམས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དམིགས་ནས། དེའི་ཐུགས་ཀའི་ཧཱུྃ་དང༌། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ཞེས་བརྗོད་ནས། ཛཿཧཱུྃ་བྃ་ཧོཿས་མདུན་བསྐྱེད་ལ་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་ཡང་འོད་འཕྲོས་པས་སངས་རྒྱས་རིགས་ལྔ་སྤྱན་དྲངས་ལ་མཆོད་ནས། འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། དྲི་མ་དག་ཆུ་ལྷག་མ་ཡར་ལུད་པས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་དེ་ཡི་ལྗགས་ལས་འོད་ཟེར་བྱུང་བའི་ནང་ནས་བྱོན་ཟན་གསོལ་བར་བསམ་ཞིང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ལན་བདུན་ཕུལ་ནས། ཨོཾ་ཨགྣ་ཡེ་ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་པྲ་ཏིཙྪ་སྭཱ་ཧཱས་ཞབས་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་མཆོག བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་དབུལ་ལོ། །དེ་ནས་འབར་བའི་མེ་ལ་ཡམ་ཤིང་དང༌། ཞུ་བའི་རྫས་རྣམས་ཞལ་དང༌། གོང་བུའི་རྫས་རྣམས་ཕྱག་དང༌། དཱུར་བ་དང་ཀུ་ཤ་སྤྱི་གཙུག་ཏུ་འབུལ་བར་བསམ་ཞིང༌། གོང་གི་སྔགས་ཉིད་ཀྱིས་ཉི་ཤུ་རྩ་གཅིག་ལ་སོགས་པ་དབུལ་ཞིང༌། བསྲེག་རྫས་རྣམས་ཀྱི་མཐར། བདག་གི་སྡིག་པ་དང༌། སྒྲིབ་པ་དང༌། ནད་དང་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དོ། །སླར་ཡང་མཆོད་པ་རྣམས་ཀྱིས་མཆོད་ནས། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་པས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དེ་ནས་འབར་བའི་དབུས་དེ་ཉིད་དུ་རྡོ་རྗེ་རྣལ་འབྱོར་མ་བདག་བསྐྱེད་ཇི་འདྲ་བ་བཞིན་བསྐྱེད་པའི་མཐར་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྐོར་བར་བསམས་ལ། དེ་རྣམས་ལ་སྔ་མ་བཞིན་དུ་འདི་ཉིད་ཀྱི་སྔགས་ཀྱིས་བྱོན་ཟན་ཕུལ་ནས། ཨོཾ་བཛྲ་ཡོ་གི་ནཱི་ཞེས་ཀུན་ལ་སྦྱར་ལ། ཕྱིའི་མཆོད་པ་རྣམས་ཀྱིས་མཆོད་ནས། ནང་བདུད་རྩིས་ཀྱང་མཆོད་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པས་བསྟོད་པར་བྱའོ། །དེ་ནས་རྫས་རྣམས་སྔ་མའི་ཚུལ་གྱིས་འདི་ཉིད་ཀྱི་སྔགས་ཀྱིས་དབུལ་ཞིང༌། སྤེལ་ཚིག་རྣམས་སྔར་བཞིན་བྱས་ནས་མཐར་ཡང༌། མར་དགང་བླུགས་བདུན་ཕུལ་ལ། སླར་ཡང་མཆོད་པ་དང་བསྟོད་པ་བྱས་ནས། སྒྲུབ་ཐབས་བཞིན་གཏོར་མའང་ཕུལ་ལ། འདོད་པའི་དོན་གསོལ་བ་གདབ་བོ། །དེ་ནས་ཡི་གེ་བརྒྱ་པའི་མཐར་བཛྲ་མུཿ ཞེས་བརྗོད་ནས་ཡེ་ཤེས་པ་གཤེགས་སུ་གསོལ་ནས། དམ་ཚིག་པ་བདག་ལ་བསྡུའོ། །དེ་ནས་མེ་འབར་བའི་དབུས་སུ་མེ་ལྷ་དམིགས་པ་ལ་མཆོད་ཅིང་བསྟོད་ནས་བསྲེག་རྫས་རྣམས་རྫོགས་པར་ཕུལ་བའི་མཐའ་མར་དགང་བླུགས་བདུན་ཕུལ་ནས། མཆོད་པ་དང་བསྟོད་པ་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པའི་གཏོར་མ། ཨོཾ་ཨགྣ་ཡེ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་གསུམ་མམ། བདུན་གྱིས་ཕུལ་ནས། འདོད་པའི་དོན་གསོལ་བ་གདབ་བོ། །གཏོར་མ་གསུམ་པ་མཁའ་འགྲོ་སྤྱི་གཏོར་གྱིས་དབུལ་ལོ། །དེ་ནས་ཨོཾ་ཨགྣ་ཡེ་བཛྲ་མུཿ ཞེས་བརྗོད་པས་ཡེ་ཤེས་པ་གཤེགས་ལ། དམ་ཚིག་པ་བདག་ལ་བསྡུའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱད་ནས། ལྷག་མའི་བར་གྱི་ཆོ་ག་རྫོགས་པར་བྱས་ལ། སྨོན་ལམ་རྒྱ་ཆེན་པོ་བཏབ་ནས། བདག་གི་གནས་གསུམ་བསྲུངས་ཏེ། ཐལ་བ་ཆུ་བོ་ལ་སོགས་པར་དོར་ལ། ལས་ཀྱི་རྗེས་མི་མངོན་པར་བྱས་ནས། སྤྱོད་ལམ་གྱི་རྣལ་འབྱོར་ལ་སོགས་པ་ལ་གནས་པར་བྱའོ། །འདི་ལྟར་རྟག་ཏུ་བྱས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །རྗེ་ས་སྐྱ་པའི་མན་ངག་ལས་བྱུང་བའི་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག་འདི་ནི་གོ་གོ་ཆེན་གྱིས་བསྐུལ་ནས། འཕགས་པས་ས་མོ་སྦྲུལ་གྱི་ལོ་དབྱར་ཟླ་འབྲིང་པོ་ལ་ཤང་ཏོར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*