༼ཕ༽
༄༅། །ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྒོ་ནས་སྡིག་པ་སྦྱོང་བའི་ཆོ་ག་བཞུགས།།
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྒོ་ནས། སྡིག་པ་དང༌། སྒྲིབ་པ་དང༌། བར་དུ་གཅོད་པ་སེལ་བར་འདོད་པས་མེ་དང༌། ཏིལ་དང༌། ཅི་འབྱོར་པའི་མཆོད་པ་མངོན་དུ་བྱས་ཤིང༌། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྔོན་དུ་སོང་ནས། མེའི་ཕུང་པོ་དང་མཆོད་རྫས་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྒྱ་དང་ཚད་མ་ཉམས་པའི་ཐབ་ཁུང་དཀར་པོ་ཟླུམ་པོའི་དབུས་སུ། རྃ་ལས་ཡེ་ཤེས་ཀྱི་མེ་འབར་བར་བསྐྱེད་ནས། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་ནས། བྱིན་གྱིས་བརླབ། མཆོད་རྫས་རྣམས་ཨོཾ་ཨཱཿཧཱུྃ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དཔག་ཏུ་མེད་པར་བསྐྱེད་ལ། སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ། དེ་ནས་ཐབ་ཀྱི་ནང་དུ། པདྨ་དང་ཉི་མའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཤིང་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཁའ་འགྲོ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་ཐུགས་ཀར་འདོད་པའི་རྒྱལ་པོའི་ཕྱག་རྒྱ་མཛད་པའི་གཡས་པས་རྡོ་རྗེ་དང༌། གཡོན་པས་དྲིལ་བུ་འཛིན་པ། སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཞལ་གདངས་ཤིང་རུས་པ་དང་རིན་པོ་ཆེ་དང་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་བས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྐྱེད་ལ། གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་འོག་མིན་གྱི་གནས་ནས་དེ་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་སྤྱན་དྲངས་པ་ལ་མེ་ཏོག་ལ་སོགས་པས་མཆོད། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་བསྟིམ། སླར་ཡང་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། མེ་ཏོག་ལ་སོགས་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་ཆུས་དབང་བསྐུར། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། ཨོཾ་བཛྲ་ཌཱ་ཀཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ལ་སོགས་པས་མཆོད་ནས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོས་བདག་གི་སྡིག་པ་དང༌། སྒྲིབ་པ་དང༌། གྲིབ་མའི་ཉེས་པ་དང༌། བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་བདག་གི་སྡིག་པ་དང༌། གྲིབ་མའི་ཉེས་པ་དང༌། བར་དུ་གཅོད་པ་ཐམས་ཅད་སྙིང་གར་བསྡུས་པ་ཀྃ་གི་རྣམ་པས་སྣ་སྒོ་ནས་ཐོན་པ་ཏིལ་ལ་ཐིམ་པས། མིའི་གཟུགས་རིད་པ་དང༌། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་བཅོམ་ལྡན་འདས་ཀྱི་ཞལ་དུ་ཕུལ་བ་བདུད་རྩིར་གྱུར་པ་གསོལ་བས་མཉེས་པར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་དབུལ། ཐོག་མ་དང་མཐའ་མར་བྷསྨིཾ་ཀུ་རུ། བདག་གི་སྡིག་པ་དང༌། སྒྲིབ་པ་དང༌། གྲིབ་མའི་ཉེས་པ་དང༌། ནད་དང༌། གནོད་པ་དང༌། བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་དང་བཅས་པས་དབུལ། མཐར་སྔ་མ་བཞིན་དུ་མཆོད་པ་དང༌། བསྟོད་པ་བྱ། བཟོད་པར་གསོལ། ཡི་གེ་བརྒྱ་པ་བརྗོད། ཨོཾ་བཛྲ་མུཿ ཞེས་བརྗོད་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། ཐལ་བ་ཆུ་བོར་དོར་བས་ཆུ་ལ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་རོ། །ཚུལ་འདི་ཉིད་གཞན་གྱི་དོན་ལ་དམིགས་ཏེ། བྱས་པས་གཞན་གྱི་དོན་དུ་ཡང་འགྱུར་རོ། །ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྒོ་ནས་སྡིག་པ་སྦྱོང་བའི་ཆོ་ག ཆོས་རྗེ་ས་སྐྱ་པའི་གདམས་པ་འཕགས་པས་ཡི་གེར་བཀོད་ནས་རྒྱལ་བུ་ཇིམ་གྱིམ་ལ་ཕུལ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply