སྒྱུ་མ་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དབང་རྣམ་པར་རོལ་པ།

༼ཕ༽

༄༅། །སྒྱུ་མ་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དབང་རྣམ་པར་རོལ་པ་ཞེས་བྱ་བ་བཞུགས་སོ།།

༄༅། །དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་དབང་རྣམ་པར་རོལ་པ་ཞེས་བྱ་བ། སྒྱུ་མ་ཆེན་མོ་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྒྱུ་མའི་ཐབས་ཚུལ་གྱིས། །སྲིད་པའི་སྒྱུ་མ་ལས་གྲོལ་ནས། །སྒྱུ་འཕྲུལ་དྲྭ་བ་གང་བརྙེས་པའི། །སྒྱུ་མ་ཆེ་ལ་ཕྱག་འཚལ་ལོ། །སངས་རྒྱས་གར་མཁན་རོལ་པ་བཞིན། །རྡོ་རྗེ་སློབ་དཔོན་རྣམ་རོལ་པས། །སློབ་མ་བདེ་ལ་རོལ་བྱེད་པའི། །དབང་བསྐུར་རྣམ་པར་རོལ་པ་བཤད། །སློབ་དཔོན་དང་ནི་སློབ་མ་ཉིད། །ཕན་ཚུན་མཚན་ཉིད་ལྡན་རིག་ནས། །གནས་དུས་ཡོ་བྱད་ཕུན་ཚོགས་པས། །དབང་བསྐུར་བ་ཡི་ཆོ་ག་བརྩམ། །སྔོན་དུ་འགྲོ་དང་ལྷག་གནས་དང༌། །དཀྱིལ་འཁོར་དངོས་གཞིའི་བྱ་བ་དང༌། །དེ་བཞིན་མཇུག་གི་ཆོ་ག་སྟེ། །རྣམ་པ་བཞིས་ནི་ཡང་དག་བསྡུས། །དེའང་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་བླ་མ་ལ། སྔགས་ཀྱི་ལམ་གྱིས་མཆོག་གི་བྱང་ཆུབ་དོན་དུ་གཉེར་བའི་སློབ་མ་རྣམས་ཀྱིས། ཕྱག་དང་མཎྜལ་སྔོན་དུ་སོང་བས། བྱང་ཆུབ་ཀྱི་བར་གྱི་བླ་མ་ཉིད་དུ་གསོལ་བ་བཏབ་ནས། དེ་ལ་དབང་བླང་བའི་བློས། ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ནས་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐབ་ཆེན་གྱིས། །བློ་མཆོག་བདག་ནི་གནང་བར་མཛོད། །ཅེས་ལན་གསུམ་དུ་གསོལ་བ་གདབ་བོ། །བླ་མས་ཀྱང་ཡོ་བྱད་དང་ནུས་པ་དྲིས་ནས། ནུས་ཤིང་འབྱོར་པར་ཁས་ལེན་ན། ཁོ་བོས་ཇི་ལྟར་ནུས་པའི་རྗེས་སུ་གཟུང་གིས། ཁྱོད་ཀྱིས་ཀྱང་བག་ཡོད་པར་བྱོས་ཤིག་ཅེས་བསྒོས་ནས། སྔོན་ཆད་ལམ་ལ་མ་ཞུགས་ན། ཇི་ལྟར་སྤྲོ་བའི་དགེ་བསྙེན་གྱི་སྡོམ་པ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་བྱིན་ནས་སོ་སོའི་བསླབ་བྱའང་བསྟན་ལ་སློབ་ཏུ་གཞུག་གོ །དེ་ནས་སློབ་མ་ལ་གནོད་པར་བྱེད་པའི་བགེགས་ལ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ། ཨི་མཾ་ག་ག་ན་ཁཾ་གྲིཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱའི་སྔགས་ཀྱིས་གཏོར་མ་བྱིན་ལ། ཏིང་ལོ་དང་ཆང་བུ་རྔན་པར་སྦྱིན་ཞིང་སུམྦྷའི་སྔགས་ཀྱིས་བསྡིགས་ནས་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། དྲག་པོའི་སྔགས་དང་ཏིང་ངེ་འཛིན་གྱིས་བསྐྲད་དོ། །དེ་ནས་དེའི་སྡིག་པ་ཀྃ་གི་རྣམ་པས་ཕྱུང་ཞིང་ཏིལ་ལ་བསྟིམ་པས། ཡེ་ཤེས་ཀྱི་མེ་དང་རྒྱ་མཚོར་དམིགས་པའི་མེ་དང་ཆུར་དོར་ཞིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་སྡིག་པ་སྦྱང་ངོ༌། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ་གིས། མངོན་པར་བསྔགས་པའི་ཆུས་བག་ཆགས་ཀྱི་དྲི་མ་བཀྲུས་ནས་གནས་གསུམ་ཡི་གེ་གསུམ་གྱིས་བསྲུང་ངོ༌། །སློབ་མ་གཟུང་བའོ། །དེ་ནས་བསྙེན་པའི་ཡོ་བྱད་སློབ་མས་སྦྱར་ནས་བུམ་པ་ལ་བརྟེན་པ་ལྷ་སྟ་གོན་ལྟར་རམ། མ་བརྟེན་པ་བསྐྱེད་རིམ་ལྟར་དངོས་སམ་རྨི་ལམ་དུ་གནང་བ་ཐོབ་ཀྱི་བར་རམ། གཙོ་བོ་ལ་འབུམ་ཕྲག་བརྒྱད་དང༌། འཁོར་ལ་ཁྲི་ཕྲག་བརྒྱད་ཀྱི་བཟླས་པ་བྱའོ། །བསྙེན་པའོ།།  །།དེ་ནས་དུར་ཁྲོད་དམ། ཆུ་འགྲམ་མམ། བས་མཐའ་ལ་སོགས་པ་དབེན་ཞིང་ཉམས་དགའ་ལ་འཚེ་བ་མེད་ཅིང་ཡོ་བྱད་ཕུན་སུམ་ཚོགས་པ་ཁ་དོག་དང་དབྱིབས་དང་མཚན་མ་བཟང་པོ་དང་ལྡན་པ་དཀྱིལ་འཁོར་གྱི་གཞིར་འོས་པར་ཤེས་པ་དང༌། ཐོག་མར་མངོན་པ་ལས་བསླངས་ནས་ལྷའི་རྣལ་འབྱོར་དང་ལྡན་པས་མཆོད་པ་དང་གཏོར་མ་བཤམས་ལ་ལེགས་པར་བྱུགས་པའི་མཎྜལ་གྱི་དབུས་སུ། མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ། སྐད་ཅིག་གིས་དཀྱིལ་འཁོར་རྫོགས་པར་མོས་པར་ཡོངས་རྫོགས་སུ་བསྒྲུབས་ནས། གཏོར་མའི་བར་གྱིས་མཆོད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། རྡོ་རྗེ་དྲིལ་བུ་འཛིན་པས། བདེ་གཤེགས་ཐམས་ཅད་བདག་ལ་དགོངས། །ཁྱེད་རྣམས་མཆོད་པའི་ཕྱིར་དང་ནི། །སློབ་མ་རྣམས་ལ་ཕན་ཕྱིར་དུ། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་ཡི། །དཀྱིལ་འཁོར་བཟང་པོ་བྲི་བར་འཚལ། །བདག་ལ་བྱིན་རླབས་གནང་བར་མཛོད། །ཅེས་ལན་གསུམ་གསོལ་བ་བཏབ་པས། རྗེས་སུ་གནང་ཞིང་བྱིན་གྱིས་བརླབ་པར་བསྒོམས་ནས་གཤེགས་སུ་གསོལ་ཏེ་ཚོམ་བུ་རྣམས་བསྡུ་བའོ། །གནང་བ་ཞུ་བའོ། །དེ་ནས་དེ་ཉིད་དུ་སླར་ཡང་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པ། པདྨ་དང་ཟླ་བའི་སྟེང་དུ་ལྃ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་འཛིན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱོགས་སྐྱོང་དང༌། གཞི་བདག་གིས་བསྐོར་བ་བསྐྱེད་ནས་གནས་གསུམ་བྱིན་གྱིས་བརླབས་ནས། ས་བོན་གྱི་འོད་དང་ལག་པ་གཡས་པ་ས་ལ་ལན་གསུམ་བསྣུན་པས་རང་བཞིན་དུ་གནས་པ་བཀུག་ནས་བསྟིམ་སྟེ་དབང་བསྐུར་ནས། རིན་ཆེན་འབྱུང་ལྡན་གྱི་རྒྱས་བཏབ་པ་ལ། གཏོར་མའི་བར་གྱིས་མཆོད་ནས་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་པའི་མཐར། རྡོ་རྗེ་སློབ་དཔོན་བདག་ལ་སློབ་མ་ཆེ་གེ་མོ་ཞེས་བྱ་བས་བསྐུལ་ནས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པའི་ཕྱིར་ཕྱོགས་འདིར། སྒྱུ་མ་ཆེན་མོའི་དཀྱིལ་འཁོར་བཞེངས་ནས་དབང་བསྐུར་བར་བགྱིད་པར་འཚལ་ན་སའི་ཕྱོགས་འདི་བདག་ལ་གནང་ཞིང་གྲོགས་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །ཕྱོགས་སྐྱོང་གཞི་བདག་དང་བཅས་པ་ལའང་གཏོར་མ་བྱིན་ནས། ས་ཕྱོགས་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེ་ལྡན་པ། །རྡོ་རྗེའི་སྤྱན་དང་སྙན་ལྡན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བདེ་གཤེགས་རྣམས་ལ་མཆོད་པ་དང༌། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དགེ་བའི་ས་ཕྱོགས་འདི་ཉིད་དུ། །དཀྱིལ་འཁོར་དམ་པ་ཆེར་འབྱུང་བ། །སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྒྱལ། །དཀྱིལ་འཁོར་ཆེན་པོའི་ལས་བྱེད་པས། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །ཅེས་ལན་གསུམ་བརྗོད་པས་དེ་དག་ཐམས་ཅད་ཀྱིས་ཇི་ལྟར་དགའ་བ་བྱོས་ཤིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པ་དང༌། སོ་སོའི་གནས་སུ་གཤེགས་པར་བསམ་མོ། །མི་མངོན་པ་ལས་བསླང་བ་སྟེ་ས་བསླང་བའོ། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་གསུམ་གསུམ་ལྟོ་འཕྱེའི་མགོ །ཤར་དང་ལྷོ་དང་ནུབ་དང་བྱང༌། །བལྟས་ཏེ་གཡོན་པའི་ཟུར་གྱིས་ཉལ། །པུས་མོ་ལྟོ་བ་རྐེད་ཙམ་དུ། །དངོས་གྲུབ་རྗེས་མཐུན་ལྟོ་ནས་བརྐོ། །ཞེས་པའི་ཚུལ་གྱིས་སོལ་བ་དང་གསེག་མ་དང་གྱོ་མོ་དང་རུས་པ་ལ་སོགས་པའི་ཟུག་རྔུ་རྣམས་ཕྱུངས་ནས། སྨན་དང་འབྲུ་དང་རིན་པོ་ཆེ་དང་བཅས་པའི་ས་བརྙན་བཟང་པོས་བཀང་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་བུམ་པའི་ཆུས་བྲན་ཞིང་འཐས་པར་བརྡུངས་ཏེ་དབུས་མཐོ་ཞིང་ཤར་དང་བྱང་གཞོལ་བ་མེ་ལོང་གི་ངོས་ལྟར་འཇམ་པའི་ས་སྟེགས་ཇི་ལྟར་རིགས་པ་བྱའོ། །བརྐོར་མི་རུང་བ་ལ་ནི། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ་ཀྱི་སྔགས་ཀྱིས་ཟུག་རྔུ་སྦྱངས་ནས་ས་བརྙན་བཟང་པོའི་ས་སྟེགས་བརྩིགས་པས་རུང་བ་ཉིད་དོ། །ཟུག་རྔུ་སྦྱང་བའོ། །དེ་ནས་སློབ་དཔོན་གྱིས་དབུས་སུ་ཁ་ཤར་དུ་ཕྱོགས་ཏེ་འདུག་ལ། བྷུ་ཁཾ་དང་སྭ་བྷཱ་ཝས་ས་ཕྱོགས་སྟོང་པར་བསྒོམས་ནས་ཧཱུྃ་ལྃ་ཧཱུྃ་ལས་རྡོ་རྗེའི་ས་གཞིར་བསྐྱེད་ལ། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་གིས་བྱིན་གྱིས་བརླབས་པའི་སྟེང་དུ་པྃ་དང་རྃ་ལས་པདྨ་དང་ཉི་མའི་དབུས་སུ་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་བྱུང་བའི་སྲུང་བའི་འཁོར་ལོ་བརྟན་པར་བསྒོམས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཀྱིས་བྱིན་གྱིས་བརླབས་ཏེ། དེའི་དབུས་སུ་རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀར་དམིགས་པའི་ཐུགས་ཀ་ནས་ཕུར་བུ་དང་ཐོ་བ་འཛིན་པའི་ཁྲོ་བོའི་ཚོགས་དུ་མ་སྤྲོས་པས་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པའི་བགེགས་ཀྱི་ཚོགས་སྲུང་འཁོར་གྱི་ཕྱི་རོལ་དུ་བཀུག་ལ་དཀར་པོའི་ཕྱོགས་རྣམས་ལམ་ལ་བཀོད་ཅིང༌། ནག་པོའི་ཕྱོགས་རྣམས་ཀྱི་སྤྱི་བོར་ཕུར་བུ་བཏབ་ནས། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ། བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ནས་རྡོ་རྗེ་ཐོ་བས་བརྡུང་པར་བསམ་ཞིང༌། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཏ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ལུས་ཐལ་བའི་ཕུང་པོར་གྱུར་ཞིང་སེམས་ཀྱི་སྒྲིབ་པ་སྦྱངས་ནས་མི་བསྐྱོད་པའི་ཞིང་དུ་སངས་རྒྱས། ཁྲོ་བོ་རྣམས་རྡོ་རྗེའི་རྭ་བའི་ཁ་ཁྱེར་ལ་འཁོད་ནས་སྲུང་བའི་ལས་མཛད་པར་བསམ་མོ། །བགེགས་སྦྱང་བ་སྟེ་ས་སྦྱངས་པའོ། །དེ་ནས་ཕྱོགས་བཞིར་འཁོད་པའི་ལས་ཀྱི་སློབ་མ་དང་བཅས་པའི་གཙོ་འཁོར་ལྔས་དཀྱིལ་འཁོར་རྫོགས་པར་བསྒོམས་ནས་མཐར་ལྷ་སོ་སོའི་ང་རྒྱལ་འཛིན་པས་སློབ་དཔོན་ཏིང་ངེ་འཛིན་ལས་བསླང་བའི་ཕྱིར། ཕྱོགས་བཞིའི་སློབ་མས་རིམ་པ་བཞིན། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱིས་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། སློབ་དཔོན་ཏིང་ངེ་འཛིན་ལས་ལངས་ཏེ། ཨོཾ་བཛྲོ་ཏིཥྛས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ། རང་ཉིད་གཙོ་བོ་ལས་བྱེ་བའི་ཧེ་རུ་ཀར་དམིགས་པའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་ཧཱུྃ་གིས་མཚན་པར་དམིགས་ནས་གཡོན་ནས་གཡས་དང༌། གཡས་ནས་གཡོན་དུ་བལྟ་བས་བགེགས་རྣམས་ཚར་གཅད་པ་དང་རྗེས་སུ་གཟུང་བ་བྱས་ནས་རྐང་མཐིལ་ཨ་ལས་སྣ་ཚོགས་རྡོ་རྗེར་བལྟས་ཏེ་ཁྲོ་བོའི་འགྱིང་བཙལ་པ་ལན་གསུམ་བྱས་ནས་རྡོ་རྗེའི་འགྲོས་ཀྱིས་དབང་ལྡན་དུ་སོང་ལ། ཧཱུྃ་སོང་ཤིག་བགེགས་ཚོགས་མ་ལུས་ཀུན། །ལྷ་དང་ལྷ་མིན་གསང་བ་པ། །གནོད་པར་བྱེད་པའི་བགེགས་ཚོགས་རྣམས། །སྒྱུ་འཕྲུལ་ཆེན་མོའི་བདག་ཉིད་གཙོ། །བདེ་ཆེན་ཡེ་ཤེས་ལས་བྱུང་བའི། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནི་ཚལ་པ་བརྒྱར་འགས་ཤིང༌། །ཞིག་པར་འགྱུར་བ་གདོན་མི་ཟ། །དེ་བས་གཞན་དུ་འགྲོ་བར་གྱིས། །ཞེས་ལན་གསུམ་བརྗོད་པས་བཀའ་བསྒོས་ནས། སུམྦྷའི་སྔགས་དྲག་ཏུ་བརྗོད་ཅིང༌། རོལ་མོའི་སྒྲ་དང་བཅས་པས་བགེགས་བསྐྲད་ནས། ཤར་དུ་གཡས་བརྐྱང༌། ལྷོ་རུ་གཡོན་བརྐྱང༌། ནུབ་ཏུ་ས་ག བྱང་དུ་ཟླུམ་པོ་ལ་སོགས་པའི་རྐང་སྟབས་དང་གོམས་སྟབས་ཀྱིས་དཀྱིལ་འཁོར་གྱི་ཁོར་ཡུག་ཀུན་ཏུ་བཅགས་པས་རྐང་རྗེས་རྣམས་སྣ་ཚོགས་རྡོ་རྗེར་གྱུར་པར་བལྟས་ལ། སླར་ཡང་དབུས་སུ་འཁོད་དེ། འདུག་སྟོངས་ལག་སྟངས་བཞིན་གྱི་འགྱུར་ཚུལ་ངག་གི་འདྲེན་པ་རྣམས་ཇི་སྐད་བཤད་པའི་ཚུལ་རྣམས་བྱས་པས་ཀྱང་བྱིན་གྱིས་བརླབ་ཅིང་གཟུང་ངོ༌། །ས་གཟུང་བའོ།།  །།སླར་ཡང་བགེགས་མི་འཇུག་པར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བརྟན་པར་དམིགས་ནས་སྔར་བཤད་པའི་ཆོ་གས་ཕྱོགས་མཚམས་རྣམས་སུ་རྡོ་རྗེ་ཕུར་བུ་ཡང་གདབ་བོ། །ས་གཟུང་བ་སྟེ་སའི་ཆོ་གའོ། །དེ་ནས་ལྷ་སྟ་གོན་ལ་འཇུག་པ་ནི་ཕྱེ་མ་རེད་ཀྱི་ཚེ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་བསགས་ཤིང་བཤམས་ལ་སྔོན་དུ་འགྲོ་བའི་གཏོར་མས་དེར་ལྷགས་པའི་འབྱུང་པོའི་ཚོགས་ཚིམ་པར་བྱས་ནས་སྣོད་དུ་མི་རུང་བ་རྣམས་བསྐྲད་ལ་ལས་ཀྱི་སློབ་མས་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་སྟེ་ཡི་གེ་བརྒྱ་པས་རྒྱུད་སྦྱངས་ནས་དཀྱིལ་འཁོར་རྫོགས་པར་བསྒོམས་ལ་སྔགས་ཀྱི་བཟླས་པའང་ཅི་རིགས་པར་བྱའོ། །དེ་ནས་མཆོད་རྫས་རྣམས་བསང་ཞིང་སྦྱངས་ནས་བསྐྱེད་ཅིང་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་ཚོམ་བུ་བཀོད་ལ། སའི་ལྷ་མོའི་ཆོ་ག་སྔ་མ་ཇི་ལྟ་བ་བཞིན་དུ་བྱས་ཏེ་ས་ལྷག་པར་གནས་པའོ། །དེ་ནས་བསྒྲུབ་པའི་མཎྜལ་ལྟར་ཚོམ་བུའི་དཀྱིལ་འཁོར་བསྒྲུབས་ནས་མཆོད་པའི་སྐབས་ལྟར་ཕྱི་དང༌། ནང་དང༌། བསྟོད་པ་དང༌། གཏོར་མའི་བར་གྱིས་མཆོད་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་རྡོ་རྗེ་དྲིལ་བུ་སྤོས་དང་བཅས་པ་འཛིན་པས། ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །སངས་རྒྱས་མཁའ་འགྲོ་ཡང་དག་ལྡན། །ཕྱོགས་བཞིའི་མཁའ་འགྲོ་མ་རྣམས་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་གིས་སྡིག་པ་འཇིག་བྱེད་པའི། །དཀྱིལ་འཁོར་ནང་པར་འདྲི་འཚལ་ཏེ། །རྗེས་སུ་བརྩེ་བས་དགོངས་ནས་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་མོ། །ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པ་བསང་ཞིང་སྦྱངས་ནས་པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྷའི་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་གྱི་ཤིང་གི་ཁ་རྒྱན་དང་བཅས་པ་དྲུག་གམ་གཉིས་བཤམས་ལ། རྣམ་རྒྱལ་གྱི་བུམ་པར་མངོན་བྱང་ལས་གཙོ་བོ་དང་བུམ་པ་གཞན་བཞིར་འཁོར་རྣམས་མངལ་ནས་འབྱིན་པའི་ཚུལ་གྱིས་བསྐྱེད་པའམ། ཡང་ན་དེ་ཉིད་དུ་ཐམས་ཅད་བསྐྱེད་དོ། །ལས་ཐམས་ཅད་པའི་བུམ་པར་ཧཱུྃ་ལས་བདུད་རྩི་འཁྱིལ་པ། ཁྲོ་བོ་ཕྱག་གཉིས་པ། སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་དམིགས་ལ། ཐམས་ཅད་ལ་རིགས་ཀྱི་བདག་པོའི་རྒྱས་གདབ་པའི་བར་དུ་བྱ་སྟེ། བདུད་རྩི་འཁྱིལ་པ་ལ་ནི་དོན་ཡོད་གྲུབ་པས་དབུར་བརྒྱན་པའོ། །དེ་ནས་མཆོད་ཅིང་བསྟོད་ནས། དེ་དག་གི་རྒྱུད་བསྐུལ་བའི་ཕྱིར་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བ་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་དགྱེས་ཤིང་དབང་དུ་གྱུར་པས་ཁ་དོག་དམར་པོར་གྱུར་ནས། སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་བུམ་པ་གང་བར་བསམ་ཞིང་ལྷ་ལྔའི་སྔགས་སྒྲུབ་ཐབས་བཞིན་དང༌། བདུད་རྩི་འཁྱིལ་པ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ། ཅེས་ཅི་རིགས་པ་བཟླས་ནས་སླར་ཡང་མཆོད་ཅིང་བསྟོད་དེ་དུང་ཆོས་ཀྱི་ཆུ་བླུགས་པས་ཐམས་ཅད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་ཆུར་བལྟའོ། །བུམ་པ་ལྷག་པར་གནས་པའོ། །གཞན་ཡང་སློབ་མ་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀུན་ཡི་གེ་གསུམ་ལས་གྲུབ་པའི་རྫས་དྭངས་ཤིང་ཐོགས་པ་མེད་པར་བསྐྱེད་ནས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་བོ། །ཡོ་བྱད་ལྷག་པར་གནས་པའོ། །དེ་ནས་བདག་བསྐྱེད་ཀྱི་དཀྱིལ་འཁོར་མཆོད་པའི་ཕྱིར། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱད་ནས་ལྷག་མའི་གཏོར་མ་བྱས་ལ་གསང་བའི་རྫས་དང་ལྷ་རྣམས་མི་མངོན་པར་བྱ་བ་ནི་བར་སྐབས་ཀྱི་བྱ་བའོ།།  །།དེ་ནས་ཁ་དང་གདོང་དག་པར་བཀྲུས་པའི་སློབ་མ་རྣམས་ཕྱག་འཚལ་ཞིང་མཎྜལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་འཁོད་པ་རྣམས་ལ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། །བསོད་ནམས་འདོད་པས་འདི་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད་ནས་དོན་བཤད་དེ། སྙིང་རྗེ་ཆེན་པོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་དོན་དུ་གཉེར་བའི་ཡིད་དང་ལྡན་པར་བྱས་པ་རྣམས་འོད་ཀྱི་ཚུལ་གྱིས་སློབ་དཔོན་གྱི་ཞལ་དུ་ཞུགས་པ་ཐུགས་ཀའི་ཡེ་ཤེས་ཀྱི་མེས་སྦྱངས་ཏེ་ཡུམ་གྱི་མཁར་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བབས་པ་ཧེ་རུ་ཀར་གྱུར་པ་ལས་ཡེ་ཤེས་པ་དང་རོ་གཅིག་པར་བྱས་ཏེ་དབང་བསྐུར་ཞིང་རིགས་བདག་གི་རྒྱས་གདབ་པ་སྤྲོས་ནས་སོ་སོའི་གནས་སུ་དགོད་དོ། །དེ་ལྟར་ནང་གི་དབང་གིས་སྦྱངས་པའི་སློབ་མ་རྣམས་ཀྱིས་གོང་དུ་ཕུལ་བའི་མཎྜལ་དབང་གི་ཡོན་དུ་དམིགས་ལ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་ཁྱད་པར་ཅན་གྱི་དོན་ཞུ་བའི་ཕྱིར་གསོལ་བ་འདེབས་པ་རྣམས་ལ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སངས་རྒྱས་དུས་གསུམ་ལས་འདས་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །མཉམ་ཉིད་ཡེ་ཤེས་ཐོབ་པ་ནི། །རྡོ་རྗེ་སྔགས་རབ་བསྒོམས་པས་སོ། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཧེ་རུ་ཀ་དཔལ་སྦྱོར་བ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ནས་དོན་བཤད་པས་གསང་སྔགས་ལ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་གཟུང་བའི་ཕྱིར། བདག་གི་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་བདག་གིས་ནི། །མ་ལུས་སོ་སོར་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །ཚོགས་ལ་བདག་ནི་ཡི་རང་ངོ༌། །སྒྱུ་འཕྲུལ་གཙོ་བོ་ཡབ་ཡུམ་དང༌། །མཁའ་འགྲོ་མ་དང་བཅས་པ་དང༌། །ཆོས་མཆོག་ལ་ཡང་སྐྱབས་སུ་མཆི། །དུས་གསུམ་བདེ་གཤེགས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་མཆོག་བསྐྱེད་པ་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །མ་ལུས་བཞུགས་པ་འགྲོ་བའི་མགོན། །བདེ་གཤེགས་བླ་མེད་སངས་རྒྱས་རྣམས། །བདག་ལ་གཟིགས་ནས་དགོངས་སུ་གསོལ། །བདག་གིས་འདི་ཉིད་ནས་བཟུང་ནས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །གཉིས་སུ་མེད་པའི་ཚངས་སྤྱོད་དང༌། །རང་གི་དམ་ཚིག་བསྲུང་བར་བགྱི། །བདག་གི་དགེ་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་བསྒྲུབ་བྱ་སྟེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ །ཡང་ན་སྟ་གོན་གྱི་སྐབས་སུ་རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་ཙམ་བྱས་ནས། སྡོམ་པ་གཟུང་བ་རྒྱས་པར་དངོས་གཞིའི་སྐབས་སུ་མཛད་དེ་འདི་ནི་མཛེས་པར་མཐོང་ངོ༌། །དེ་ནས་ལས་ཐམས་ཅད་པའི་བུམ་པའི་ཆུས་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱ་ཞིང་ཡི་གེ་གསུམ་ལས་བྱུང་བའི་འཁོར་ལོ་དང༌། པདྨ་དང༌། རྡོ་རྗེ། ས་བོན་སོ་སོས་མཚན་པ་བསྐྱེད་ནས་དེ་ལས་འཕྲོས་པའི་འོད་ཀྱིས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་མཚན་མའི་རྣམ་པ་སྤྱན་དྲངས་པ་བསྟིམ་པས་རྒྱས་བཏབ་ཅིང་བྱིན་གྱིས་བརླབས་ནས་མཆོད་པའི་གནས་སུ་གྱུར་པ་ལ་མེ་ཏོག་ལ་སོགས་པས་མཆོད་དོ། །དེ་ནས་སྐལ་བ་དང་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར། བ་བྱུང་ལྔ་དང་དྲི་བཟང་པོས་ཁྱེ་མ་མེད་པར་བྱུགས་པར་མེ་ཏོག་གི་ཚོམ་བུ་གཅིག་བཀོད་དེ། སོར་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་སོ་ཤིང༌། ཨོཾ་ཛི་ཧཱ། བཛྲ་སཾ་བརྡྷ་ནིའི་སྔགས་ཀྱིས་བྱིན་པ་ཐལ་མོ་སྦྱར་བས་བླངས་ནས། སོའི་དྲི་མ་བསལ་ནས་འཆོས་ལ་སྡིག་པ་ཐམས་ཅད་སྐྱུག་པའི་བསམ་པས་ཁ་ཤར་རམ་བྱང་དུ་བལྟས་ཏེ། འདོར་དུ་བཅུག་པའི་རྩེ་མོ་ཤར་དུ་ཕྱོགས་ན་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང༌། བྱང་དུ་རྒྱས་པ། སྟེང་དུ་མཁའ་སྤྱོད། འོག་ཏུ་གཏེར། མཚམས་སུ་དངོས་གྲུབ་ཕྲ་མོ། བདག་ཉིད་ལ་ཕྱོགས་ན་མཆོག་གི་དངོས་གྲུབ་འགྲུབ་པར་ལུང་བསྟན་ཏོ།།  །།དེ་ནས་ལས་ཐམས་ཅད་པའི་བུམ་པའི་ཆུས་སྐྱོར་ཆུ་སྦྱིན་ཞིང༌། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་སྶརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤ་ན་ཨཱ་པ་ན་ཡ་ཧཱུྃ་ཕཊ། ཅེས་བརྗོད་དེ་འཐུང་དུ་བཅུག་པས་ནང་གི་དྲི་མ་སྦྱང་ངོ༌། །དེ་ནས་རྡོ་རྗེའི་མདུད་པ་གསུམ་དང་ལྡན་པའི་སྲུང་སྐུད་བྱིན་གྱིས་བརླབས་པ་སྐྱེས་པའི་དཔུང་པ་གཡོན་པ་དང༌། བུད་མེད་ཀྱི་གཡས་པར་བཅིངས་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །སྔགས་ཀྱི་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་རྙེད་དཀའ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །བླ་ན་མེད་པ་བྱེད་པར་ནུས། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདི། །སེམས་ཅན་སངས་རྒྱས་ཐོབ་བྱེད་པའོ། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང༌། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །ཞེས་བརྗོད་པའི་དོན་བཤད་ལ་སྤྲོ་བ་མི་ཉམས་པར་བྱའོ། །དེ་ནས་ཡི་གེ་གསུམ་གྱིས་མངོན་པར་བསྔགས་པའི་ཀུ་ཤདྷཱིཿདང་ཧས་ལག་པ་གཡས་དང་གཡོན་དུ་བྱིན་པ་སྔས་དང་སྟན་དུ་བཅུག་ནས་གཞོགས་གཡས་པ་འོག་ཏུ་ཕབ་སྟེ་རྣམ་པར་རྟོག་པ་སྤངས་ནས་ལྷ་དང་བླ་མ་ཡིད་ལ་དྲན་བཞིན་པས་ཉལ་དུ་བཅུག་ལ་རྨི་ལམ་མཐོང་བ་ནང་པར་སྨྲོས་ཤིག་ཅེས་བསྒོས་ནས་བཏང་ལ་ནང་པར་རྨི་ལམ་བརྗོད་པའི་ཚེ་བགེགས་དང་ལྡན་པར་རིག་ན་དྲག་པོའི་སྦྱིན་སྲེག་གམ་ཁྲོ་བོའི་སྔགས་དང་རྣལ་འབྱོར་གྱིས་སྦྱང་བ་དང་སྡིག་པ་དང་བར་ཆད་དང་ལྡན་པ་ལ་ཞི་བའི་སྦྱིན་སྲེག་གམ་སྤྱན་གྱི་རྣལ་འབྱོར་གྱིས་སྦྱང་ཞིང་བཟང་པོ་མཐོང་ན་སྤྲོ་བ་བསྐྱེད་དོ། །སློབ་མ་ལྷག་པར་གནས་པའོ། །དེ་ནས་སློབ་མ་རྣམས་རང་གི་གནས་སུ་དོང་བའི་མཐར། ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ནས། བཛྲོ་ཏིཥྛའི་སྔགས་དང་ཕྱག་རྒྱས་ནམ་མཁའ་ལ་བཏེག་སྟེ་དེ་ཉིད་དུ་བཞུགས་སུ་གསོལ་ནས་མགྲོན་གཤེགས་སུ་གསོལ་ཏེ་གཏོར་མ་བཏང་ལ། རང་གི་གནས་གསུམ་བསྲུངས་ནས་ཉལ་བའི་རྣལ་འབྱོར་གྱིས་གནས་པར་བྱའོ། །ནང་པར་ལྡང་བའི་རྣལ་འབྱོར་གྱིས་ལྡང་ངོ༌། །ལྷག་པར་གནས་པ་སྟ་གོན་གྱི་ཆོ་གའོ། །དེ་ནས་ཐོ་རངས་ཀྱི་ཆ་ལ་མན་ངག་བཞིན་བརྐྱང་བ་དང་བསྐོར་བའི་ལས་ཀྱི་ཐིག་གིས་ཆ་རྣམ་པར་ཕྱེ་ནས་ཇི་ལྟར་འབྱོར་པའི་རྡུལ་ཚོན་དྲང་བ་བདེ་ཞིང་ཁ་དོག་བཟང་བ་བསྒྲུབས་པ་རྣམས་ཀྱི་དཀར་པོ་ལ་ཨོཾ་བྲིས་ལ། དཀྱིལ་འཁོར་གྱི་དབུས་དང༌། སྔོན་པོ་ལ་ཧཱུྃ། སེར་པོ་ལ་ཏྲཱྃ། དམར་པོ་ལ་ཧྲཱིཿ ལྗང་གུ་ལ་ཨཱཿབྲིས་པ་རྣམས་ཤར་ནས་རིམ་པ་བཞིན་བཀོད་ལ་ཐིག་སྐུད་སྦོམས་སུ་སྒོའི་ཉི་ཤུ་ཆ། ཆུར་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དང་ལྡན་པ་སོ་སོའང་ལྔ་སྒྲིལ་དུ་བྱ་ཞིང༌། འཇུར་མདུད་དང་སྦོམ་ཕྲ་དང་རིང་ཐུང་གི་ཉེས་པ་དང་བྲལ་བ་ཁ་དོག་ལྔས་བསྒྱུར་བ་རྣམས་ཚོན་སོ་སོའི་སྟེང་དུ་བཞག་པའི་ཁོར་ཡུག་ཏུ་མཆོད་པ་དང་གཏོར་མ་བཤམས་ནས་རང་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བསང་ཞིང་སྦྱངས་པའི་ངང་ལས་ས་བོན་སོ་སོ་ལས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་པ་ལ། གནས་གསུམ་བྱིན་གྱིས་བརླབས་ནས་འབར་བའི་ལྟ་བས་ཡེ་ཤེས་པ་སྤྱན་དྲངས་པ་བསྟིམ་ཞིང་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་བཏབ་ལ། གཏོར་མའི་བར་གྱིས་མཆོད་ནས་སྙོམས་པར་ཞུགས་ཏེ་བདེ་བ་ཆེན་པོའི་མེས་འོད་དུ་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་བསྐྱེད་ནས་མཐེབ་སྲིན་གྱིས་མཉེ་ཞིང༌། ཨོཾ་ཨཱཿཧཱུྃ་ཞེས་ཡང་ཡང་བརྗོད་དོ། །དེ་ནས་རང་ཉིད་ཧེ་རུ་ཀ་དང༌། ལས་ཀྱི་སློབ་མ་སངས་རྒྱས་མཁའ་འགྲོ་མའི་ང་རྒྱལ་དང་ལྡན་པས་ནུབ་དང་ཤར་དུ་ལངས་ལ་གཉིས་ཀས་ཛ་ཞེས་བརྗོད་ཅིང་སློབ་དཔོན་གྱིས་ཐིག་སྣ་གཏད་པ་སློབ་མས་བླངས་ནས་ཆོས་ཐམས་ཅད་རོ་གཅིག་པར་བསམ་ཞིང༌། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ། སརྦ་དྷརྨཱ་སྤ་ར་སྤ་ར་ཨ་ནུ་ག་ཏ། སརྦ་དྷརྨཱ་ཨ་ཏྱནྟ་ཨ་ནུ་ག་ཏ། སརྦ་དྷརྨཱ་ཨ་ཏྱནྟ་ཨ་ནུ་པྲ་བེ་ཤ་ཡ་སརྦ་དྷརྨཱ་ཧཱུྃ། ཞེས་བརྗོད་ཅིང་བསྒྲིལ་བ་རྡོ་རྗེའི་ལྟེ་བ་ལ་དཀྲིས་ལ་བདུད་རྩི་གཏོར་ནས་སླར་ཡང་བརྐྱང་བ་སློབ་མས་བཟུང་སྟེ་ལག་པ་གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་འོག་དང་འོག་ནས་སྟེང་དུ་ནམ་མཁའ་ལ་ཐིག་དང་པོ་གདབ་བོ། །དེ་ནས་གཡས་སྐོར་གྱིས་ལྷོ་ནས་བྱང་དང་མེ་ནས་དབང་ལྡན་དང༌། རླུང་ནས་བདེན་བྲལ་དང༌། དེ་ཉིད་ནས་དབང་ལྡན་དང༌། མེ་ནས་སྲིན་པོ་དང༌། མེ་ནས་རླུང་དང༌། བདེན་བྲལ་ནས་དབང་ལྡན་དུ་གནས་པས་སྔ་མ་བཞིན་གདབ་ཅིང༌། ནམ་མཁའ་གང་བའི་དེ་བཞིན་གཤེགས། །འགྲོ་དོན་མཛད་དུས་འདི་ལགས་པས། །ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བགྱི། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་བཏབ་པས་ཐིག་གི་རྗེས་དེ་དག་ཉིད་དཀྱིལ་འཁོར་གྱི་རྣམ་པར་གྲུབ་པར་དམིགས་ལ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ནས། སློབ་དཔོན་རྡོ་རྗེ་དྲིལ་བུ་འཛིན་པས་དབུས་སུ་སོང་ལ་ཧི། ཞེས་བརྗོད་ཅིང་ཕྱོགས་བཞིར་བལྟས་པས་སྒོ་ཞི་དབྱེ་བར་བསམས་ནས། དབང་ལྡན་གྱི་རྩིག་པ་ནང་ནས་རིམ་པ་བཞིན་དཀར་པོ། ལྗང་གུ། དམར་པོ། སེར་པོ། སྔོན་པོ་རྣམས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡས་སྐོར་དུ་བྲི་ཞིང༌། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །སྒྱུ་འཕྲུལ་ཞེས་བྱའི་རྒྱལ་པོ་ཆེའི། །ཚོན་གྱི་ལས་ནི་ཡང་དག་བརྩམ། །ཨོཾ་བཛྲ་ས་མ་ཡ་ཙི་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་འདྲེས་པ་དང༌། སྦོམ་ཕྲ་དང༌། ཡོ་བ་དང་ཆད་པ་ལ་སོགས་པའི་སྐྱོན་མེད་པར་བྲི་བར་བྱའོ། །དེ་ནས་ཧཱུྃ་གི་སྔགས་ཀྱིས་དབུས་ཀྱི་ཕུར་པ་དབྱུང་ཞིང༌། རྩིག་པའི་རིམ་པ་ལྟར་ཚོན་རྩི་རྣམས་བཀྱེ་ནས་ལྷག་མ་སློབ་མ་རྣམས་ཀྱིས་འདྲིར་གཞུག་གོ །དེའང་དཀྱིལ་འཁོར་གྱི་རྣམ་པ་ནི་ཀྱེའི་རྡོ་རྗེ་ལ་སོགས་པ་དང་འདྲ་ལ། ལྷ་སྣམ་ནི་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའོ། །དབུས་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་རྡོ་རྗེའི་ཕྲེང་བས་བསྐོར་བའི་ལྟེ་བར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང༌། ཤར་ནས་རིམ་པས་རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི་དང༌། མཚམས་བཞིར་ཀ་པཱ་ལ་བཞིས་མཛེས་པར་བྱའོ། །དེའི་ཁོར་ཡུག་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་དང༌། གཏོར་མ་རྣམས་དང༌། རྒྱན་དང་ལྷབ་ལྷུབ་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །དཀྱིལ་འཁོར་གྱི་ལས་སོ། །དེ་ནས་ཕྱི་མ་རེད་ཀྱི་ཚེ་བཟླས་པའི་བར་སྟ་གོན་བཞིན་བྱས་ནས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་བསང་ཞིང་སྦྱངས་པའི་ངང་ལས་སྲུང་འཁོར་དུར་ཁྲོད་བརྒྱད་དང་བཅས་པའི་རྟེན་གྱི་དཀྱིལ་འཁོར་སྒྲུབ་ཐབས་ལྟར་བསྐྱེད་ནས། བརྟེན་པ་ལྷ་རྣམས་ནི་སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ་གྱི་ང་རྒྱལ་གྱིས་གསང་གནས་ནས་འབྱིན་པའི་ཚུལ་གྱིས་སྤྲོས་ལ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་གནས་པ་ལ་མཆོད་ཅིང་བསྟོད་དེ་བསྟིམ་ལ་བདག་བསྐྱེད་ཀྱི་དཀྱིལ་འཁོར་དང་ཡང་གཉིས་སུ་མེད་པར་བྱས་ཏེ་སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དམ་ཚིག་གི་དཀྱིལ་འཁོར་ཇི་ལྟ་བའི་ཡེ་ཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པས་བསྐོར་བའང་སྤྱན་དྲངས་ལ་མཆོད་པ་དང་བསྟོད་པས་མཉེས་པར་བྱས་ནས་རོ་གཅིག་པར་བྱས་ཏེ། དབང་བསྐུར་གྱི་ལྷ་སྤྱན་དྲངས་ནས་མཆོད་ཅིང་བསྟོད་དེ་གསོལ་བ་བཏབ་པས་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་བཏབ་ལ་དབང་གི་ལྷ་དེ་དག་དང་ཡང་གཉིས་སུ་མེད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་ལས་རྡོ་རྗེ་སློབ་དཔོན་གཙོ་བོ་འབའ་ཞིག་གི་རྣམ་པས་བྱེ་བས་ཤར་ཕྱོགས་སུ་གནས་ནས་ལྷ་སོ་སོའི་མཚན་སྔོན་དུ་འགྲོ་བའི་ཡི་གེ་བརྒྱ་པ་བརྗོད་པས་བྱིན་གྱིས་བརླབ་ཅིང་བརྟན་པར་བྱའོ། །དཀྱིལ་འཁོར་བསྒྲུབ་པའོ། །དེ་ནས་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་གོས་ཟུང་དང་བཅས་པ་དང༌། ནང་གི་མཆོད་པ་དང༌། བསྟོད་པ་རྣམས་ཀྱིས་མཆོད་ནས་གཏོར་མ་དང་པོ་འདི་ཉིད་ཀྱི་ཆོ་གས་དཔལ་ཧེ་རུ་ཀ་དང༌། གཉིས་པ་ཆོས་སྐྱོང་དང༌། གསུམ་པ་ཞིང་སྐྱོང་རྣམས་ལ་འབུལ་ལོ། །གྲུབ་ན་ཞི་བའམ་རྒྱས་པའི་སྦྱིན་སྲེག་གིས་ཀྱང་མཆོད་པར་བྱའོ། །མཆོད་པའོ། །དེ་ནས་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླངས་ཏེ་ནང་དུ་འཇུག་པའི་ཚེ་སྒོ་དབྱེ་བའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་བརྗོད་པས་སྒོ་ཕྱེ་ལ་འཇུག་གོ །དབང་བླངས་པའི་མཐར་སློབ་མ་ཐོགས་པ་མེད་པར་འཇུག་པའི་ཕྱིར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་བདེན་པའི་སྟོབས་ལན་གསུམ་བརྗོད་དོ། །བདག་ཉིད་འཇུག་ཅིང་དབང་བླང་བའོ། །དེ་ནས་བདག་ཉིད་མཆོད་པ་སྟ་གོན་བཞིན་བྱས་ནས། དཀྱིལ་འཁོར་ཡོལ་བས་བསྒྲིབས་ལ་ཁྲུས་བྱས་པའི་སློབ་མ་ཕྱག་འཚལ་ནས་འཁོད་པ་རྣམས་གཞུག་ཅིང་དབང་བསྐུར་བ་ནི། མཎྜལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་པས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་མཁའ་འགྲོ་མར་བཅས་པའི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་འདེབས་སུ་བཅུག་ནས། བླ་མས་དཀྱིལ་འཁོར་གྱི་ལྷ་ལ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་ལས་ཐམས་ཅད་པའི་བུམ་པའི་ཆུས་བསངས་ནས་བདུད་རྩི་ལྕེ་ལ་གཏོར་ཞིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ནས་བྱིན་གྱིས་བརླབས་ལ། ཨ་ཁཾ་བཱི་ར་ཧཱུྃ་གི་སྔགས་ཀྱིས་གདོང་གཡོགས་བཅིངས་མེ་ཏོག་གི་ཕྲེང་བའང་གཏད་དོ། །དེ་ནས་སློབ་དཔོན་གྱིས་བུ་ཁྱོད་སུ་ཡིན་ཞེས་དྲི། སློབ་མས་སྐལ་བཟང་བདག་ཅེས་ལན་གདབ། ཡང་ཅི་ལ་དགའ། བདེ་བ་ཆེན་པོ་ལའོ། །ཞེས་པ་དང༌། དེ་ཡིས་བུ་ལ་ཅི་ཞིག་བྱ་དང༌། སངས་རྒྱས་མཆོག་གི་དམ་ཚིག་གོ་ཞེས་དྲིས་པ་དང༌། ལན་གྱིས་རིགས་ངེས་པར་རྟོགས་པར་བྱས་ནས། སློབ་དཔོན་དང་སློབ་མ་གཉིས་ཀས་སློབ་མའི་སྙིང་གི་ནང་དུ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་ནང་གི་མུན་པ་སེལ་བར་བསམས་ནས་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་སུ་ར་ཏི་ས་མ་ཡ་སྟྭཾ་ཧོ། སིདྡྷེ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་སྤྱི་བོར་རྡོ་རྗེ་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་ནས་གཙོ་བོའི་ཐུགས་ཀ་ནས་སྒོ་མ་བཞིའི་ཕྱག་མཚན་ཐོགས་པའི་མཁའ་འགྲོ་མ་བཞི་འཕྲོས་པས་སློབ་མ་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་བཅུག་པར་བསམ་ཞིང༌། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་ལ་ཡོལ་བའི་ནང་དུ་གཞུག་པའམ་ཡོལ་བ་དབྱེ་བར་བྱའོ། །དེ་ནས་ན་མསྟེ་ཧཱུྃ། ན་མོ་མི་ཧཱུྃ། ན་མོ་ནཱ་མ་ཧཱུྃ། ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་ཕྱག་གསུམ་འཚལ་ནས་ཤར་ཕྱོགས་སུ་འགྲོ་བའམ། ཕྱིན་པར་མོས་ལ། རྡོ་རྗེ་མཁའ་འགྲོ་མའི་ང་རྒྱལ་གྱིས་བྱིན་གྱི་བརླབ་ཏུ་གསོལ་བའི་ཡིད་ཀྱིས་སྙིང་གར་ཐལ་མོ་སྦྱར་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱཏྨ་ནཾ་ནིརྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་ཀྵོ་བྷྱ། ཨ་དྷི་ཏིཥྚ་སྭ་མཱཾ། ཞེས་བརྗོད་ནས་ཕྱག་འཚལ་དུ་གཞུག་གོ །དེ་ནས་ལྷོ་ཕྱོགས་ནས་རིན་ཆེན་མཁའ་འགྲོ་མའི་ང་རྒྱལ་གྱིས་དབང་བསྐུར་བར་གསོལ་བའི་ཡིད་ཀྱིས་དཔྲལ་བར་ཐལ་མོ་སྦྱར་ལ། ཨོཾ་རཏྣ་ཌཱ་ཀི་ནཱི་ཡེ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་རཏྣ་སམྦྷ་བ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་བརྗོད་ཅིང་ཕྱག་འཚལ་ལོ། །དེ་ནས་ནུབ་ཕྱོགས་ནས་པདྨ་མཁའ་འགྲོ་མའི་ང་རྒྱལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བའི་ཡིད་ཀྱིས་མགྲིན་པར་ཐལ་མོ་སྦྱར་ནས། ཨོཾ་པདྨ་ཌཱ་ཀི་ནཱི་ཡེ་པཱུ་ཛ་པྲ་ཝརྟ་ན་ཡ་ཨཱཏྨ་ནཾ་ནིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་མི་ཏཱ་བྷ་བ་དྷརྨ་ཙཀྲ་པྲ་ཝརྟ་ནཱ་ཡ་མཱཾ། ཞེས་བརྗོད་ཅིང་ཕྱག་འཚལ། དེ་ནས་བྱང་གི་ཕྱོགས་ནས་སྣ་ཚོགས་མཁའ་འགྲོ་མའི་ང་རྒྱལ་གྱིས་ཕྲིན་ལས་བསྒྲུབ་པར་གསོལ་བའི་ཡིད་ཀྱིས་སྤྱི་བོར་ཐལ་མོ་སྦྱར་ནས། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ཡེ་པཱུ་ཛ་ཀརྨ་ནེ་ཡ་ཨཱཏྨ་ནཾ་ནིརྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷི་ཀརྨ་ཀུ་རུ་མཱཾ། ཞེས་བརྗོད་ནས་ཕྱག་འཚལ་དུ་བཅུག་ལ་སླར་ཡང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་ཅིང་མཎྜལ་ཕུལ་ནས། དམ་ཚིག་དེ་ཉིད་བདག་ལ་སྩོལ། །བདག་ལ་སྡོམ་པ་རྣམས་ཀྱང་སྩོལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་ནས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་སུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །བླ་མ་སངས་རྒྱས་ཀུན་མཉམ་པ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བརྗོད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་དང་ནི་སྡོམ་པའི་མཆོག །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཁྱོད་ཀྱིས་ཡང་དག་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །ཞེས་བརྗོད་པས་སྡོམ་པ་བསྒྲགས་ལ། དེ་རྣམས་རྗེས་སུ་གཟུང་བའི་བསམ་པས་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར། རིགས་ཐམས་ཅད་ཀྱི་སྡོམ་པ་གཟུང་བ་ལན་གསུམ་རྗེས་སུ་བརྗོད་པས་སྡོམ་པ་འཛིན་དུ་གཞུག་གོ །དེ་ལྟར་ཐོབ་པའི་དམ་ཚིག་མི་ཉམས་པར་བསྲུང་བར་གདམས་པའི་ཕྱིར་སྤྱི་བོར་རྡོ་རྗེ་བཞག་ལ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་ཕན་ཡོན་གྱི་སྒོ་ནས་དང༌། ཡང་སྙིང་གར་རྡོ་རྗེ་བཞག་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་ནས་སྤྱི་བོར་བཞག་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་འགས་པར་འགྱུར་རོ། །ཞེས་ཉེས་དམིགས་དང༌། དེ་ནས་ཁྱོར་ཆུ་སྦྱིན་ཞིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཨོཾ་ཨཱཿཧཱུྃ། ཞེས་གཉིས་ཀ་དང༌། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་བསྒོ་བ་དེ་ཁྱོད་ཀྱིས་གྱིས་ཤིག ཁྱོད་ཀྱིས་ང་ལ་བརྙས་པ་བྱས་ན་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ་ཞེས་བླ་མའི་བཀའ་མཉན་པར་བསྒོ་བ་སྟེ། རྣམ་པ་བཞིས་དམ་ལ་བཞག་གོ །དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབ་མཛོད་ལ། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །ད་ལྟ་ཉིད་དུ་དབབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་འདེབས་པའི་སློབ་མ་ལ། ཕྱི་ནང་གི་ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པས་ཞེན་པ་དང་བྲལ་བའི་ཡིད་བསྐྱེད་ནས། གཉིས་ཀས་སློབ་མ་ཧེ་རུ་ཀའི་རྣམ་པས་ལངས་ཏེ་གནས་པའི་འོག་གི་གཞི་རླུང་གི་དཀྱིལ་འཁོར། རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སོ་སོའི་ས་བོན་གྱིས་མཚན་པར་བསྒོམས་ནས་སྙིང་གི་ནང་དུ་ཉི་མ་ལ་གནས་པའི་ཧེ་རུ་ཀ་ཡབ་ཡུམ་དམིགས་ཏེ། གཞིའི་རླུང་གིས་རྐང་མཐིལ་གྱི་རླུང་བསྐྱོད་ཅིང༌། དེས་སུམ་མདོའི་མེ་སྦར་བས་ལུས་ཐམས་ཅད་གང་བས་སྡིག་པ་དང་རྟོག་པ་ཐམས་ཅད་བསྲེགས། ལྟོ་བའི་ཆུ་བསྐོལ། སྙིང་གའི་ས་བསྲེགས། འོད་ཀྱི་སྣང་བས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་པ་ཆར་ཆེན་པོ་བབ་པ་ལྟར་ལུས་ལ་ཐིམ་པས་རོ་གཅིག་ཏུ་གྱུར་པས། སྙིང་གའི་ཧེ་རུ་ཀ་གར་མཛད་པར་བསམ་ཞིང༌། ཟླ་མཚན་དང་ལྡན་པའི་འདོམ་དཀྲིས་དང༌། བྱི་ལའི་བྲུན་དང་སྦགས་པའི་གུ་གུལ་གྱི་དུད་པས་བདུག རོལ་མོའི་སྒྲ་དྲག་ཏུ་དཀྲོལ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ། ཞེས་བྱ་བ་དང༌། ལྷ་ལྔའི་སྔགས་བརྗོད་པས་ལུས་དང་ངག་དང་ཡིད་ལ་བབས་པའི་རྟགས་འབྱུང་ཞིང༌། ཨོཾ་ཏིཥྛ་བཛྲ། ཞེས་བརྗོད་ནས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་པས་དེ་མི་ཉམས་ཤིང་བརྟན་པར་བྱའོ། །དེ་ནས་སློབ་མ་ལ་དཀྱིལ་འཁོར་བསྟན་ཅིང་གཞུག་པའི་ཕྱིར་འདི་སྐད་ཅེས། འདི་ཡི་བསོད་ནམས་གང་ཡིན་པས། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །འདི་ཡི་དངོས་གྲུབ་གང་ཡིན་དང༌། །རིགས་ནི་གང་གི་སྣོད་དུ་གྱུར། །འདི་ཡི་བསོད་ནམས་ཇི་ལྟ་བར། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བདེན་པའི་སྟོབས་བརྗོད་ནས་ནམ་མཁའི་ཁ་དོག་གིས་དངོས་གྲུབ་ཀྱི་ལྟས་བརྟགས་ཏེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བརྗོད་ཅིང་མེ་ཏོག་ཕྲེང་བ་དཀྱིལ་འཁོར་ལ་དོར་ནས་ལྷའི་རིགས་བརྟགས་ལ། ལྷ་དང་བླ་མ་བསྐུལ་བའི་ཕྱིར། ཨོཾ་པྲ་ཏི་གྲིཧྣ་སྟྭ་མི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་བརྗོད་དེ་སྤྱི་བོར་བཞག་ལ། མིག་འབྲས་གཉིས། ཨོཾ་དུ་བསྐྱེད་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལ་ཧྲཱིཿཔྲཾ། ཞེས་བརྗོད་ནས་གདོང་གཡོགས་ཕྱེ་ལ། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ལྷག་པའི་ལྷ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་ཚོགས་ཐམས་ཅད་དང༌། །དངོས་གྲུབ་ཀུན་ཁྱོད་འགྲུབ་པར་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ་གཙོ་བོ་ནས་སྲུང་བའི་འཁོར་ལོའི་མཐར་ཐུག་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྟན་པར་བྱའོ། །ནང་གི་འཇུག་པ་སྟེ་འཇུག་པའི་ཆོ་གའོ། །དེ་ནས་དབང་གི་དོན་དུ་མཎྜལ་ཕུལ་ནས། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལའང་དེ་སྩོལ་ཅིག །ཅེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ནས་པདྨ་འདབ་བརྒྱད་བྲིས་པའི་དབང་སྟེགས་ཀྱི་དཀྱིལ་འཁོར་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མའི་གདན་དུ་མོས་པའི་སྟེང་དུ་མེ་ཏོག་གང་ལ་ཕོག་པའི་ལྷའི་རྣམ་པས་གནས་པ་གདུགས་དང་རྒྱལ་མཚན་དང་རྔ་ཡབ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་གིས་བསྐོར་བ་ལ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་ཁྲོ་བོས་བགེགས་བསྐྲད། ལྷ་མོས་མཆོད་པས་མཆོད། བྱང་ཆུབ་སེམས་དཔས་ཤིས་པ་བརྗོད། རིག་མས་རྡོ་རྗེའི་གླུ་ལེན། དེ་བཞིན་གཤེགས་པས་ཁྲུས་གསོལ་བར་བསམས་ནས། དངོས་སུ་གུ་གུལ་གྱིས་བདུགས་ལ་ཡུངས་ཀར་གྱིས་བྲབ་ཅིང་དྲག་པོའི་སྔགས་དང་ཤིས་པ་དང་མཆོད་པ་བྱའོ། །སྔོན་དུ་བྱ་བའོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་སློབ་མ་ཧེ་རུ་ཀར་དམིགས་པའི་སྙིང་གའི་ཧཱུྃ་གི་ཐ་མར་བཀོད་པར་གཉིས་ཀས་བསྒོམ་ཞིང་སྙིང་པོའི་སྔགས་ལན་གསུམ་རྗེས་སུ་བཟླས་པའི་མཐར། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་དུ་བཅུག་ནས། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་མེ་ཏོག་བཞག་ལ། འདི་ལ་ཞེས་འདོན་པ་བསྒྱུར་ནས། ཨོཾ་དྷརྨ་ཀུཎྜ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དོ། །དེ་ནས་རིག་པའི་དབང་ལྔ་བསྐུར་བའི་ཕྱིར་སློབ་མ་དང་དབང་རྫས་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་སོ་སོའི་ས་བོན་ལས་བྱུང་བའི་ཕྱག་མཚན་ས་བོན་གྱིས་མཚན་པ་ལས་འོད་འཕྲོས་པས་སོ་སོའི་རིགས་དང་འབྲེལ་པའི་སེམས་ཅན་གྱི་དོན་བྱས་སླར་འདུས་པས་རིགས་སོ་སོའི་ཁ་དོག་དང་ཕྱག་མཚན་ཡབ་དང་འདྲ་བའི་ཡུམ་དང་བཅས་པར་གྱུར་པའི་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་དང་རོ་གཅིག་པར་བྱས་ཏེ། དབང་རྫས་ལ་དབང་བསྐུར་ནས་རིགས་བདག་གི་རྒྱས་བཏབ་པ་དེ་སྙོམས་པར་ཞུགས་པ་ཞུ་བ་ལས། དབང་རྫས་སོ་སོར་གྱུར་པ་སྔགས་དང་ཚིགས་སུ་བཅད་པས་སྦྱིན་ཞིང་དེ་བརྟན་པར་བྱ་བའི་ཕྱིར་བུམ་པའི་ཆུས་དབང་བསྐུར་རོ། །དེ་དག་གི་ཚེ་དབང་གི་ལྷ་རྣམས་ཀྱིས་གོང་དུ་བརྗོད་པའི་ལས་མཛད་པར་གཉིས་ཀས་བསམ་ཞིང༌། རང་རང་གི་རིགས་བདག་གི་རྒྱས་བཏབ་ནས་མཆོད་པ་རྣམས་ཀྱིས་མཆོད་ལ་སོ་སོའི་བརྡ་སྤྲད་དོ། །དེའང་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་མཁའ་འགྲོ་མ་དང་མཉམ་པར་སྦྱོར་བ་བསྐྱེད་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ཀྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ཡང་དག་སྦྱིན། །ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་ཆུའི་དབང་སྦྱིན་ནོ། །ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་ཡུམ་རིན་ཆེན་མཁའ་འགྲོ་མ་དང་མཉམ་པར་སྦྱོར་བ་བསྐྱེད་ནས། ཐོར་ཚུགས་ཅོད་པཎ་གྱིས་བརྒྱན་པ། །བདེ་གཤེགས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དབུ་རྒྱན་དམ་པ་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་རཏྣ་མུ་ཀུ་ཊ་པ་ཊ་ཨ་བ་ལཾ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་དབུ་རྒྱན་གྱི་དབང་སྦྱིན་ནོ། །ཧྲཱིཿལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་པདྨ་མཁའ་འགྲོ་མ་དང་མཉམ་པར་སྦྱོར་བ་བསྐྱེད་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང༌། །ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་རྡོ་རྗེའི་དབང་སྦྱིན་ནོ། །ཨ་ལས་དོན་ཡོད་གྲུབ་པ་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལས་ཀྱི་མཁའ་འགྲོ་མ་དང་མཉམ་པར་སྦྱོར་བ་བསྐྱེད་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་ཅིང་དྲིལ་བུའི་དབང་སྦྱིན་ནོ། །ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ཡུམ་སངས་རྒྱས་མཁའ་འགྲོ་མ་དང་མཉམ་པར་སྦྱོར་བ་བསྐྱེད་ནས། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི། ཤྲཱི་ཧེ་རུ་ཀ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་བརྗོད་ཅིང་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་མིང་གདགས་ཏེ། སྐྱེས་པ་དང་བུད་མེད་ཀྱི་དབྱེ་བས་མི་བསྐྱོད་རྡོ་རྗེ། རྡོ་རྗེ་སེམས་དཔའ། རོལ་པའི་རྡོ་རྗེ། རྡོ་རྗེ་མཱ་མ་ཀཱི། རྡོ་རྗེ་སྙེམས་མ་ལ་སོགས་པ་མི་བསྐྱོད་པའི་རིགས་ཀྱི་མིང་ངོ༌། །རྣམ་པར་སྣང་མཛད་རྡོ་རྗེ། རྟག་པའི་རྡོ་རྗེ། ཨོཾ་མཛད་རྡོ་རྗེ། རྡོ་རྗེ་སྤྱན་མ་ལ་སོགས་པ་རྣམ་པར་སྣང་མཛད་ཀྱིའོ། །རིན་ཆེན་རྡོ་རྗེ། ནམ་མཁའི་རྡོ་རྗེ། གཟི་བརྗིད་རྡོ་རྗེ། རྡོ་རྗེ་ཕྲེང་བ་མ་ལ་སོགས་པ་རིན་ཆེན་འབྱུང་ལྡན་གྱིའོ། །འོད་དཔག་མེད་རྡོ་རྗེ། པདྨའི་རྡོ་རྗེ། ཆོས་ཀྱི་རྡོ་རྗེ། རྡོ་རྗེ་གོས་དཀར་མོ་ལ་སོགས་པ་འོད་དཔག་མེད་ཀྱིའོ། །དོན་ཡོད་རྡོ་རྗེ། ལས་ཀྱི་རྡོ་རྗེ། དམ་ཚིག་རྡོ་རྗེ། རྡོ་རྗེ་སྒྲོལ་མ་ལ་སོགས་པ་དོན་ཡོད་གྲུབ་པའི་རིགས་ཀྱི་མིང་ངོ༌། །དེ་ལྟར་རིག་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལྔའི་དབང་བསྐུར་བས་ཕུང་པོ་ལྔ་དང༌། ཉོན་མོངས་པ་ལྔ་སྦྱངས་ནས་རིགས་ལྔ་དང་ཡེ་ཤེས་ལྔའི་གོ་འཕང་ཐོབ་པར་བྱས་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བ་བསྐྱེད་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ་ཨེ་ཥ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་ཅིང༌། རྡོ་རྗེ་བྱིན་པ་སྙིང་གར་བཟུང་ནས། སྙིང་གི་ནང་དུ་ཡང་རྡོ་རྗེ་སེམས་དཔའ་གཉིས་ཀས་མོས་པ་ནི་རྡོ་རྗེའི་བརྟུལ་ཞུགས་ཏེ་སློབ་མའི་དབང་ངོ༌། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་དེང་འདིར་མཛད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྡོ་རྗེ་སློབ་དཔོན་གྱུར། །ཞེས་ལན་གསུམ་གསོལ་བ་བཏབ་ནས་སློབ་མ་དབང་སྟེགས་ཀྱི་སྟེང་དུ་གནས་པ་ཧཱུྃ་ལས་རྡོ་རྗེ་འཆང་ཆེན་པོ་སྔོན་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བ་བསྐྱེད་ནས། དབང་གི་ལྷས་དབང་བསྐུར་བའི་བར་སྔ་མ་ལྟར་བསྒོམ་ཞིང༌། འདི་དེ་སངས་རྒྱས་ཐམས་ཅད་ནས། །སྔགས་ཀྱི་བར་བརྗོད་པས་རྡོ་རྗེ་བྱིན་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །མ་ཧཱ་བཛྲ་ཧཱུྃ། ཞེས་དེ་ཁོ་ན་ཉིད་བརྗོད་ནས། འདི་ནི་རྣལ་འབྱོར་མ་ལ་སོགས་པ་དང༌། ཨཿཞེས་བརྗོད་ནས་དྲིལ་བུ་གཏད་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པར་རྒྱལ་བས་བཞེད། །ཨོཾ་བཛྲ་གྷཎྜེ་ཨཿ ཞེས་དེ་ཁོ་ན་ཉིད་བརྗོད། དེ་ནས་ཡུམ་དང་མཉམ་པར་སྦྱོར་བའི་སྐུ་ལ་ཡིད་གཏད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །དམ་ཚིག་ཕྱག་རྒྱ་ཞེས་སུ་བཤད། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་པ་དང༌། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་དམ་ཚིག་གསུམ་བྱིན་ནས་བུམ་པའི་ཆུས་ཀྱང་དབང་བསྐུར་ལ། རྡོ་རྗེ་སེམས་དཔའ་དབུར་བརྒྱན་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ། མེ་ཏོག་གཏོར་ལ་དཀྱིལ་འཁོར་པ་དང་བཅས་པ་ཐམས་ཅད་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རབ་ཏུ་གནས་པར་བྱས་པར་གཉིས་ཀས་བསམ་མོ། །རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དེ་ནས་རྟེན་གྱི་དཀྱིལ་འཁོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལམ་གྱི་ཆོས་མཚོན་པར་བྱེད་པ་ཡིན་ལ་ལྷ་རྣམས་ནི་ཕུང་པོ་དང༌། འབྱུང་བ་དང༌། ཉོན་མོངས་པ་ལ་སོགས་པ་འཁོར་བའི་ཆོས་རྣམ་པར་དག་པ་ཡེ་ཤེས་དང་ཡོན་ཏན་དང་ཕྲིན་ལས་ལ་སོགས་པ་འབྲས་བུའི་ཆོས་མཚོན་པར་བྱེད་ཅིང་དེ་ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་གྱི་སྐུ་དང་ཐུགས་ལ་གཉིས་སུ་མེད་པར་ཚང་ངོ༌། །ཞེས་དཀྱིལ་འཁོར་དང༌། ལྷ་དང༌། རྡོ་རྗེ་སློབ་དཔོན་གྱི་དེ་ཁོ་ན་ཉིད་བརྗོད་དོ། །དེ་ནས་རྡུལ་ཚོན་གྱིས་བསྒོས་པའི་གསེར་གྱི་ཐུར་མ་ལ་སོགས་པས་མིག་དབྱེ་བའི་ཚུལ་དུ་བྱ་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཀ་ལ་ཧྲཱི་པྲཾ། ཞེས་མི་ཤེས་པའི་རབ་རིབ་བསལ་ནས་ཆོས་ཀྱི་མིག་དྲི་མ་མེད་པ་ཐོབ་པར་གྱིས། ཞེས་བསྒོའོ། །དེ་ནས་མེ་ལོང་དག་པར་ཤར་བའི་གཟུགས་བརྙན་བལྟར་བཅུག་ནས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ཀུན་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་བརྗོད་ནས་ཡུལ་གཟུགས་བརྙན་དང་བྱེད་པ་སྒྱུ་མའི་ཚུལ་དུ་ཤེས་པར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་མདའ་གཞུ་གཏད་པ་ཕྱོགས་དྲུག་ཏུ་འཕེན་པའི་ཚུལ་བྱེད་དུ་གཞུག་ཅིང༌། ཧོ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་རྗེས་སུ་ཆགས་པར་བྱོས་ཤིག ཅེས་བརྗོད་ནས། བདག་ལ་ཆགས་པ་དང་གཞན་ལ་འཚེ་བ། ཐེག་པ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་གཞོམ་པར་གྱིས་ཤིག་ཅེས་བསྒོ་བ་རྣམས་སེམས་ཅན་གྱི་དོན་གྱི་རྗེས་སུག་ནང་བའོ། །དེ་ནས་ལག་ཏུ་འཁོར་ལོ་བྱིན་ལ། དེང་ནས་བཟུང་སྟེ་འཇིག་རྟེན་ལ། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །ཀུན་ཏུ་དྲི་མེད་སྡིག་མེད་པ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་སྐོར། །ཞེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྒོས་ནས། དུང་འབུད་དུ་བཅུག་ལ། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །ཞེས་ཆོས་ཀྱི་དུང་འབུད་པར་བསྒོ་བ་ནི། ཆོས་འཆང་པའི་རྗེས་སུ་གནང་བའོ། །དེ་ནས་སྣ་ཚོགས་རྡོ་རྗེ་ལག་ཏུ་བྱིན་ལ། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱེད་དང་གནོད་སོགས་དང༌། །བསྐྲད་དང་གསད་པ་དེ་བཞིན་ཏེ། །ལས་དེ་དག་ནི་བསྒྲུབ་པར་གྱིས། །ཞེས་གཞན་དོན་དུ་ལས་དེ་དག་བསྒྲུབ་པར་བསྒོ་བ་ནི་ཕྲིན་ལས་ཀྱི་རྗེས་སུ་གནང་བའོ། །དེ་ནས་སློབ་དཔོན་ཤཱཀྱ་ཐུབ་པའི་ང་རྒྱལ་འཛིན་པས་སྣམ་སྦྱར་གྱོན་ནས། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་སློབ་མའི་སྤྱི་བོར་བཞག་ནས། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་ལས་ཁྱོད་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿགང་ལ་ངས་ལུང་བསྟན་པ་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དོ། །ཞེས་བརྗོད་ནས་རྟོགས་པ་བསྐྱེད་དེ་ལུང་བསྟན་པའོ། །དེ་ནས་སློབ་དཔོན་བརྙས་པར་མི་བྱ་ཞིང༌། །གུས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡོངས་སུ་གཏད་པར་མི་བྱའོ། །དམ་ཚིག་སྡོམ་པ་བསྲུང་བྱ་སྟེ། །རྣམ་པར་རྟོག་མེད་གོས་མེད་པར། །རང་ལྷའི་རྣལ་འབྱོར་གནས་པ་ཡིས། །འདོད་པའི་ཡོན་ཏན་བསྟེན་པར་བྱ། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར། །ཞེས་བརྗོད་པ་ནི་དབུགས་དབྱུང་བའོ། །དེ་ནས། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིས་ནི་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་རྣམས་ལས་གྲོལ། །ཞེས་བརྗོད་པ་ནི་གཟེངས་བསྟོད་པའོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་བསྐྱེད་པའི་རིམ་པ་དབྱིབས་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་བརྡ་སྤྲད་དོ། །བུམ་པའི་དབང་ངོ༌།།  །།དེ་ནས་གསང་བའི་དབང་གི་དོན་དུ་མཎྜལ་ཕུལ་ནས། གསང་བའི་དབང་བསྐུར་རབ་གསང་བ། །གཙོ་བོ་ཆེན་པོས་བདག་ལ་སྩོལ། །ཞེས་གསོལ་བ་ལན་གསུམ་འདེབས་སུ་བཅུག་ནས། གདོང་གཡོགས་བཅིང་ལ་ཡིག་འབྲུ་གསུམ་བརྗོད་ཅིང་བདུད་རྩི་གཏོར་ནས་སློབ་དཔོན་དཔལ་ཧེ་རུ་ཀ་དངོས་སམ་ཡེ་ཤེས་ཀྱི་རིག་མ་སངས་རྒྱས་མཁའ་འགྲོ་མར་དམིགས་ལ། གཉིས་ཀའི་གནས་ལྔ་དང༌། མཁའ་གསང་བྱིན་གྱིས་བརླབས་ནས། ཡུམ་གྱིས། ཀྱེ་ཧོ་གཉེན་མཆོག་ལ་སོགས་པའི་གླུས་བསྐུལ་བ་དང༌། བདེ་བ་མྱོང་ཞིང་སློབ་མ་ལ་དབང་སྦྱིན་པའི་འདུན་པས་སྙོམས་པར་ཞུགས་པའི་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཞལ་དུ་ཞུགས་སྙིང་གར་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུར་གནས་པའི་བདེ་བ་ཆེན་པོས་ཕྱི་ནང་གི་ལྷ་རྣམས་མཆོད་ནས་ཕཊ་ཅེས་བརྗོད་པས་ཕྱུང་ལ། གསང་བའི་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ཡང་དག་སྦྱིན། །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་སློབ་མའི་ཁར་སྦྱིན་ཞིང༌། ནམ་མཁའ་གང་བའི་དབང་གི་ལྷ་ཐམས་ཅད་ཀྱིས་བཀྲ་ཤིས་དང༌། མཆོད་པ་མཛད་པར་བསམ་མོ། །སློབ་མས་ཀྱང་མིད་ནས་ལུས་ཐམས་ཅད་གང་བས་ངག་གི་དྲི་མ་སྦྱངས་ནས་འོད་དཔག་ཏུ་མེད་པར་བསྒོམས་ལ། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་དུ་གཞུག་གོ །དེ་ནས་གདོང་གཡོགས་ཕྱེ་ནས་གསང་བའི་དཀྱིལ་འཁོར་དུ་གསང་བ་བདུད་རྩིའི་དབང་ཐོབ། ངག་གི་དྲི་མ་དག ཟབ་པ་སྔགས་ཀྱི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་བརྡ་སྤྲད་དོ། །གསང་བའི་དབང་ངོ༌།།  །།དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། སློབ་དཔོན་གོ་འཕང་ཆེ་རང་བཞིན། །སྐལ་བ་ཆེན་པོ་བདག་ལ་སྩོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །བརྟུལ་ཞུགས་མཆོག་ནི་ཁྱོད་དྲིན་གྱིས། །བདག་ལ་ངེས་པར་སྩལ་ལགས་ཀྱི། །དེས་ནི་སེམས་ཅན་དཔག་མེད་དོན། །ཇི་ལྟར་འབུལ་བཞིན་བདག་བགྱིད་དོ། །ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ནས་སྔ་མ་ལྟར་གདོང་གཡོགས་བཅིང་ཞིང་བདུད་རྩི་གཏོར་ལ། གཉིས་ཀས་སློབ་མ་ཧེ་རུ་ཀར་བསྐྱེད་ནས་དངོས་སམ་ཡེ་ཤེས་ཀྱི་རིག་མ་སངས་རྒྱས་མཁའ་འགྲོ་མར་བསྐྱེད་ནས། མཛེས་མ་འདི་ནི་གཟུང་བ་དང༌། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས། །གཟུངས་མ་འདི་ནི་ཡིད་དགའ་མ། །ཁྱོད་ཀྱིས་རྟག་ཏུ་བསྟན་པར་བྱ། །ཞེས་བརྗོད་ནས་སློབ་མ་ལ་གཏད་དོ། །དེ་ནས་རིག་མས། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོ་འམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་ཙུམྦ་ན། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་དྲིས་པའི་ལན་དུ། སློབ་མས། ཇི་སྐད་གསུངས་པའི་དམ་ཚིག་ལ། །བདག་ནི་ཅི་དགར་སྤྲོ་གྱུར་ཏོ། །ཞེས་ལན་བཏབ་པས་ལྷ་མོ་དེ་དགྱེས་ནས། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་པདྨར་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་དུ་ནི་རྟག་པར་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུང་ཞིང་སློབ་མའི་པང་དུ་བྱོན་ནས། སླར་ཡང་ལྷའི་སྐུ་ཡབ་ཡུམ་དུ་གསལ་བར་དམིགས་པའི་གནས་ལྔ་དང་མཁའ་གསང་བྱིན་གྱིས་བརླབས་ནས། སློབ་མས་ཀུན་ནས་དཀྲིས་པ་དང་བྲལ་ཞིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་བའི་འདུན་པས་སྙོམས་པར་ཞུགས་པས་སྣ་ཚོགས་པ་དང༌། རྣམ་པར་སྨིན་པ་དང༌། རྣམ་ཉེད་དང་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ་དགའ་བ་དང༌། མཆོག་དགའ་དང༌། དགའ་བྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་སྐྱེས་པ་ངོ་སྤྲད་ཅིང་སློབ་མས་ཀྱང་བདེ་སྟོང་ཟུང་འཇུག་གི་ངང་ལ་མཉམ་པར་བཞག་གོ །དེའི་ཚེ་ནམ་མཁའ་གང་བའི་དབང་གི་ལྷ་རྣམས་ཀྱིས་མཆོད་པའི་ཆར་མངོན་པར་ཕབ་ཅིང་བཀྲ་ཤིས་ཀྱི་དབྱངས་བརྗོད་པར་བསམ་མོ། །དེ་ནས། ཐབས་གཞན་གྱིས་ནི་འཚང་མི་རྒྱ། །གཉིས་སུ་མེད་པའི་ཆོས་ཀུན་ནི། །གཉིས་ཀྱི་དངོས་པོས་མཚོན་གྱུར་པ། །དེ་ཕྱིར་རིག་མ་འདི་ནི་མཆོག །དེ་བས་ཁྱེད་ཀྱིས་རྟག་ཏུ་ནི། །འཁོར་བ་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་པ་དང༌། ཇི་ལྟར་དབང་བསྐུར་ཚུལ་ལ་ནི། །སངས་རྒྱས་ལ་སོགས་ཀུན་ཐོབ་པ། །དེ་ལྟར་བྱང་ཆུབ་སྤྱོད་སོགས་དང༌། །དགེ་བའི་ཚུལ་གཞན་དག་གིས་མིན། །བདག་པོའི་དམ་ཚིག་བསྲུང་བར་བྱ། །རྟག་ཏུ་སྡོམ་པ་བསྐྱང་བར་བྱ། །བཟའ་བ་ཤ་ལྔ་བདུད་རྩི་སྟེ། །བསྲུང་བ་འདི་ལས་དམ་ཚིག་གཞན། །དཀོན་མཆོག་འཇིག་གསོད་བུད་མེད་ཀུན། །གཞན་ལས་ལེན་དང་ངག་གི་བརྫུན། །རྣལ་འབྱོར་རྒྱུད་དུ་གང་བཤད་པ། །དེ་ཡང་ཆོ་ག་བཞིན་དུ་བསྲུང༌། །ཞེས་ཆེ་བ་བརྗོད་པ་དང་དམ་ཚིག་བསྟན་ནས། གདོང་གཡོགས་ཕྱེ་ལ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཟུང་འཇུག་ཆོས་ཀྱི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་བརྡ་སྤྲད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌།།  །།དེ་ནས་དབང་བཞི་པའི་དོན་དུ་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ནས། སྔ་མ་ལྟར་གདོང་གཡོགས་བཅིང་ཞིང་བདུད་རྩི་གཏོར་ལ། བསམ་གཏན་གྱི་འདུག་སྟངས་ཀྱིས་གནས་སུ་བཅུག་ནས་གསུམ་པའི་ཡེ་ཤེས་ཀྱིས་མཚོན་པའི་དེ་ཁོ་ན་ཉིད་ཚིག་གིས་ངོ་སྤྲད་པའི་ཕྱིར། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་དོན་བཤད་ལ་ཡིད་མཉམ་པར་འཇོག་ཏུ་གཞུག་གོ །དེ་ནས་གདོང་གཡོགས་ཕྱེ་ལ་དོན་དམ་པའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག མཐར་ཐུག་ཆོས་ཀྱི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་བརྡ་སྤྲད་དོ། །དབང་བཞི་པའོ།།  །།དེ་ནས་སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་གྱིས་དམ་ཚིག་དང་སྡོམ་པ་བསྡུས་ཏེ་ཁས་བླངས་ནས། ལུས་དང་ལོངས་སྤྱོད་ཐམས་ཅད་ཕུལ་བར་མོས་པས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་པས། གཏང་རག་ཕུལ་ནས། དངོས་སུ་ཅི་འབྱོར་པའི་ཡོན་གྱིས་ཀྱང་བླ་མ་མཉེས་པར་བྱའོ། །བླ་མས་ཀྱང༌། གནས་སྐབས་འདིའམ་གཞན་དུ། དམ་ཚིག་དང་སྡོམ་པ་དང་ལམ་གྱི་རིམ་པ་བསྟན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བླངས་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བཟོད་པར་གསོལ་ནས། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ཆོ་ག་ལྷག་ཆད་བསྐངས་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །ཅེས་ལན་གསུམ་དུ་སྨོན་ལམ་བཏབ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའི་མཐར། ཨོཾ་བཛྲ་མུཿ ཞེས་བརྗོད་ནས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་བདག་ལ་བསྡུས་ནས། ཨ་ཀཱ་རོའི་མཐར། ཨོཾ་གི་ལི་གི་ལི་ཧཱུྃ་ཛཿསྭཱ་ཧཱ། ཞེས་བརྗོད་ཅིང་གཡོན་པའི་སྲིན་ལག་གིས་དབང་ལྡན་གྱི་རྩིག་པ་བཤིག་ནས་རྡུལ་ཚོན་མ་ལུས་པ་བསྡུས་པ་རིན་པོ་ཆེའི་བུམ་པར་བླུགས་ལ་རོལ་མོའི་སྒྲ་དང་བཅས་པས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་ནས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ། གནས་གསུམ་བསྲུངས་ཏེ་དགའ་སྟོན་ལ་ལོངས་སྤྱད་ནས་ཅི་བདེ་བར་གནས་པར་བྱའོ། །མཇུག་གི་ཆོ་གའོ།།  །།དེ་ལྟར་བླ་མ་ལས་ཐོབ་པའི། །དབང་དོན་རང་གིས་གོམས་བྱས་པས། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །དབང་བསྐུར་ནས་ནི་དེ་འཚང་རྒྱ། །ཚུལ་འདིའང་ཡེ་ཤེས་འབྱུང་གནས་དཔལ། །དེ་བཞིན་ཉི་མ་འབུམ་དང་ཡང༌། །ཚུལ་ཁྲིམས་རྒྱལ་མཚན་ལ་སོགས་པས། །བསྐུལ་ནས་སྔགས་འཆང་འཕགས་པས་སྦྱར། །དེ་ལྟར་སྒྱུ་མ་རོལ་པ་ཡི། །དབང་བསྐུར་རོལ་པ་བཤད་པ་ཡིས། །འགྲོ་ཀུན་ཚུལ་འདིས་རྣམ་རོལ་ནས། །བདེ་བ་ཆེ་ལ་རོལ་པར་ཤོག །རྣལ་འབྱོར་གྱི་དབང་ཕྱུག་ཀུ་ཀུ་རི་པའི་མན་ངག་ལ་བརྟེན་པའི་གཞུང་རིམ་པ་གསལ་བའི་རྗེས་སུ་འབྲངས་པ། དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་དབང་རྣམ་པར་རོལ་པ་ཞེས་བྱ་བ་འདི་ནི་དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་ཤིང་མོ་གླང་གི་ལོ་སྟོན་ཟླ་འབྲིང་པོ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་ཡོངས་སུ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*