༼ཕ༽
༄༅། །དཔལ་སྒྱུ་མ་བདེ་བ་ཆེན་མོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བཞུགས།།
༄༅། །དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། སྒྱུ་འཕྲུལ་རྣམ་པར་རོལ་པ་ཞེས་བྱ་བ། དཔལ་སྒྱུ་མ་ཆེན་མོ་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་གྱིས། །སྲིད་པའི་སྒྱུ་མ་རྣམ་སྦྱོང་བ། །སྒྱུ་མ་ཆེན་མོར་ཕྱག་འཚལ་ནས། །སྒྱུ་མ་རྣམ་པར་རོལ་པ་བཤད། །མྱོང་སྣང་བཞིན་དུ་མ་གྲུབ་ཕྱིར། །འདི་ཀུན་སྒྱུ་མའི་རྣམ་འཕྲུལ་ཏེ། །དེ་ཉིད་ལས་ནི་བྱུང་བའི་ཕྱིར། །གྲོལ་བའང་ཅི་ཕྱིར་སྒྱུ་མ་མིན། །དེ་ཕྱིར་བུད་མེད་སྒྱུ་མ་ཡི། །རྣམ་པར་རོལ་པས་རོལ་པ་ཡིས། །བདེ་ཆེན་རོལ་པས་རོལ་འགྱུར་བའི། །ཐབས་འདི་བླ་ན་མེད་པ་ཡིན། །དབང་དང་དམ་ཚིག་ཐོབ་པ་ཡིས། །དངོས་གྲུབ་དོན་དུ་རྣལ་འབྱོར་བསྒོམ། །མཉམ་པར་གཞག་དང་ཡན་ལག་གི །རྣལ་འབྱོར་གཉིས་ཀྱིས་བསྡུས་པ་ཡིན། །དེ་ལ་མཉམ་པར་གཞག་པ་ལ་གཉིས་ལས། བསྐྱེད་པའི་རིམ་པ་བསྒོམ་པའི་ཚུལ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས། རང་ཧེ་རུ་ཀར་སྐད་ཅིག་གིས་དམིགས་པའི་སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་གི་ཡི་གེ་སྔོན་པོ་ལས་འོད་བྱུང་བས་རང་དང་གཞན་གྱི་སྒྲིབ་པ་སྦྱངས་ནས། མདུན་གྱི་ནམ་མཁར་ཧེ་རུ་ཀའི་དཀྱིལ་འཁོར་བླ་མས་དབུར་བརྒྱན་པ་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿདང༌། ན་མཿཤྲཱི་ཧེ་རུ་ཀ་མ་ཧཱ་མཱ་ཡཱ་མཎྜལ་བྷྱཿས་བླ་མ་དང་དཀྱིལ་འཁོར་ལ་ཕྱག་འཚལ་ནས། སྙིང་ག་ནས་སྤྲུལ་པའི་མེ་ཏོག་ལ་སོགས་པ་ཕྱི་དང༌། ནང་བདུད་རྩིས་མཆོད་ལ། བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །མ་ལུས་སངས་རྒྱས་སྤྱན་སྔར་ནི། །བདག་གིས་སོ་སོར་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །ཚོགས་ལ་བདག་ནི་ཡི་རང་ངོ༌། །སྒྱུ་འཕྲུལ་གཙོ་བོ་ཡབ་ཡུམ་དང༌། །མཁའ་འགྲོ་མ་དང་བཅས་པ་དང༌། །ཆོས་མཆོག་ལ་ཡང་སྐྱབས་སུ་མཆི། །དུས་གསུམ་བདེ་གཤེགས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་མཆོག་བསྐྱེད་པ་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་འགྲུབ་འགྱུར་ཏེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་སྒྲོལ་བར་ཤོག །ཅེས་ལན་གསུམ་བརྗོད་ནས། སེམས་ཅན་ཐམས་ཅད་བདེ་བ་མཐའ་དག་དང་ཕྲད་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང༌། ཆགས་སྡང་མེད་ཅིང་མཉམ་པ་ཉིད་ཀྱི་བཏང་སྙོམས་ཏེ་ཚད་མེད་པ་བཞི་བསྒོམ་མོ། །བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཧེ་རུ་ཀ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས། ཧེ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་ཞིང་འཕེལ་བ་དང་འགྲིབ་པ་མེད་ལ། ཡོངས་སུ་རྟོག་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །རུ་ནི་ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་ཞིང་དགའ་བ་དང་ལྡན་ལ་སྐྱེ་འགག་དང་བྲལ་བའོ། །ཀ་ནི་ཆོས་ཐམས་ཅད་གནས་པ་དང་བྲལ་ཞིང་བདེ་བ་དང་ལྡན་ལ་མ་སྐྱེས་པའི་དེ་ཁོ་ན་ཉིད་དེ། ཡི་གེ་གསུམ་གྱི་དོན་དང་ལྡན་པ་ཉིད་དོ། །ཞེས་དྲན་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྟོང་པ་ཉིད་ཀྱི་ངང་ལས་སྔོན་གྱི་སྨོན་ལམ་གྱི་རྣམ་འཕྲུལ་ལས་བྱུང་བའི་པཾ་ལས་སྣ་ཚོགས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ་ལས་ཕྱོགས་ཀུན་དུ་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། དྲྭ་བ་དང༌། གུར་དང༌། བླ་རེ་དང༌། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་ཡོངས་སུ་བསྐོར་བའི་སྲུང་བའི་འཁོར་ལོ་བསྒོམ་མོ། །དེའི་ནང་དུ་ཨེ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཡྃ་ལས་རླུང༌། རྃ་ལས་མེ། བྃ་ལས་ཆུ། ལྃ་ལས་ས། བྷྲཱུྃ་ལས་འཁོར་ལོ་རྣམས་འདྲེས་པ་ལས་བྱུང་བའི་གཞལ་ཡས་ཁང་པ་གྲུ་བཞི། ཕྱི་རོལ་ནས་རིམ་པ་བཞིན། སྔོན་པོ། སེར་པོ། དམར་པོ། ལྗང་གུ། དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང་མདའ་ཡབ་དང་པུ་ཤུས་ཡོངས་སུ་བསྐོར་བ། གཞིའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་རྫས་དུ་མ་ཐོགས་པའི་ལྷ་མོ་བཅུ་དྲུག་གིས་བསྐོར་བ། ནང་ཀ་བ་བརྒྱད་དང་ལྡན་ཞིང་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ནས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཚན་པ། སྒོའི་སྟེང་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པ་ཆོས་ཀྱི་འཁོར་ལོ་དང་གདུགས་དང་རི་དྭགས་དང་བཅས་པ། གཞན་ཡང་གོས་དང༌། འཕན་དང༌། མེ་ལོང་དང༌། མེ་ཏོག་གི་ཕྲེང་བ་དང༌། རྔ་ཡབ་ལ་སོགས་པའི་རྒྱན་དུ་མས་སྤྲས་ཤིང་ཀུན་དུ་སྒྲིབ་པ་མེད་པའི་ཕྱི་རོལ་གྱི་ཁོར་ཡུག་ཏུ་ཤར་ནས་རིམ་པ་བཞིན་དུ། དྲག་ཏུ་གཏུམ་པ། འཇིགས་པར་བྱེད་པ། འུར་འུར་འབར་བ། ཚང་ཚིང་འཁྲིགས་པ་དང༌། མེ་ནས་རིམ་པ་བཞིན། དབང་ཕྱུག ནགས་ཚལ། མུན་པ་མི་བཟད་པ། ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ། ཧ་ཧ་དགོད་པའི་དུར་ཁྲོད་བརྒྱད་དུ་དེ་ཉིད་ཀྱི་རིམ་པས་བརྒྱ་བྱིན། གཤིན་རྗེ། ཆུ་ལྷ། གནོད་སྦྱིན། མེ་ལྷ། སྲིན་པོ། རླུང་ལྷ། དབང་ལྡན་ཏེ་ཕྱོགས་སྐྱོང་བ་བརྒྱད། ཤིང་ཆེན་པོ་བརྒྱད་ལ་གནས་པའི་ཞིང་སྐྱོང་ཆེན་པོ་བརྒྱད། མཆོད་རྟེན་ཆེན་པོ་བརྒྱད། ཆུ་ཆེན་པོ་བརྒྱད། མེ་ཆེན་པོ་བརྒྱད། སྤྲིན་ཆེན་པོ་བརྒྱད། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། འདྲེ་དང༌། སྲིན་པོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། རོ་དང༌། རོ་ལངས་ལ་སོགས་པས་གང་བར་བསམ། གཞལ་ཡས་ཁང་པའི་དབུས་སུ་རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རོ་དང་བཅས་པའི་ཉི་མའི་གདན་དང༌། ཕྱོགས་བཞིར་ཉི་མ་འབའ་ཞིག་གི་གདན་དང༌། མཚམས་བཞིར་བུམ་པ་ལ་གནས་པའི་བདུད་རྩིས་གང་བའི་ཐོད་པ་བཞི་དང༌། ལྷ་སྣམ་གྱི་ཁོར་ཡུག་ཏུ་བཅུད་སྣ་ཚོགས་ཀྱིས་གང་ཞིང་འབྲས་བུ་དང་ལྡན་པའི་ཤིང་གིས་ཁ་བརྒྱན་པའི་བུམ་པ་བརྒྱད་གནས་པར་བསྒོམ་མོ། །དེ་ནས་བརྟེན་པ་ལྷ་བསྐྱེད་པའི་ཕྱིར་གདན་དབུས་མའི་སྟེང་དུ་རང་གི་སེམས་ཧེ་རུ་ཀ་ཡབ་ཡུམ་དུ་སྐད་ཅིག་གིས་ལྷག་པར་མོས་ནས་སྙོམས་པར་ཞུགས་པས་རྗེས་སུ་ཆགས་པས་ཉེ་བར་བསྐུལ་བས་ཁམས་གཉིས་བྷ་གར་སོན་པ་སྤྲོས་པས་གདན་བཞིའི་སྟེང་དུ་ཐིག་ལེའི་གཟུགས་བཞིར་བལྟའོ། །མཐར་རྗེས་སུ་ཆགས་པའི་མེས་ཡབ་ཡུམ་གཉིས་ཀྱང་འོད་དུ་ཞུ་ནས་བདེ་བ་ཆེན་པོའི་ངོ་བོ་ཐིག་ལེ་གཅིག་ཏུ་གྱུར་པར་བསྒོམ་མོ། །དེ་ནས་སྐད་ཅིག་གིས་ཕྱོགས་བཞིའི་ཐིག་ལེ་རྣམས་རིགས་ཀྱི་མཁའ་འགྲོ་མ་བཞིར་གྱུར་ནས། ཀྱེ་ཧོ་གཉེན་མཆོག་རྡོ་རྗེའི་འོད་ཀྱིས་པདྨ་སད་མཛད་པ། །ཨ་ལ་ལ་ཧོ། །བདེ་བ་ཆེན་པོའི་དགྱེས་པའི་གར་མཛོད་ཅིག །ཉི་མའི་འོད་ཀྱིས་པདྨོ་ཁ་འབྱེད་ལྟར། །ཨ་ལ་ལ་ཧོ། །བདེ་བ་ཆེན་པོའི་གར་གྱིས་རབ་ཏུ་དགྱེས་པར་མཛོད། །ཅེས་མགྲིན་གཅིག་ཏུ་གླུས་བསྐུལ་ནས། ལྷ་མོ་རྣམས་སྐར་མདའི་ཚུལ་གྱིས་དབུས་ཀྱི་ཐིག་ལེ་ལ་འདྲེས་ཤིང་གཅིག་ཏུ་གྱུར་པའི་ཐིག་ལེ་དུམ་བུ་གསུམ་དུ་གྱུར་ཏེ། འོག་གི་ཐིག་ལེ་ཨཱ་ལི་ལས་ཟླ་བ་དང༌། སྟེང་གི་ཀཱ་ལི་ལས་ཉི་མ་དང༌། བར་གྱི་ཧཱུྃ་ལས་རྡོ་རྗེ་ཁ་ཊྭ྄ཱཾ་ག་ཧཱུྃ་གིས་མཚན་པ་རྣམས་གཅིག་ཏུ་འདྲེས་པ་ལས་བྱུང་བའི་དཔལ་ཧེ་རུ་ཀ་ནི་སྐུ་མདོག་སྔོན་པོ་ཞལ་བཞི་པ་ཕྱག་བཞི་པ། རྩ་བའི་ཞལ་སྔོ་བ། གཡས་སེར་བ། རྒྱབ་དམར་བ། གཡོན་ལྗང་བ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་འཕྱར་བ། གཡོན་གྱི་དང་པོས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་ཅིང་འདི་ཉིད་ཀྱིས་མིའི་གཡང་གཞི་གོས་སུ་གྱོན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་ཞིང་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་པང་ན་གནས་པའི་ཡུམ་སངས་རྒྱས་མཁའ་འགྲོ་མའང་ཁ་དོག་དང་ཕྱག་མཚན་དང་ཉམས་ཡབ་དང་མཚུངས་པ་ཉིད་དེ། འོན་ཀྱང་ཕྱག་རྒྱ་ལྔས་བརྒྱན་ཞིང་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་སྭཱ་སེར་པོ། བརླ་གཉིས་ལ་ཧཱ་ལྗང་གུ་བཀོད་ནས། ཡུམ་གྱི་བྷ་ག་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ་དང༌། ཡབ་ཀྱི་གསང་གནས་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པར་བྱིན་གྱིས་བརླབས་ནས། ལྷ་རྣམས་དབྱུང་བའི་ཕྱིར་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ཆེན་པོའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་ཉེ་བར་སྤྱན་དྲངས་པ་ཞལ་དུ་ཞུགས། སྙིང་གར་རབ་ཏུ་བཞུ། ཡུམ་གྱི་མཁར་བབས་པ་ཐིག་ལེ་བཞིར་གྱུར་པ་ལས་བྱུང་བའི་རིགས་ཀྱི་མཁའ་འགྲོ་མ་བཞི་རིམ་པ་བཞིན་ནམ་མཁའི་ཁམས་ཁྱབ་པར་སྤྲོས། རང་རང་དང་རྗེས་སུ་འབྲེལ་བའི་སེམས་ཅན་གྱི་དོན་བྱས། སླར་འདུས་ནས་གཅིག་ཏུ་གྱུར་པ་ལས་ཕྱོགས་བཞིར་འཁོད་པར་བསམས་ཏེ། དེའང་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་ཞལ་གཡས་སེར། རྒྱབ་དམར། གཡོན་ལྗང་བ། ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང་ཁ་ཊྭཱཾ་ག གཡོན་པ་གཉིས་ན་དྲིལ་བུ་དང༌། ཀ་པཱ་ལ་འཛིན་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ཞལ་གཡས་སྔོ། རྒྱབ་དམར། གཡོན་ལྗང་བ། ཕྱག་གཡས་པ་གཉིས་ན་རིན་པོ་ཆེའི་རྒྱལ་མཚན་དང༌། རྩེ་གསུམ། གཡོན་པ་གཉིས་ན་བ་དན་རྩེ་གསུམ་པ་དང༌། རྩེ་སྤྱང་འཛིན་པ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་ཞལ་གཡས་སེར། རྒྱབ་སྔོ། གཡོན་ལྗང་བ། ཕྱག་གཡས་པ་གཉིས་ན་པདྨ་དང་མདའ། གཡོན་པ་གཉིས་ན་ཀ་པཱ་ལ་དང༌། གཞུ་འཛིན་པ། བྱང་དུ་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ། གཡས་སེར། རྒྱབ་དམར། གཡོན་སྔོ་བ། ཕྱག་གཡས་པ་གཉིས་ན་རལ་གྲི་དང༌། ཌཱ་མ་རུ་དང༌། གཡོན་པ་གཉིས་ན་ཀ་པཱ་ལ་དང༌། ཞགས་པ་འཛིན་པ་སྟེ། ཐམས་ཅད་ཀྱང་ཞལ་བཞི་ཕྱག་བཞི་མ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སངས་རྒྱས་མཁའ་འགྲོ་མའི་རྒྱན་དང་ཆ་ལུགས་ཅན་ནོ། །དེ་ནས་སྔ་མ་ལྟར་དེ་དག་ཐམས་ཅད་ཀྱི་གནས་ལྔ་བྱིན་གྱིས་བརླབ་བོ། །མིག་ཏུ་ཨོཾ་དཀར་པོ། མགྲིན་པར་ཨཱྃཿདམར་པོ། རྣ་བར་ཨ་སེར་པོ། སྣར་ཥེ་དཀར་པོ། དཔྲལ་བར་ཙི་སེར་པོ། སྙིང་གར་ཧཱུྃ་དམར་པོ་དམིགས་པ་རྣམས། སྐྱེ་མཆེད་རྣམ་པར་དག་པ་རྡོ་རྗེ་མ་དྲུག་ཏུ་བལྟས་ལ། རང་གི་སྙིང་གི་ནང་གི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་སྒྱུ་མ་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། བསྟོད་པས་མཉེས་པར་བྱས་ཏེ། རིགས་ཀྱི་མཁའ་འགྲོ་མ་བཞིའི་རྩ་བའི་ཕྱག་གིས་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་འཛིན་པ་རྣམས་སྙིང་ག་ནས་རིམ་གྱིས་སྤྲོས་པས་ཡེ་ཤེས་པ་རྣམས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་པས་རང་དང་གཉིས་སུ་མེད་པར་གྱུར་པར་བསམ་ཞིང༌། སོ་སོའི་ཕྱག་རྒྱ་དང་ལྡན་པས། ཨོཾ་ཨེ་ཧྱེ་ཧི་ཤྲཱི་ཧེ་རུ་ཀ་མ་ཧཱ་མཱ་ཡཱ་མཎྜ་ལ་ཙཀྲ་སརྦ་ཌཱ་ཀི་ནཱི། ཞེས་ཀུན་ལ་སྦྱར་ལ། བཛྲ་ཌཱ་ཀི་ནཱི་ཨཾ་ཀུ་ཤ་ཛཿ ཨོཾ་རཏྣ་ཌཱ་ཀི་ནཱི་པཱ་ཤ་ཧྲཱི། ཨོཾ་པདྨ་ཌཱ་ཀི་ནཱི་སྥོ་ཊ་བཾ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ཨཱ་བེ་ཤ་ཨཿ ཞེས་བརྗོད་དོ། །ཕྱི་མ་ལ་ནི་ཨེ་ཧེ་ཧི་མི་སྦྱོར་རོ། །དེ་ནས་ཡང་ཧཱུྃ་གི་འོད་ཀྱི་སྣང་བས་མཁའ་འགྲོ་མ་ལྔ་དང་མཉམ་པར་སྦྱོར་བའི་རིགས་ལྔ་རང་རང་གི་རིགས་དང་རྗེས་སུ་འབྲེལ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་བསྐོར་བའི་དབང་གི་ལྷ་སྤྱན་དྲངས་ལ། སྔ་མ་བཞིན་མཆོད་ཅིང་བསྟོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ཡང་དག་སྦྱིན། །བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང༌། ཡེ་ཤེས་ལྔའི་ངོ་བོ་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། རིག་མས་གླུ་དང༌། སེམས་དཔས་བཀྲ་ཤིས་དང༌། ཁྲོ་བོས་བར་ཆད་སེལ་བ་དང༌། ལྷ་མོས་མཆོད་པའི་ལས་མཛད་དེ། ཆུའི་རྒྱུན་དེས་ལུས་ཐམས་ཅད་གང༌། དྲི་མ་བཞི་དག དབང་བཞི་ཐོབ། ལམ་བཞི་བསྒོམ་ཞིང༌། སྐུ་བཞི་ཐོབ་པའི་སྐལ་བ་དང་ལྡན་པར་བྱས། ཆུ་ལྷག་མ་ཡར་ལུད་པས། དབང་རྟགས་སུ་ཧེ་རུ་ཀ་ལ་རྡོ་རྗེ་སེམས་དཔའ་དང༌། མཁའ་འགྲོ་མ་ལྔ་ལ་རིམ་པ་བཞིན་རྟག་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱིས་དབུར་བརྒྱན་པར་བསམ་མོ། །དེ་ནས་མདུན་དུ་མངོན་པར་འདུ་བྱས་པའི་བདུད་རྩི་གཏོར་མ་ལྟར་བྱིན་གྱིས་བརླབས་པ་མྱངས་པས་ལྷ་ཐམས་ཅད་བདུད་རྩིས་ཡོངས་སུ་གང་ཞིང་བདེ་བ་དང་ཏིང་ངེ་འཛིན་གྱི་རོ་དམ་པ་མྱང་བར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། དེ་ནས་ལྷ་མོ་རྣམས་དང་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཧེ་རུ་ཀ་ལ་མགྲིན་གཅིག་ཏུ་བསྟོད་པར་བསམ་ཞིང༌། མཆེ་བ་གཙིགས་ཤིང་འཇིགས་པའི་གཟུགས། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཀྱང་བརྗོད་དོ། །དེ་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ། ཇི་སྲིད་གནས་ཀྱི་བར་དུ་ཡིད་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པ་དབྱིབས་ཀྱི་བདག་ཉིད་དོ།། །།དེ་ནས་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཐབས་ཤེས་རབ་ཟུང་དུ་འཇུག་པར་བྱ་བའི་ཕྱིར། རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་ནི། སྙིང་ག་ནས་སྤྲོས་པའི་འོད་ཀྱིས་སྣོད་བཅུད་དང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམས་རང་ལ་བསྡུས་ཤིང་ཡུམ་ཡང་བསྡུས་ནས། ཡབ་འབའ་ཞིག་ཏུ་གནས་པའི་སྙིང་པདྨ་འདབ་མ་བཞི་པའི་རྣམ་པར་གནས་པའི་དབུས་སུ་ཐིག་ལེའི་ངོ་བོ་ཟླ་བའི་དཀྱིལ་འཁོར་སེན་མོ་བཟླུམ་པ་ཙམ་དང༌། དེའི་སྟེང་དུ་རཀྟའི་ངོ་བོ་ཉི་མའི་དཀྱིལ་འཁོར་ཚད་དེ་ཙམ་གཉིས་ཀྱི་བར་དུ་རླུང་དང་ཁམས་དང་སེམས་འདྲེས་པའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསམས་ནས་དེ་ལ་སེམས་ཅུང་ཞིག་གཏད་དོ། །དེ་ནས་ཐིག་ལེ་ལས་སྒྲ་སིང་པ་ཅིག་བྱུང་བས་རྐྱེན་བྱས་ནས་སྟེང་གི་ཟླ་བ་ལ་བུ་ག་ཤིན་ཏུ་ཕྲ་བ་ཅིག་དོད་དེ། ཐིག་ལེ་ལས་འོད་ཀྱི་སྲད་བུ་རྟ་རྔ་བརྒྱར་གཤགས་པའི་ཚད་ལྟར་ཕྲ་བ་ཅིག་ལ་ཉི་ཟེར་ལྟར་ཕྲ་བའི་ཨཱ་ལི་ཀཱ་ལི་ཕྲེང་བའི་ཚུལ་དུ་བརྒྱུས་པ་གཅིག་དབུགས་ཕྱིར་རྒྱུ་བ་དང་མཚུངས་པར་འཐོན། ཉི་ཟླ་ཁ་སྦྱོར་ལ་ལན་ཕྱེད་དང་བདུན་དུ་ཀྲིས། ཡིད་ཀྱིས་ཨོཾ་ཞེས་བརྗོད། དབུགས་ནང་དུ་ཞུགས་པའི་ཚེ་བཅིངས་པ་སླར་གྲོལ་ཡིད་ཀྱིས་ཨཱཿཞེས་བརྗོད། རླུང་གནས་པའི་བུ་ག་ནས་ཞུགས་ཏེ་ཐིག་ལེ་ལ་ཐིམ་པར་བསམ་ཞིང་ཡིད་ཀྱིས་ཧཱུྃ་ཞེས་བརྗོད་དོ། །འདིའི་རིམ་པས་རྟག་ཏུ་བསྒོམས་པས་རྟགས་དང་ཡོན་ཏན་འབྱུང་བར་འགྱུར་ཏེ། སྔགས་ཀྱི་བདག་ཉིད་ཀྱི་རིམ་པའོ།། །།དེའི་རྗེས་སུ་ཉི་ཟླ་ཐིག་ལེ་དང་བཅས་པ་སྔ་མ་ལྟར་དམིགས་ནས་རླུང་ནང་དུ་དྲངས་པས་ཡི་གེ་དང་བཅས་པའི་སྲད་བུ་འབྱུང་བ་བཞིའི་རླུང་དང་ལྷན་ཅིག་ཐིག་ལེ་ལ་ཐིམ་སྟེ་ཟླ་བའི་བུ་གའང་སུབས་ནས་ཉི་ཟླ་གའུ་འགྲིགས་པ་ལྟར་ཁ་སྦྱར་བར་བསམ་ཞིང་སྟེང་འོག་གི་རླུང་ཡང་ཁ་སྦྱོར་དུ་བྱའོ། །རླུང་ཕྱིར་གཏོང་བའི་ཚེ་ཡི་གེ་དང་བཅས་པའི་སྲད་བུ་བྱུང་ཞིང་ཕྱེད་དང་བདུན་དུ་དཀྲིས་པར་བསམ་མོ། །འདིའི་རིམ་པས་རྟག་ཏུ་བསྒོམས་ནས་སྔ་མ་པས་ལྷག་པའི་རྟགས་དང་ཡོན་ཏན་འབྱུང་བར་འགྱུར་ཏེ། དམིགས་པ་དང་བཅས་པའི་ཆོས་ཀྱི་བདག་ཉིད་ཀྱི་རིམ་པ་གཉིས་པའོ།། །།དེའི་རྗེས་སུ་རང་ཉིད་ཧེ་རུ་ཀའི་སྐུ་སྟོད་ཉི་མ་སྐུ་སྨད་ཟླ་བ་ཉི་ཟླའང་ཐིག་ལེ་ལ་ཐིམ་ནས་ཐིག་ལེ་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་མི་དམིགས་པར་འགྱུར་བའི་ངང་ལ་ཡིད་མཉམ་པར་གཞག་གོ །ཚུལ་འདི་རྟག་ཏུ་བསྒོམས་པ་ལས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། དམིགས་པ་མེད་པའི་ཆོས་ཀྱི་བདག་ཉིད་ཀྱི་རིམ་པ་གསུམ་པའོ།། །།རྒྱ་ཆེར་དེ་ཁོ་ན་ཉིད་ཀྱི་མན་ངག་ལས་ཤེས་པར་བྱའོ། །རྫོགས་པའི་རིམ་པ་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་རོ། །ཉལ་བ་དང་ནི་ལྡང་བ་དང༌། །མཆོད་གཏོར་ཟས་ཀྱི་བྱ་བ་དང༌། །བཟླས་པ་དང་ནི་སྤྱོད་ལམ་སྟེ། །ཡན་ལག་དྲུག་གིས་ཡན་ལག་བསྡུས། །དེ་ལ་ཐོག་མར་ཉལ་བའི་ཚེ། སྙིང་གའི་ས་བོན་ལས་འཕྲོས་པའི་འོད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་སྟེ། ཚུར་འདུས་པས་སྣོད་བཅུད་དང་འཁོར་འདས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་གཙོ་བོ་ཡབ་ཡུམ་ལ་བསྡུས་ནས་སྙོམས་པར་ཞུགས་པའི་རྗེས་སུ་ཆགས་པའི་མེས་གཙོ་བོ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་ནམ་མཁའི་དབྱིངས་སུ་གཡོ་བ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གཅིག་ཏུ་གྱུར་པར་བསམས་ལ་མི་རྟོག་པའི་ངང་ལ་ཉལ་བར་བྱའོ། །ཉལ་བའོ། །ལྡང་བའི་ཚེ་སྔོན་གྱི་འཕེན་པའི་དབང་གིས་ཐིག་ལེ་དེ་ལས་ཐིག་ལེ་བཞི་འཕྲོས་པ་ལྷ་མོ་བཞིར་གྱུར་པས་ཀྱེ་ཧོ་ལ་སོགས་པའི་གླུས་བསྐུལ་ཏེ་སླར་འདྲེས་ནས་གཙོ་བོ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱི་སྣང་བས་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པ་སྣོད་བཅུད་དང་བཅས་པར་དམིགས་ལ་ཧཱུྃ་གི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །ལྡང་བའོ། །དེ་ནས་སྔ་དྲོའི་ཐུན་མཉམ་གཞག་གོང་དུ་བཤད་པ་ལྟར་བསྒོམས་ནས་ཚོགས་འདུམས་ཤིང་བར་ཆད་ཐམས་ཅད་ཞི་བར་བྱ་བའི་ཕྱིར་མཆོད་པ་དང་གཏོར་མ་བྱ་བའི་རིམ་པ་ནི་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ། ནང་གི་མཆོད་པ། གཏོར་མ་གཉིས། རྡོ་རྗེ་དྲིལ་བུ་དང་བཅས་པ་མངོན་དུ་བྱས་ནས་བདག་བསྐྱེད་གཙོ་བོ་འབའ་ཞིག་ཏུ་བསྡུས་ལ། རྫས་རྣམས་བསངས་ཤིང་སྦྱངས་ཏེ། ཡི་གེ་གསུམ་ལས་གྲུབ་པའི་ལྷ་རྫས་སུ་བྱིན་གྱིས་བརླབ་བོ། །དེ་ནས་བསྒྲུབ་པའི་མཎྜལ་ལ་བ་བྱུང་དྲི་བཟང་དང་བཅས་པས་ཁྱེ་མ་མེད་པར་བྱུག་ཅིང༌། དེར་རྟེན་གྱི་དཀྱིལ་འཁོར་སྐད་ཅིག་གིས་དམིགས་ལ། ལྷའི་གནས་རྣམས་སུ་དྲིའི་ཐིག་ལེ་མེ་ཏོག་རེ་དང་བཅས་པ་རྣམས་གདན་དུ་མོས་ནས་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་བཀོད་པ་རྣམས་སྐད་ཅིག་གིས་ལྷ་རྣམས་སུ་གསལ་བར་དམིགས་ལ། མཚམས་བཞིར་ཡང་ཚོམ་བུ་ཅུང་ཟད་རེ་བཀོད་པ་རྣམས་བདུད་རྩིས་གང་བའི་ཐོད་པ་རྣམས་སུ་བལྟའོ། །དེ་ནས་རིགས་བདག་གི་རྒྱས་གདབ་པའི་བར་བདག་བསྐྱེད་དང་མཚུངས་པར་བྱས་ལ་གཙོ་བོའི་རིགས་བདག་རྩ་བའི་བླ་མར་མོས་ཤིང་སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི་ཚོགས་དང་བཅས་པ་དང༌། ཁོར་ཡུག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང༌། དཔའ་བོ་དང་རྣལ་འབྱོར་མ་དང༌། ཆོས་སྐྱོང་བ་དང༌། འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞུགས་པར་བསམ་མོ། །དེ་ནས་ཕྱག་རྒྱ་དང་བཅས་པས་གང་གི་མཆོད་རྫས་རྣམས་རིམ་པ་བཞིན་དངོས་སུ་དབུལ་ཞིང༌། སེམས་ཀྱིས་རེ་རེའང་ནམ་མཁའི་ཁམས་གང་བས་ཀྱང་མཆོད་པར་མོས་ལ་ངག་ཏུ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་མཱ་ཡཱ་མཎྜལ་ཙཀྲ་སརྦ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ་ལོ། །དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་གིས་ཞལ་བསིལ། མེ་ཏོག་དང་པུཥྤཾ། བདུག་སྤོས་དང་དྷཱུ་པཾ། མར་མེ་དང་དཱི་པཾ། དྲི་མཆོག་དང་གནྡྷཾ། ཞལ་ཟས་དང་ནཻ་བེ་དྱེ། སིལ་སྙན་དང་ཤཔྟ། ཞེས་པ་རྣམས་དང་སྤེལ་བས་མཆོད་རྫས་དེ་དག་གིས་མཆོད་པར་བྱའོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་པ་གཡོན་པའི་མཐེབ་སྲིན་གྱིས་གཏོར་བས། རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། ཡི་དམ་གྱི་ལྷ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་ནས། མྱང་ཞིང་གནས་གསུམ་དུ་གཏུགས་པས་རང་གི་ལུས་ཀྱི་ལྷའང་མཆོད་ལ། ཆོས་སྐྱོང་བ་དང༌། འཇིག་རྟེན་པ་ཐམས་ཅད་ལའང་སྦྱིན་ནོ། །དེ་ནས་ཕྱག་འཚལ་བའམ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུལ་གྱི་ཡོན་ཏན་རྗེས་སུ་དྲན་ཞིང༌། གང་གི་དྲིན་གྱིས་ལ་སོགས་པ་བླ་མའི་བསྟོད་པ་དང༌། མཆེ་བ་གཙིགས་པ་ལ་སོགས་པ་ཧེ་རུ་ཀ་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོགས་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་པ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་མཁའ་འགྲོ་མ་རྣམས་ལ་བསྟོད་ཅིང༌། གཞན་ཡང་ཅི་ཤེས་པས་བསྟོད་པར་བྱའོ། །དེ་ནས་ཉེས་ལྟུང་དག་པར་བྱ་བའི་ཕྱིར། བཤགས་པ་གཙོ་བོར་གྱུར་པའི་ཡན་ལག་བདུན་པ་དང༌། སྡོམ་པ་གཟུང་བ་དང༌། སྨོན་ལམ་རྒྱ་ཆེན་པོ་རྣམས་གདབ་པར་བྱའོ། །མཆོད་པའོ། །དེ་ནས་གཏོར་མ་གཉིས་མངོན་པར་འདུ་བྱས་པའི་ཐོག་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡྃ་ལས་རླུང༌། རྃ་ལས་མེའི་སྟེང་དུ་ཨཱཿལས་ཐོད་པའི་ནང་དུ་དབུས་ནས་རིམ་པ་བཞིན་དུ། ཧཱུྃ། ཨོཾ། ཏྲཱྃ། ཧྲཱིཿ ཨཱཿལས། མི། གླང༌། ཁྱི། རྟ། གླང་པོ་ཆེའི་ཤ་ལྔ་དང༌། ཤར་ལྷོ་ནས་རིམ་པ་བཞིན། ལྃ། མྃ། པྃ། ཏཱྃ་ལས། དྲི་ཆེན། དྲི་ཆུ། བྱང་ཆུབ་ཀྱི་སེམས། རཀྟ་རྣམས་བསྐྱེད་ནས་དེ་རྣམས་ཀྱི་སྟེང་དུ། ཨོཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་ཧཱུྃ་གིས་མཚན་པ་རྣམས་བསྐྱེད་ནས། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་ཤིང་མེ་སྦར་བས་ཤ་ལྔ་བདུད་རྩི་ལྔ་རྣམས་བཞུ་ཞིང༌། དེའི་རླངས་པས་ཨོཾ་དང་རྡོ་རྗེ་ལ་ཕོག་པས་བདུད་རྩིའི་རྒྱུན་ཟགས་ཤིང་འོད་ཀྱི་ཚུལ་དུ་ཕྱོགས་བཅུར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཉེ་བར་བཀུག་པ་རྡོ་རྗེ་ལ་ཐིམ་པས་ཟླ་བ་དང༌། ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་ཞིང་འདྲེས་པ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོར་དམིགས་ལ་ཡི་གེ་གསུམ་ཡང་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་སྟེང་གི་ནམ་མཁར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྐད་ཅིག་གིས་ལྷག་པར་མོས་ལ། གོང་གི་ཡི་གེ་གསུམ་དང་དྲུག་གིས་གནས་རྣམས་བྱིན་གྱིས་བརླབས་ནས། སྙིང་གའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་མཱ་ཡཱ་བཛྲ། ཨ་ག་དྷ་ཡ་ཨ་ག་དྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། དྷོ་ཤ་ཡ་དྷོ་ཤ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཧྲྀ་ད་ཡཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ལན་གསུམ་བརྗོད་ནས་བསྟིམ་མོ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་བསྟབས་པས་ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གསོལ་བར་བསམ་ཞིང༌། ཨོཾ་ཨཱཿཔྲ་ཏཱིཙྪ་ཨི་མཾ་བ་ལིཾ་བཛྲ་ཧཱུྃ་ཕཊ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཕཊ། ཨོཾ་བུདྡྷཱ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨོཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏྲཱཾ་ཧཱུྃ་ཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧྲཱིཿཧཱུྃ་ཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨཱཿཧཱུྃ་ཕཊ། ཨོཾ་སརྦ་ཌཱ་ཀ་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧོ་ཧཱུྃ་ཕཊ། ཅེས་ཅི་རིགས་པ་བརྗོད་པས་ཕུལ་ནས། ཕྱི་ནང་ཡིད་ལས་བྱུང་བས་མཆོད་དེ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དག་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨའི་མཁའ་འགྲོར་ཕྱག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་ལོ། །ཞེས་བསྟོད་ནས་འདོད་པའི་དོན་གསོལ་བ་གདབ་བོ། །འཇིག་རྟེན་པའི་གཏོར་མ་ནི་མཁའ་འགྲོ་སྤྱིའི་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་འོད་ཀྱིས་ཡུལ་ཕྱོགས་དེ་ན་གནས་པའི་ཞིང་སྐྱོང་བས་གཙོ་བྱས་པའི་འཇིག་རྟེན་པ་རྣམས་བཀུག་པར་བསམ་ཞིང༌། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅས་ལ། ཨོཾ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་བཀུག་ནས་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ་ལ། མེ་ཏོག་ལ་སོགས་པས་མཆོད་དེ། ས་མ་ཡ་སྟཾ་གྱིས་དམ་ཚིག་ལ་གནས་པར་བསྒོམས་ནས། ཨོཾ་ཨཱཿཧཱུྃ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་ས་པ་རི་ཝཱ་ར་སྱ་སརྦ་སཏྭཱ་ཉྩ་སརྦ་པཱ་པཾ་བྱཱ་དྷི་བིགྷྣཱན་ཤཱནྟིཾ་ཀུ་རུ་དྷཱ་ན་པུ་ཎྱ་ཨཱ་ཡུརྤུཥྚིཾ་ཀུ་རུ་སརྦ་ཡ་ཀུ་རུ་ཀུ་རུ། ཞེས་ལན་གསུམ་བརྗོད་དེ་ཕུལ་ནས་ཕྲིན་ལས་བཅོལ་ལ་ཆོས་ཀྱི་སྦྱིན་པ་བྱིན་ནས་གཉིས་ཀའི་མཐར་བཀྲ་ཤིས་དང་སྨོན་ལམ་བརྗོད་ལ་བཟོད་པར་གསོལ་ནས་གཤེགས་སུ་གསོལ་ཞིང་དམ་ཚིག་གི་དཀྱིལ་འཁོར་རང་ལ་བསྡུས་ནས་གནས་གསུམ་བསྲུང་ངོ༌། །བསྒྲུབ་པའི་མཎྜལ་གྱི་ཡེ་ཤེས་པ་གཤེགས་སུ་གསོལ་ནས་དམ་ཚིག་པ་རང་ལ་བསྡུས་ལ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །མཆོད་པ་དང་གཏོར་མའི་རིམ་པའོ། །ཟས་ཀྱི་བྱ་བ་ནི་ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ནས་རང་ཧེ་རུ་ཀར་དམིགས་པའི་ལྟེ་བར་གཏུམ་མོའི་མེ་སྦར་བའི་མེ་ལྕེའི་ཁྲོད་དུ་སྙིང་གར་ལྷའི་དཀྱིལ་འཁོར་བླ་མས་དབུར་བརྒྱན་པ་ལ་འཇིག་རྟེན་ལས་འདས་པའི་ལྷའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་དང༌། ལྟོ་བར་ཆོས་སྐྱོང་སྲུང་མ་དུར་ཁྲོད་ཀྱི་བདག་པོ་ཕྱོགས་བདག་དང་ཞིང་སྐྱོང་ལ་འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་དམིགས་ནས། ལག་པ་གཉིས་དགང་བླུགས་ཁ་ཧོམ་ཁུང་ལྕེའི་རྩ་བར་རྡོ་རྗེ་རྩེ་ལྔ་པ་སྦུ་གུ་དང་བཅས་པ་བསམས་ལ་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ཟོས་པས་རྡོ་རྗེའི་སྦུ་གུ་ནས་བདུད་རྩིའི་ཆར་བབས་པས་འཁོར་འདས་ཀྱི་ལྷ་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་མོ། །ཨོཾ་ཨཱཿཧཱུྃ་གུ་ཧྱེ། བཀྵྱ་བཀྵྱ་ཧཾ་ཞེས་པ་ནི་བདུད་རྩི་མྱང་བའི་སྔགས་སོ། །ལྷག་མ་ནི་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་པ་ནི་ཟས་ཀྱི་བྱ་བའོ། །དེ་ནས་བསྐྱེད་རིམ་གྱི་རྗེས་སམ་གང་ཡང་རུང་བར་བཟླས་པ་བྱ་བའི་ཚུལ་ནི། ལྷ་རྣམས་ཀྱི་ཐུགས་ཀར་ས་བོན་རྣམས་དམིགས་ནས་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་འཕྲོས་པས་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། བྷ་ག་ནས་འཐོན། ཡབ་ཀྱི་གསང་བའི་གནས་ནས་ཞུགས་ཤིང་འཁོར་བས་རང་དང་གཞན་གྱི་དོན་གཉིས་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་བར་བསམ་ཞིང༌། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་པ་ནི་གཙོ་བོའི་སྔགས་སོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུྃ། གཙོ་མོའིའོ། །འཁོར་གྱི་ལྷ་མོ་རྣམས་ལ་ནི་རང་རང་གི་ཐུགས་ཀར་སྔགས་ཀྱི་ཕྲེང་བ་གཡོན་སྐོར་དུ་འཁོར་བར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུྃ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུྃ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུྃ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུྃ། ལྷ་མོ་རྣམས་ཀྱིའོ། །ཨོཾ་ཨཱཿཧཱུྃ། ཐུན་མོང་གི་སྔགས་སོ། །འབུམ་ཕྲག་བརྒྱད་བཟླས་པས་ནི་དཀྱིལ་འཁོར་གྱི་བྱ་བ་ལ་འཇུག་པར་དབང་ཞིང་མཆོག་སྒྲུབ་པ་ལ་ནི་ཚད་མེད་དོ། །བཟླས་པའོ། །སྤྱོད་ལམ་ལ་འཇུག་པའི་ཚེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་བར་དམིགས་ནས་དག་པར་དྲན་པར་བྱ་སྟེ། གཞལ་ཡས་ཁང་པ་ནི་ལམ་གྱི་ཚོགས་རྣམ་པར་དག་པ། དུར་ཁྲོད་ནི་འཁོར་བ་དང་ལུས་རྣམ་པར་དག་པ། སྲུང་བའི་འཁོར་ལོ་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ། རྡོ་རྗེ་མཁའ་འགྲོ་ནི་ས་དང་གཟུགས་དང་གཏི་མུག་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས། རིན་ཆེན་མཁའ་འགྲོ་ནི་ཆུ་དང་ཚོར་བ་དང་སེར་སྣ་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། པདྨ་མཁའ་འགྲོ་ནི་མེ་དང་འདུ་ཤེས་དང་འདོད་ཆགས་དག་པ་སོ་སོར་རྟོག་པའི་ཡེ་ཤེས། སྣ་ཚོགས་མཁའ་འགྲོ་ནི་རླུང་དང་འདུ་བྱེད་དང་ཕྲག་དོག་དག་པ་བྱ་བ་གྲུབ་པའི་ཡེ་ཤེས། ནམ་མཁའ་དང་རྣམ་པར་ཤེས་པ་དང་ཞེ་སྡང་དག་པ་ནི་སངས་རྒྱས་མཁའ་འགྲོ་མ། དེ་དག་ཐམས་ཅད་ཀྱི་རང་བཞིན་ནི་དཔལ་ཧེ་རུ་ཀའོ་ཞེས་དག་པ་དྲན་པར་བྱས་ནས་ལྷ་མོ་རྣམས་ཞལ་བཞི་བསྡུས་ཤིང་ཡུམ་ཡང་ཡབ་ལ་བསྡུས་ནས། ཡབ་ཀྱི་དབང་པོ་ལྔ་ལྷ་མོ་ལྔར་དམིགས་ལ། རང་གི་ལུས་དང་སྣང་བ་ཐམས་ཅད་ཧེ་རུ་ཀ བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་དམིགས་ནས་ཡུལ་རྣམས་ཀྱིས་སྐྱེ་མཆེད་ཀྱི་ལྷ་ལ་མཆོད་པར་བསམ་ཞིང༌། སྡང་ཞེན་མེད་པར་ལོངས་སྤྱད་དོ། །སྤྱོད་ལམ་མོ།། །།དེ་ལྟར་མཉམ་གཞག་དང་ཡན་ལག་གི་རྣལ་འབྱོར་གཉིས་ལ་རྟག་ཏུ་ལེགས་པར་གནས་པ་ནི་དངོས་གྲུབ་མ་ལུས་པའི་མཐར་སོན་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཡང་རིང་པོར་མི་ཐོགས་པར་འགྱུར་རོ། །འདི་ཡི་བརྒྱུད་པའི་རིམ་པ་ནི། ཧེ་རུ་ཀ་དཔལ་རྡོ་རྗེ་མཁའ་འགྲོ་མ། །ཀུ་ཀུ་རི་པ་མཚོ་སྐྱེས་ཌོཾ་བི་པ། །ཏི་ལོ་ནཱ་རོ་ཞི་བ་བཟང་པོར་བཅས། །ཆོས་ཀྱི་བློ་གྲོས་ཆོས་ཀྱི་རྡོ་རྗེ་དང༌། །ཞེ་སྡང་རྡོ་རྗེ་ལ་སོགས་ཡབ་སྲས་དང༌། །དབང་ཕྱུག་གྲགས་དང་མཁྱེན་རབ་དཔལ་ལས་བརྒྱུད། །ཀུ་ཀུ་རི་པ་འདུལ་བ་སྦྱིན་དང་ཤཱནྟི་པ། །དམ་ཚིག་རྡོ་རྗེ་སོགས་ཀྱིས་སྦྱར་བའི་སྒྲུབ་ཐབས་དང༌། །འབྲེལ་པའི་ཚོགས་ཀྱང་མཐོང་ཞིང་ཐོས་ལ་མན་ངག་གིས། །ངེས་པར་བྱས་པས་ཆོས་ཚུལ་འདི་ལ་བདག་བློ་དགེ །དེ་མིང་བློ་གྲོས་རྒྱལ་མཚན་དཔལ། །དེ་ལ་ཡེ་ཤེས་འབྱུང་གནས་དཔལ། །ཚུལ་ཁྲིམས་རྒྱལ་མཚན་དང་བཅས་པས། །གསོལ་བ་བཏབ་ནས་འདི་སྦྱར་རོ། །བྱེད་པ་སྒྱུ་མ་ལས་བྱུང་བའི། །དགེ་བ་སྒྱུ་མ་གང་བསགས་པས། །འཁོར་བའི་སྒྱུ་མ་མ་ལུས་པ། །ཡེ་ཤེས་སྒྱུ་མར་རོལ་གྱུར་ཅིག །དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་སྒྱུ་འཕྲུལ་རྣམ་པར་རོལ་པ་ཞེས་བྱ་བ། དགེ་སློང་སྔགས་འཆང་འཕགས་པ་ཞེས་བྱ་བས་ཤིང་མོ་གླང་གི་ལོ་སྟོན་ཟླ་ར་བ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply