སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས།

༼ཕ༽

༄༅། །སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བཞུགས་སོ།།

༄༅། །རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དངོས་གྲུབ་འབྱུང་གནས་བླ་མ་དང༌། །བཅོམ་ལྡན་སྒྲོལ་མ་ལ་བཏུད་དེ། །དེ་ཡི་སྒྲུབ་པའི་ཐབས་ཀྱི་རིམ། །མན་ངག་ཇི་བཞིན་འདིར་བཤད་བྱ། །དབང་དང་གནང་བ་ཐོབ་གྱུར་ཅིང༌། །བརྟུལ་ཞུགས་ལྡན་པའི་སྒྲུབ་པ་པོས། །མཉམ་པར་གཞག་དང་ཐུན་མཚམས་ཀྱི། །རྣལ་འབྱོར་གཉིས་ལ་གནས་པར་བྱ། །དེའང་སྟན་བདེ་བ་ལ་ཏིང་ངེ་འཛིན་གྱི་འདུག་སྟངས་ཀྱིས་གནས་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས། སྙིང་གི་ནང་དུ་ཟླ་བ་ལ་གནས་པའི་ཏཱྃ་ལས་འོད་འཕྲོས་པས་རང་གི་སྒྲིབ་པ་སྦྱངས་ཤིང་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་ལ་བླ་མ་གཙོ་མོའི་རིགས་བདག་ཏུ་བཞུགས་པ་སྤྱན་དྲངས་པ་ལ། ན་མོ་གུ་རུ་བྷྱཿདང༌། ན་མསྟཱ་རཱ་བྷ་ག་ཝ་ཏི་མཎྜལ་བྷྱཿས་ཕྱག་འཚལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏཱ་རཱ་བྷ་ག་ཝ་ཏཱི་མཎྜ་ལ་ཞེས་པ་སྔོན་དུ་འགྲོ་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནེ་ཝི་དྱེ་ཨཱཿཧཱུྃ་གིས་མཆོད་ནས། དཀོན་མཆོག་གསུམ་ལ་བདག་བསྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་ནས་སྙིང་གའི་ཏཱྃ་ལས་འོད་དཀར་པོ། སྔོན་པོ། དམར་པོ། ལྗང་གུ་རྣམས་རིམ་པ་བཞིན་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང༌། སྡུག་བསྔལ་དང་འབྲལ་བ་དང༌། བདེ་བ་དང་མི་འབྲལ་བ་དང༌། ཕན་ཚུན་སྙོམས་པའི་ཡིད་དང་ལྡན་པར་བསྒོམས་ནས། ཨོཾ་བཛྲ་མུཿས་ཚོགས་ཀྱི་ཞིང་གཤེགས་སུ་གསོལ་བ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་སྔོ་བ་ལྟེ་བ་ལྗང་གུ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས། རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བཀལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ་ཡྃ་ལས་རླུང༌། རྃ་ལས་མེ། བྃ་ལས་ཆུ། ལྃ་ལས་ས། སུྃ་ལས་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་པྃ་ལས་སྣ་ཚོགས་པདྨའི་དབུས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང༌། གྲུ་བཞི་སྒོ་བཞི་ཕྱི་ནས་རིམ་པ་བཞིན། སྔོན་པོ། དམར་པོ། སེར་པོ། དཀར་པོ། ལྗང་གུའི་རྩིག་པ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱངས་པ་དེའི་སྟེང་དུ་མདའ་ཡབ་ཀྱིས་ཡོངས་སུ་བསྐོར་བ། ཕྱི་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་མཆོད་པར་བྱེད་པ། ནང་ཀ་བ་བརྒྱད་དང་ལྡན་ཞིང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ནས་མཛེས་པར་ཕུབ་པའི་སྟེང་དུ་རིན་པོ་ཆེ་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་ཏོག་གིས་མཚན་པ། སྒོ་ཡི་ཐད་སོ་བཞིར་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་ནས་པདྨ་དང༌། ཆོས་ཀྱི་འཁོར་ལོ་དང༌། གདུགས་དང་རི་དྭགས་དང་བཅས་ཤིང༌། གཞན་ཡང་ཟླ་བ་རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། མེ་ཏོག་གི་ཕྲེང་བ་དང༌། མེ་ལོང་དང༌། གོས་དང༌། འཕན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ་དང་ལྡན་ཞིང་སྒྲིབ་པ་མེད་པའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཕྱོགས་སྐྱོང་བ་བཅུ་དང༌། རྒྱལ་པོ་ཆེན་པོ་བཞི་འདུད་པ་དང་བཅས་པས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་པའི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་སྔོ་བའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་དང་གྲྭ་བཞིར་ཟླ་བའི་གདན་དང༌། སྒོ་བཞིར་ཉི་མའི་གདན་བསམ་མོ། །དེ་ནས་གདན་དབུས་མའི་སྟེང་དུ། ཏཱྃ་ལས་ཨུཏྤ་ལ་ཏཱྃ་གིས་མཚན་པའི་སྙིང་པོ་ལ་ཨཱཿལས་སྣ་ཚོགས་རྡོ་རྗེ་ཨཱཿས་མཚན་པ་ལས་འོད་ཟེར་ཕར་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་གཅིག་ཏུ་འདྲེས་པ་ལས་རང་ཉིད་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་ཨུཏྤ་ལས་མཚན་པའི་གྲི་གུག་དང༌། གཡོན་པས་བདུད་རྩིས་གང་བའི་ཐོད་པ་འཛིན་པའི་ཕྱག་དང་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། དེའི་པང་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་ཀའང་ཤིན་ཏུ་མཛེས་ཤིང་རབ་ཏུ་ཞི་བ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཤར་ཕྱོགས་སུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་གཡས་པས་འཁོར་ལོ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ལྷོར་ཏྲཱྃ་ལས་རིན་པོ་ཆེ་ཏྲཱྃ་གིས་མཚན་པ་ལས་རིན་ཆེན་འབྱུང་ལྡན་སེར་པོ་གཡས་རིན་པོ་ཆེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ནུབ་ཕྱོགས་སུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འོད་དཔག་མེད་དམར་པོ་གཡས་པདྨ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། བྱང་ཕྱོགས་སུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཤར་ལྷོར་ལྃ་ལས་འཁོར་ལོའི་ལྟེ་བར་མིག་འབྲས་དང༌། ལྃ་གྱིས་མཚན་པ་ལས་སྤྱན་མ་དཀར་མོ་གཡས་འཁོར་ལོས་མཚན་པའི་གྲི་གུག་དང༌། གཡོན་པས་ཐོད་པ་འཛིན་པ། ལྷོ་ནུབ་ཏུ་ཏཱྃ་ལས་རིན་པོ་ཆེ་ཏཱྃ་གིས་མཚན་པ་ལས་རིན་ཆེན་སྒྲོལ་མ་སེར་མོ་གཡས་རིན་པོ་ཆེས་ཡུ་བ་བྱས་པའི་གྲི་གུག་དང༌། གཡོན་ཐོད་པ་འཛིན་པ། ནུབ་བྱང་དུ་པྃ་ལས་པདྨ་པྃ་གྱིས་མཚན་པ་ལས། གོས་དཀར་མོ་དམར་མོ། གཡས་པདྨས་མཚན་པའི་གྲི་གུག་དང༌། གཡོན་ཐོད་པ་འཛིན་པ། བྱང་ཤར་དུ་མྃ་ལས་རྡོ་རྗེ་མྃ་གྱིས་མཚན་པ་ལས་མཱ་མ་ཀཱི་སྔོན་མོ། གཡས་རྡོ་རྗེས་མཚན་པའི་གྲི་གུག་དང༌། གཡོན་ཐོད་པ་འཛིན་པ། ཕྱིའི་ཤར་ལྷོའི་གྲྭར་ཧཱུྃ་ལས་སྤོས་ཁང་ཧཱུྃ་གིས་མཚན་པ་ལས་བདུག་སྤོས་མ་དཀར་མོ་ཕྱག་གཉིས་ཀྱིས་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ་ཏྲཱྃ་ལས་མེ་ཏོག་ཏྲཱྃ་གིས་མཚན་པ་ལས་མེ་ཏོག་མ་སེར་མོ་ཕྱག་གཉིས་ཀྱིས་མེ་ཏོག་འཛིན་པ། ནུབ་བྱང་དུ་ཧྲཱིཿལས་མར་མེ་ཧྲཱིཿས་མཚན་པ་ལས་མར་མེ་མ་དམར་མོ་ཕྱག་གཉིས་ཀྱིས་མར་མེ་འཛིན་པ། བྱང་ཤར་དུ་ཨཿལས་དྲིའི་དུང་ཆོས་ཨཿས་མཚན་པ་ལས་དྲི་མ་ལྗང་གུ་ཕྱག་གཉིས་ཀྱིས་དྲི་བཟང་པོའི་ཆུས་གང་བའི་དུང་ཆོས་འཛིན་པ། དེ་ཐམས་ཅད་རབ་ཏུ་ཞི་ཞིང་མཛེས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཤར་སྒོར་ཛཿལས་ལྕགས་ཀྱུ་ཛཿས་མཚན་པ་ལས་ལྕགས་ཀྱུ་མ་སྔོན་མོ་རྟའི་གདོང་པ་ཅན། ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཧཱུྃ་ལས་ཞགས་པ་ཧཱུྃ་གིས་མཚན་པ་ལས་ཞགས་པ་མ་སེར་མོ་ཕག་གདོང་མ་ཕྱག་གཉིས་ཀྱིས་ཞགས་པ་འཛིན་པ། ནུབ་སྒོར་བྃ་ལས་ལྕགས་སྒྲོག་བྃ་གྱིས་མཚན་པ་ལས་ལྕགས་སྒྲོག་མ་དམར་མོ་ཁྱིའི་གདོང་པ་ཅན་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པ། བྱང་སྒོར་ཧོཿལས་དྲིལ་བུ་ཧོཿས་མཚན་པ་ལས་དྲིལ་བུ་མ་དཀར་མོ་དྲེད་ཀྱི་གདོང་པ་ཅན་ཕྱག་གཉིས་ཀྱིས་དྲིལ་བུ་འཛིན་པ། སྒོ་མ་བཞི་ནི་ཁྲོ་མོའི་ཆ་ལུགས་ཅན། སྟག་དང་སྦྲུལ་གྱིས་བརྒྱན་ཅིང༌། གཡོན་བརྐྱང་བའི་ཚུལ་གྱིས་བཞེངས་པའོ། །དེ་དག་སོ་སོའི་ཐུགས་ཀར་སོ་སོའི་ས་བོན་བསམས་པ་ལས་འོད་འཕྲོས་པས། ནམ་མཁའ་དང་མཉམ་པའི་སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་སྒྲོལ་མའི་ལྷ་ཚོགས་སུ་འགྱུར་པར་བསམ་མོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། རང་གི་སྙིང་གི་ནང་གི་ཏཱཾ་ལས་འོད་ཟེར་ཕྱིར་འཕྲོས་པས། རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པ་དང་འདྲ་བའི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པ་ལ་སྔ་མ་ལྟར་མཆོད་ནས། རང་གི་སྙིང་ག་ནས་སྤྲོས་པའི་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་རྣམས་སྤྲོས་པས་ཡེ་ཤེས་པ་རྣམས་དགུག་པ་དང༌། གཞུག་པ་དང་བཅིང་བ་དང༌། དབང་དུ་བྱ་བར་བསམས་ནས་སོ་སོའི་ཕྱག་རྒྱ་བཅིངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏཱ་རཱ་བྷ་ག་ཝ་ཏཱི་ས་པ་རི་ཝཱ་ར། ཞེས་ཀུན་ལ་སྦྱར་ལ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཞེས་བརྗོད་པས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་བྱའོ། །དེ་ནས་ཡང་སྙིང་གའི་ཏཱཾ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་ཡུམ་བཞི། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང༌། མཆོད་པའི་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས་པ་ལ་སྔ་མ་ལྟར་མཆོད་ནས། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་མཛད། དབང་གི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་དོན་ཡོད་གྲུབ་པ། དེ་བཞིན་གཤེགས་པ་རིགས་ལྔ་ལ་རྡོ་རྗེ་སེམས་དཔའ། སྤྱན་དང༌། བདུག་པ་མ་དང༌། ལྕགས་ཀྱུ་མ་ལ་རྣམ་པར་སྣང་མཛད། རིན་ཆེན་སྒྲོལ་མ་མེ་ཏོག་མ། ཞགས་པ་མ་ལ་རིན་ཆེན་འབྱུང་ལྡན། གོས་དཀར་མོ་མར་མེ་མ། ལྕགས་སྒྲོག་མ་ལ་འོད་དཔག་མེད། མཱ་མ་ཀཱི་ལ་མི་བསྐྱོད་པ། དྲི་མ་དང་དྲིལ་བུ་མ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམས་ནས། དབང་གི་ལྷ་གཤེགས་སུ་གསོལ་ལ། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ།།  །།དེ་ནས་རང་གི་སྙིང་གའི་ཏཱྃ་ལས་འོད་འཕྲོས་པས་ཕྱི་རོལ་སྣོད་བཅུད་དང༌། འཁོར་འདས་ཐམས་ཅད་གསལ་བར་བྱས་ནས། འོད་ཚུར་བསྡུས་པའི་ཞར་ལ། དེ་ཐམས་ཅད་གཞལ་ཡས་ཁང་ལ་བསྡུ། གཞལ་ཡས་ཁང་ལྷ་རྣམས་དང༌། ལྷ་རྣམས་དོན་ཡོད་གྲུབ་པ་དང༌། དེའང་རང་ལ་བསྡུས་ནས། རང་ཉིད་ཀྱང་ཐུགས་ཀའི་ཏཱྃ་ལ་བསྡུས་ནས། ཏཱྃ་ཡང་ཟླ་ཚེས་དང༌། ཟླ་ཚེས་ཐིག་ལེ། ཐིག་ལེ་ནཱ་ད། ནཱ་ད་ཡང་མི་དམིགས་པར་བསམས་ལ་སྟོང་པ་ཉིད་ཀྱི་ངང་ལ་ཡིད་མཉམ་པར་གཞག་གོ །རྫོགས་པའི་རིམ་པ་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་རོ།།  །།དེ་ནས་སྐད་ཅིག་གིས་རང་གཙོ་མོའི་སྐུར་བཞེངས་པའི་ཐུགས་ཀའི་ཏཱྃ་ལས་འོད་འཕྲོས་པས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དང༌། སྣོད་བཅུད་སྔ་མ་ལྟར་གསལ་བཏབ་ནས། སོ་སོའི་ཐུགས་ཀའི་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས་ལྷ་རྣམས་ཀྱི་རྒྱུད་བསྐུལ་ནས་བདག་བྱིན་གྱིས་བརླབས། སྡིག་པ་དང་སྒྲིབ་པ་ཐམས་ཅད་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་རྒྱས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷིཿཨཿསྭཱ་ཧཱ། ཨོཾ་བཻ་རོ་ཙ་ན་ཨོཾ་སྭཱ་ཧཱ། ཨོཾ་རཏྣ་སཾ་བྷ་ཝ་ཏྲཱཾ་སྭཱ་ཧཱ། ཨོཾ་ཨ་མི་ཏཱ་བྷ་ཝ་ཧྲཱིཿསྭཱ་ཧཱ། ཨོཾ་ཨཀྵོ་བྷྱ་ཧཱུྃ་སྭཱ་ཧཱ། ཨོཾ་ལོ་ཙ་ནི་ལཾ་སྭཱ་ཧཱ། ཨོཾ་རཏྣ་ཏཱ་རེ་ཏཱཾ་སྭཱ་ཧཱ། ཨོཾ་པཎྜ་ར་བ་སི་ནི་པཾ་སྭཱ་ཧཱ། ཨོཾ་མཱ་མ་ཀཱི་མཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཏྲཱཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཧྲཱིཿསྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཿསྭཱ་ཧཱ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿསྭཱ་ཧཱ། ཨོཾ་བཛྲ་པཱ་ཤ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སྥོ་ཊ་བཾ་སྭཱ་ཧཱ། ཨོཾ་བཛྲ་གྷཎྜེ་ཧོཿསྭཱ་ཧཱ། ཞེས་རེ་རེ་ལ་ཅི་ནུས་པ་བཟླ་བ་ནི་བཟླས་པའི་རྣལ་འབྱོར་རོ། །གཏོར་མ་གཉིས་མངོན་པར་འདུ་བྱས་པའི་དང་པོ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རཾ་ལས་མེ། ཨཱཿལས་ཐོད་པའི་ནང་དུ་གོ ཀུ། ད། ཧ། ན་ལས་ཤ་ལྔ་དང༌། བི། མུ། ཤུ། མ། ར་ལས་བདུད་རྩི་ལྔ་དང༌། ཨོཾ། ཧཱུྃ། ཏྲཱྃ། ཧྲཱིཿ ཨཿལས་ཡེ་ཤེས་ལྔ་དང༌། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཨཿས་མཚན་པར་བསམས་ནས། ཨ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་པས་མེ་སྦར་ཏེ། ཤ་ལྔ་དང༌། བདུད་རྩི་ལྔ་དང༌། ཡེ་ཤེས་ལྔ་བཞུ་བའི་རླངས་པ་སྣ་ཚོགས་རྡོ་རྗེ་ལ་ཕོག་པས་ལྟེ་བའི་ཨ་ལས་བདུད་རྩིའི་རྒྱུན་བབས་ཤིང༌། སླར་ཡང་སྣ་ཚོགས་རྡོ་རྗེའི་འོད་དང་རླངས་པ་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྩི་སྤྱན་དྲངས་པ་སྣ་ཚོགས་རྡོ་རྗེ་དང་ལྷན་ཅིག་ཐོད་པའི་ནང་དུ་ལྷུང་བས། ཁ་དོག་དང༌། དྲི་དང༌། རོ་དང༌། བཅུད་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དུ་རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་གིས་བལྟས་ཏེ། རང་གི་སྙིང་གའི་ས་བོན་ལས་འཕྲོས་པའི་འོད་ཀྱིས་སྤྱན་དྲངས་པའི་ཡེ་ཤེས་པ་དང༌། གཉིས་སུ་མེད་པར་བྱས་པའི་ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སོ་སོ་ལའང་སྦྱར་བ་གསུམ་ལ་སོགས་པ་བརྗོད་པས་ཕུལ་ནས། སླར་ཡང་མཆོད་ཅིང་བསྟོད་ལ་འདོད་པའི་དོན་གསོལ་བ་གདབ་བོ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བསྐྱེད་ཅིང་བྱིན་གྱིས་བརླབས་ལ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་གནས་པའི་ཕྱོགས་སྐྱོང་བ་དང༌། རྒྱལ་པོ་ཆེན་པོ་བཞི་ལ་དབུལ་བར་བསམ་ཞིང༌། ཨོཾ་ཨིནྡྲཱ་ཡ། ཨགྣ་ཡེ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། བ་རུ་ཎཱ་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། བྲཧྨ་ཎཱ་ཡ། པྲྀ་ཐྭཱི་དེ་ཝྱཻ། དྷྲྀཥྚ་རཱཥྚཱ་ཡ། བི་རུ་ཊ་ཀ་ཡེ། བི་རུ་པཀྵཱ་ཡ། བཻ་ཤྲ་ཝ་ཎཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ། ཨི་མཾ་ག་ག་ན་ཁཾ་གྲིཧྣེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་གསུམ་གྱིས་ཕུལ་ལ། སླར་ཡང་མཆོད་ཅིང་བསྟོད་ནས་གསོལ་བ་བཏབ་ལ། དགེ་བའི་རྩ་བ་བསྔོས་ནས། འདས་པ་དང༌། འཇིག་རྟེན་པའི་མགྲོན་གཉིས་ཀ་ལ་བཟོད་པར་གསོལ་ལ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུའོ། །གཏོར་མའི་རྣལ་འབྱོར་རོ།།  །།ཁ་ཟས་ཡི་གེ་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་རང་སྒྲོལ་མར་དམིགས་པའི་ལྟེ་བར་གཏུམ་མོའི་མེ་འབར་བའི་ཁྲོད་ན། སྙིང་གར་དཀྱིལ་འཁོར་གྱི་ལྷ་ཚོགས་གསལ་བར་དམིགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དང༌། ལྟོ་བར་ཕྱོགས་སྐྱོང་བ་བཅུ་དང༌། རྒྱལ་པོ་ཆེན་པོ་བཞི་ལ་འཇིག་རྟེན་པ་ཐམས་ཅད་ཀྱིས་བསྐོར་བ་དམིགས་ནས། ལག་པ་གཉིས་དགང་བླུགས་ཀྱིས་ཁ་ཧོཾ་ཁུང་དུ་བསྲེག་བླུགས་བྱས་པས་མཉེས་པར་བསམ་ཞིང་བཟའོ། །ཁ་ཟས་ཀྱི་རྣལ་འབྱོར་རོ།།  །།དེ་ནས་སྤྱོད་ལམ་ལ་འཇུག་པའི་ཚེ། ལྷ་རྣམས་བསྡུས་ནས་རང་སྒྲོལ་མ་འབའ་ཞིག་ཏུ་གནས་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ཨོཾ་ཞེས་བརྗོད་པས་བདག་གི་ལུས་དང་སྣང་བ་ཐམས་ཅད་ལྷ། ཨཱཿཞེས་བརྗོད་པས་རང་གི་ངག་ཏུ་བརྗོད་པ་དང༌། གྲགས་པ་ཐམས་ཅད་སྔགས། ཧཱུྃ་ཞེས་བརྗོད་པས་རྟོག་པའི་འདུ་འཕྲོ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བྱིན་གྱིས་བརླབས་ནས། ཕྱི་རོལ་གྱི་འདོད་ཡོན་ལྔས་ནང་གི་ལྷ་རྣམས་ལ་མཆོད་པར་བསམ་ཞིང་ཡུལ་རྣམས་ལ་སྡང་བ་དང་ཞེན་པ་མེད་པར་སྤྱོད་པ་སྤྱོད་ལམ་གྱི་རྣལ་འབྱོར་རོ།།  །།ཉལ་བའི་ཚེ་ལྷ་རྣམས་སྔ་མ་ལྟར་བསྡུས་ནས་ཆོས་ཀྱི་སྐུའི་ངང་ལ་ཉལ་ལོ། །ཉལ་བའི་རྣལ་འབྱོར་རོ།།  །།ལྡང་བའི་ཚེ་སྔར་བཤད་པ་ལྟར་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་པའི་ཚུལ་གྱིས་ལྡང་ངོ༌། །ལྡང་བའི་རྣལ་འབྱོར་ཏེ་ཐུན་མཚམས་ཀྱི་རྣལ་འབྱོར་དྲུག་གོ།  །།དེ་ལྟར་དམ་ཚིག་དང་སྡོམ་པ་རྣམ་པར་དག་ཅིང༌། རྣལ་འབྱོར་དེ་དག་ལ་ནན་ཏན་དུ་བྱས་པས་ཏིང་ངེ་འཛིན་དམ་པ་སྐྱེས་པའི་ཚེ། ཇི་སྐད་བཤད་པའི་སྤྱོད་པ་དག་ལ་ཉེ་བར་སྤྱད་པས་ཇི་ལྟར་བསམས་པ་བཞིན་འགྲུབ་པའི་ཐུན་མོང་གི་དངོས་གྲུབ་དག་གིས་རང་དང་གཞན་གྱི་ཡིད་དགའ་བར་བྱས་ནས། ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་དེ། དབང་ཕྱུག་བརྒྱད་ཀྱིས་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །འདིའི་བརྒྱུད་པའི་རིམ་པ་ནི། རྗེ་བཙུན་སྒྲོལ་མ་ཉི་མ་སྦས་པ་དཔལ། །ཙནྡྲ་གརྦྷ་དགྲ་ལས་རྒྱལ་བའི་ཞབས། །ངག་དབང་གྲགས་པ་དད་བྱེད་གོ་ཆ་དཔལ། །དེ་བཞིན་གཤེགས་པའི་སྲུང་བ་དང༌། །དཱ་ན་ཤྲཱི་དང་གཞན་ཡང་མཉྫུ་ཤྲཱི། །སྐད་གཉིས་སྨྲ་བ་བློ་གྲོས་གྲགས་པ་དང༌། །བུ་ཙེར་ལོ་ཙཱ་དབང་ཕྱུག་རིན་ཆེན་དཔལ། །ཆོས་ཀྱི་སེང་གེ་བློ་གྲོས་བརྟན་པའི་ཞབས། །དེ་དག་ལས་བརྒྱུད་རྡོ་རྗེ་སློབ་དཔོན་ནི། །ནམ་མཁའ་གྲགས་ལས་ཐོབ་པ་འཕགས་པའོ། །དེ་ལ་གོ་གོ་ཅན་གྱིས་གསོལ་བཏབ་ནས། །སྒྲུབ་ཐབས་རབ་ཏུ་གསལ་བ་འདི་སྦྱར་རོ། །དགེ་བས་འགྲོ་ཀུན་སྒྲོལ་མས་རྗེས་གཟུང་སྟེ། །སྒྲོལ་མ་ཇི་ལྟར་དགེས་པའི་ཚུལ་སྤྱད་ནས། །ཀུན་ཀྱང་བཅོམ་ལྡན་སྒྲོལ་མ་ཉིད་གྱུར་ཏེ། །སྒྲོལ་མའི་དཔལ་གྱིས་རྣམ་པར་རོལ་པར་ཤོག །ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་རྗེས་སུ་འབྲང་བའི་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། མཆིམས་པའི་བླ་མ་གོང་མ་དག་གིས་མཛད་པ་ཅུང་ཟད་མི་གསལ་ཞིང་མ་རྫོགས་པར་གནས་པ་ལས། གསལ་ཞིང་རྫོགས་པ་འདི་ནི་གསོལ་བ་འདེབས་པ་མང་པོའི་དོན་དུ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་སློང་སྔགས་འཆང་བ་འཕགས་པས། ལྕགས་མོ་ལུག་གི་ལོ་རྒྱལ་གྱི་ཟླ་བའི་ཚེས་ཉི་ཤུ་བདུན་གྱི་ཉིན་པར་ཤིང་ཀུན་མཁར་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*