སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབས་ཀྱི་སྒྲོལ་མའི་སྒྲུབ་ཐབས།

༼ཕ༽

༄༅། །སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་འཇིགས་པ་བརྒྱད་ཀྱི་སྒྲོལ་མའི་སྒྲུབ་ཐབས་བཞུགས།།

༄༅། །རྒྱ་གར་སྐད་དུ། ཨཥྚ་བྷ་ཡེ་བྷྱ་ཎཱསྟཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་ཁོ་ནར་ཚངས་པའི་གནས་བཞི་བསྒོམས་ནས། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། ལམ་ལ་གནས་པར་ཁས་འཆེ་བ་དང་ཡོངས་སུ་བསྔོ་བ་སྟེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཆོས་ཐམས་ཅད་བདག་མེད་པར་ལྷག་པར་མོས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་དུ་བསྒོམ། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པ་ཉིད་ཀྱི་ངང་ལས་ནམ་མཁའི་དབྱིངས་དེ་ཉིད་དུ་པདྨ་དང༌། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། རང་གི་སེམས་ཏཱཾ་གི་རྣམ་པ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྒྲོལ་མ་མདོག་ལྗང་གུ། ཞལ་གཅིག་ཕྱག་བརྒྱད་མ། ཕྱག་གཡས་པ་རྣམས་ཀྱིས་བགྲང་ཕྲེང་དང༌། མཆོག་སྦྱིན་དང༌། མི་འཇིགས་པ་དང༌། རིན་པོ་ཆེ་འཛིན་པ། གཡོན་པ་རྣམས་ཀྱིས་ཨུཏྤ་ལ་དང༌། བུམ་པ་དང༌། སྐྱབས་སྦྱིན་པའི་ཕྱག་རྒྱ་དང༌། པུསྟི་འཛིན་པ། རབ་ཏུ་ཞི་ཞིང་ལང་ཚོ་རྒྱས་པའི་ལུས་ཤིན་ཏུ་མཛེས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མངོན་པར་སྤྲས་ཤིང༌། སྨད་གཡོགས་ཁ་དོག་སྣ་ཚོགས་ཅན་དུ་བསྒོམ་པར་བྱའོ། །དེ་ནས། ཨོཾ་ཨཱཿཡ་ཧི་བྷ་ག་ཝ་ཏཱི་པྲཱ་སཱ་དྷཾ་ཀུ་རུ་པཱུ་ཛ་གྲྀཧྞ་ཨ་ཏྲ་སནྣི་ཧི་ཏོ་བྷ་ཝ། ཞེས་པའི་སྔགས་ཀྱིས་བཅོམ་ལྡན་འདས་མ་སྤྱན་དྲངས་པ་མདུན་ན་གནས་པ་ལ་མངོན་པར་མཆོད་དེ། ཨོཾ་བྷ་ག་ཝ་ཏཱི་ས་མ་ཡེ་ཤྭ་རི་སརྦ་ནུ་དྡྷརྨ་ཏེ་ཏཱ་རེ་ཨ་དྷིཥྛཱ་ནཾ་མེ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་གསོལ་བ་བཏབ་པས་བདག་ཉིད་ལ་ཉེ་བར་ཞུགས་པས་སྙིང་གར་བདག་ཅི་འདྲ་བའི་ཡེ་ཤེས་སེམས་དཔའ་དང༌། དེའི་ཡང་ཐུགས་ཀར་ཏཱཾ་གི་རྣམ་པའི་ཏིང་ངེ་འཛིན་སེམས་དཔའ་གནས་པར་བལྟ་ཞིང༌། དེ་ཉིད་ཀྱི་ཚེ་འཇིགས་པ་བརྒྱད་ལས་སྐྱོབ་པར་བྱེད་པའི་སྒྲོལ་མ་རྣམས་མངོན་པར་འཕྲོས་པ་ནི། གཡས་ཕྱོགས་སུ་སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེང་གེའི་གདོང་པ་ཅན་མཆེ་བ་གཙིགས་ཤིང༌། ལྕེ་གློག་ལྟར་འགྱུར་བ། སྤྱན་སེར་མོ་ཕྱག་གཉིས་པ། མདོག་དམར་མོ། སྐྲ་སེར་པོ། ཐུགས་ཀར་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་ཅན་རྣམས་སེང་གེའི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མའི་གཡོན་ཕྱོགས་སུ་གླང་པོ་ཆེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་གླང་པོ་ཆེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་མ་ཤངས་མཐོ་ཞིང་མཆེ་བ་གཙིགས་པ་གསུམ་པ་འཕྱང་བ་དུ་བའི་མདོག་ཅན་མཐེ་བོང་མངོན་པར་བརྐྱང་བའི་ཕྱག་གཉིས་ཀྱིས་བསྡིགས་པར་མཛད་པའི་ཕྱག་རྒྱ་ཅན། སེམས་ཅན་རྣམས་གླང་པོ་ཆེའི་འཇིགས་པ་ལས་སྒྲོལ་བར་མཛད་པ་བསྒོམ་པར་བྱའོ། །གཡས་ཕྱོགས་ཀྱི་འོག་ཏུ་མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་འབར་བའི་གདོང་པ་ཅན། ཞལ་བདུན་པ། ལྗགས་བདུན་པ། སྐྲ་གྱེན་དུ་འབར་ཞིང་ཕྱག་གཉིས་མ། ཕྱག་གཉིས་པདྨའི་ཕྱག་རྒྱ་མཛད་ཅིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་རྣམས་མེའི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡོན་ཕྱོགས་ཀྱི་འོག་གི་ཆར་སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་ཁ་དོག་ནག་མོ་སྦྲུལ་མགོའི་གདེངས་ཀ་བཅུ་དང་ལྡན་ཞིང༌། སྐྲ་གྲོལ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་ཕྱག་གཉིས་ཀྱིས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་སྦྲུལ་གྱི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡས་ཕྱོགས་ཀྱི་འོག་གི་ཆར་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་ལྗང་གུ་ཞལ་ཁྲོ་གཉེར་བསྡུས་པ་སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་པས་རལ་གྲི་འཕྱར་ཞིང་གཡོན་པས་སྡིགས་མཛུབ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་བཞེངས་པ། སེམས་ཅན་རྣམས་ཆོམ་རྐུན་གྱི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡོན་ཕྱོགས་ཀྱི་འོག་གི་ཆར་ལྕགས་སྒྲོག་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་དམར་མོ་གཡས་པ་དང་གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་བཞེངས་པ་སེམས་ཅན་རྣམས་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡས་ཕྱོགས་ཀྱི་འོག་གི་ཆར་ཆུའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དཀར་མོ་གཡས་པ་ལྕགས་ཀྱུ་དང་གཡོན་པས་སྡིགས་མཛུབ་མཛད་པ། ཞི་བའི་སྐུ་བཞེངས་པ། སེམས་ཅན་རྣམས་ཆུའི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡོན་ཕྱོགས་ཀྱི་འོག་གི་ཆར་ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཀུནྡ་དང་ཟླ་བའི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས། ཕྱག་གཡས་པ་དང་གཡོན་པས་མཆོག་སྦྱིན་པ་ད་ང༌། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཤ་ཟའི་འཇིགས་པ་ལས་སྒྲོལ་བའི་སྒྲོལ་མ་བསྒོམ་པར་བྱའོ། །ཡང་སྙིང་གའི་ཏཱྃ་གི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས་པ་ལ་མངོན་པར་མཆོད་ནས་གསོལ་བ་བཏབ་པས་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ནས་ཐམས་ཅད་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསྒོམ་པར་བྱའོ། །སྔགས་ཚིག་ནི་འདི་དག་ཡིན་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྷ་ཡ་ཤ་མ་ནི་སརྦ་དུརྒ་ཏི་ཏཱ་རི་ཎ་ཏུ་རེ་སྭཱ་ཧཱ། གཙོ་མོའི་སྔགས་སོ། །ཨོཾ་སིཾ་ཧ་བ་དཱ་ནི་མ་ཧཱ་དཾཥྚྲཱིཾ། བི་དྱུད་ཛི་ཧཱི་སཱི་ག་ལ་ནེ་ཏྲ་གརྫཛ་ཡ་གརྫཛ་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་དྭི་ར་དཾ་བ་དཱ་ནི་ཨེ་ཀ་དཾཥྚྲཱིཾ་མ་ཧཱ་ན་སེ་ལམྦོ་དྷ་རི། ཀརྡྷ་ཀརྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གླང་པོ་ཆེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་ཤི་ཥི་བ་དཱ་ནེ་མ་ཧཱ་ཨུསྐཱ་མུ་ཁི་ཛྭ་ལཱ་མཱ་ལཱ་ནི་སཔྟ་ཛི་ཧི། སཔྟ་མུ་ཁིཾ། ཝི་ཤྭཱ་ན་རི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་ཕ་ནི་མ་ཧཱ་ཕ་ནི་ཀྲཥྞ་བ་དཱ་ནི། ཀྲཥྞ་བ་དཱ་ནེ་ཀྲེ་ཨེ་ཀཱ་ད་ཤ་ཛི་ཧེ་ཀཱ་རེ་ཎ། ཙ་ལ་ཡ་ཙ་ལ་ཡ་མ་ཧཱ་བྷི་ཥ་བཀྵ་ནི། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་ཁརྒ་ཧསྟི་བྷྲྀ་ཀུ་ཊི་མུ་ཁི་ཨུརྡྡྷ་ཀེ་ཤ་མ་ཧཱ་ན་དི་ཀྲྀཥྞ་ཨཉྫ་ན་ཝརྞེ་ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ་ཨུཏྟཱ་ར་ཡ་ཨུཏྟཱ་ར་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་རཀྵ་ཝརྞེ་པཱ་ཤ་ཨཾ་ཀུ་ཤ་ཧསྟི་མ་ཧཱ་ར་ཝི་མ་ཧཱ་བ་ལ་ས་ར་ས་ར། བི་ས་ར་བི་ས་ར། གྲྀཧྞ་གྲྀཧྞ། ཀདྡྷ་ཀདྡྷ་མ་ཧཱ་དུརྒན། མུ་ཙ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལྕགས་སྒྲོག་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་ཛ་ལེ་ཛ་ལེ་མ་ཧཱ་ཛ་ལེ། ཏཱ་ར་ཡ་ཏཱ་ར་ཡ། ཨུཏྟཱ་ར་ཡ། ཤྲི་ཁ་ལ་ཧསྟི། མ་ཧཱ་ཛ་ཝེ་ཨེ་ཀ་བཱི་རི་མ་ཧཱ་ཀཱ་རུ་ཎི་ཀེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆུའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་མ་ཧཱ་གམྦྷི་རྻེ་མ་ཧཱ་ཀཱ་རུ་ཎི་ཀེ་བྷ་ག་ཝཏྶ་ལེ་བ་ར་དྷ་ཨ་བྷ་ཡ་ཧསྟི། མ་ཧཱ་ཀུ་ནིནྡུ་ད་བ་ལི། པྲ་ཧཱ་སི་ཏ་བ་དཱ་ནི་མ་ཧཱ་བསྟྲ་པྲ་བིཏྟ་ཤཱ་རྀ་རེ་དྷྱ་ནཱ་ཝསྠི་ཏི། ཏཱ་ར་ཡ་ཏཱ་ར་ཡ། མ་ཧཱ་བྷ་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །གང་གི་ཚེ་བཟླས་པས་ཡིད་སྐྱོ་བར་གྱུར་པ་དེའི་ཚེ་ཡེ་ཤེས་པ་མདུན་དུ་ཕྱུང་བ་ལ་མཆོད་ནས་གཤེགས་སུ་གསོལ། རང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །ཁ་ཆེའི་པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང༌། དགེ་སློང་འཕགས་པས་རྒྱའི་ཡུལ་ཅང་ཏོ་མཁར་དུ་བསྒྱུར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*