གནས་ཀྱི་དབང་ཕྱུག་མའི་སྒྲོལ་མའི་སྒྲུབ་ཐབས།

༼ཕ༽

༄༅། །གནས་ཀྱི་དབང་ཕྱུག་མའི་སྒྲོལ་མའི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྲིད་གསུམ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ། །སྒྲོལ་མ་དཔའ་མོའི་ཞབས་ལ་ཕྱག་འཚལ་ནས། །དེ་ཉིད་མཉེས་པར་བྱེད་པ་སྒྲུབ་པའི་ཐབས། །མན་ངག་ཇི་བཞིན་བདག་གིས་བྲི་བར་བྱ། །ཨཽཾ་ཌྱན་སྒྲོལ་མ་བསྒོམ་པར་འདོད་པས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས་རང་གི་སྙིང་གི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་གི་ཡི་གེ་དམར་པོར་གསལ་བཏབ་ལ། དེ་ལས་བྱུང་བའི་འོད་ཀྱིས་ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་དེ་ལ་མཆོད་ནས་ཡན་ལག་བདུན་པ་བྱ། ཚད་མེད་པ་བཞི་བསྒོམ། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་བྱུང་བའི་སྲུང་བའི་འཁོར་ལོའི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྙིང་པོ་ལ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཏཱྃ་དམར་པོ་ལས་ཨུཏྤ་ལ་དམར་པོ་ཏཱྃ་གིས་མཚན་པ་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་དམར་མོ་ཞལ་བཞི་ཕྱག་བརྒྱད་མ། རྩ་བའི་ཞལ་དམར་བ། གཡས་ནག་གཡོན་ལྗང་བ། སྟེང་ཞལ་སེར་པོ་ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་པ་རྣམས་ཀྱིས་ཌཱ་མ་རུ་དང༌། ཁྲག་གིས་གང་བའི་ཐོད་པ་དང༌། རལ་གྲི་དང་རྡོ་རྗེ་བསྣམས་ཤིང་གཡོན་པ་རྣམས་ཀྱིས་ཨུཏྤལ་དམར་པོ་དང༌། རིན་པོ་ཆེ་དང༌། ཁ་ཊྭཱཾ་ག་དང༌། དྲིལ་བུ་བསྣམས་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ་དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམས་ནས། དེའི་སྤྱི་བོར་བྷྲཱུྃ་དཀར་པོ། མགྲིན་པར་ཧྲཱིཿདམར་པོ། སྙིང་གར་ཧཱུྃ་ནག་པོ། ལྟེ་བར་ཨ་སེར་པོ། བརླ་གཉིས་ལ་ཁྃ་ལྗང་གུ་བཀོད་ལ་སྙིང་གའི་ས་བོན་ལས་འོད་འཕྲོས་པས་ཨཽ་ཌྱན་གྱི་གནས་ནས་རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། མེ་ཏོག་ལ་སོགས་པས་མཆོད་ནས། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཀྱིས་བཀུག་ནས་བདག་ལ་བསྟིམ་པར་བསམ་ཞིང༌། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ཏཱི་མ་ཧཱ་ཀཱ་རུ་ཎི་ཀ ཏཱ་རཱ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། མེ་ཏོག་ལ་སོགས་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་ཞིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏེ་སྟྭཾ། ཞེས་གསུང་ཞིང་དབང་བསྐུར་བས། དབང་གི་ཆུ་རྒྱུན་གྱིས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་རིགས་ལྔས་དབུར་བརྒྱན་པར་བསམས་ལ། ཨོཾ་བཛྲ་དྷཱ་ཏུ་ཨཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བཛྲ་སཏྭ་བཛྲ་ཨ་བྷི་ཥིཉྩ་བྷྲཱུྃ། ཨོཾ་རཏྣ་བཛྲ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་བཛྲ་དྷརྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དོ། །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་དེ་ཉིད་ལ་དམིགས་པ་གཏད་ལ་ཡིད་མཉམ་པར་གཞག་གོ །གལ་ཏེ་སྔགས་ཀྱི་བཟླས་པ་བྱེད་པར་འདོད་ན། སྙིང་གའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བ་འཁོར་བའི་འོད་ཀྱི་རྣམ་པས་རང་གཞན་གྱི་སྡིག་སྒྲིབ་བསལ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གནད་ནས་བསྐུལ་བར་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཇི་སྲིད་མི་སྐྱོའི་བར་དུ་བཟླའོ། །གང་གི་ཚེ་གཏོར་མ་གཏང་བར་འདོད་པ་དེའི་ཚེ། མངོན་པར་བཤམས་པའི་རྫས་བདེ་མཆོག་ལས་འབྱུང་བའི་ཆོ་གའི་རིམ་པས་བྱིན་གྱིས་བརླབས་ནས་རང་གི་སྙིང་གའི་འོད་ཀྱི་སྣང་བས་བཅོམ་ལྡན་འདས་མ་འཁོར་དང་བཅས་པ་སྤྱན་དྲངས་ལ་གཏོར་མ་འབུལ་བར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། སརྦ་དུཥྚཱ་ན་ཨི་མཾ་བ་ལིཾ་གྲྀཧྞ་མ་མ་སརྦ་ཀརྻཾ་ནི་སཱ་དྷ་ཡ་སཱ་དྷ་ཡ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་དབུལ་ཞིང༌། མངོན་པར་མཆོད་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །མཐར་ཡི་གེ་བརྒྱ་པ་བརྗོད་ནས་ལྷ་གཤེགས་སུ་གསོལ། གཏོར་མའི་ཆོ་གའོ།།  །།འདོད་ཆགས་རང་བཞིན་ལས་བྱུང་ཞིང༌། །འདོད་ཆགས་དག་པའི་བདག་ཉིད་ཅན། །བརྩེ་བས་འགྲོ་ལ་རྗེས་ཆགས་པ། །འགྲོ་བའི་མར་གྱུར་ཕྱག་འཚལ་ལོ། །ཁྲོ་ལ་རྣམ་པར་ཁྲོ་བ་དང༌། །གཏི་མུག་ཅན་ལ་ཀུན་རྨོངས་དང༌། །ཞི་ལ་ཉེ་བར་ཞི་སོགས་ཀྱིས། །དོན་མཛད་མ་ལ་ཕྱག་འཚལ་ལོ། །ཨཽ་ཌི་ཡ་ནར་རབ་སྤྲུལ་ཞིང༌། །རྣམ་འཕྲུལ་གཞན་དུའང་ཀུན་སྤྲུལ་པ། །གནས་རྣམས་ཀུན་ལ་དབང་མཛད་མ། །གནས་ཀྱི་དབང་ཕྱུག་མ་ལ་འདུད། །སྐུ་མདོག་དམར་མོ་འབར་ཆེན་མོ། །ཞལ་བཞི་མ་ལ་ཕྱག་བརྒྱད་མ། །གར་གྱིས་རོལ་པའི་སྟབས་བཞུགས་ཤིང༌། །རྣམ་པར་རྩེན་ལ་ཕྱག་འཚལ་ལོ། །གཡས་གནག་གཡོན་ལྗང་སྟེང་ཞལ་སེར། །ཞལ་རེར་སྤྱན་གསུམ་མཆེ་བ་གཙིགས། །དབུ་སྐྲ་གྱེན་འཁྱིལ་སྟག་ལྤགས་ཅན། །རྒྱན་རྣམས་ཀུན་གྱིས་སྒེག་ལ་འདུད། །ཌཱ་མ་རུ་དང་ཐོད་ཁྲག་དང༌། །རལ་གྲི་རྡོ་རྗེ་གཡས་རྣམས་ན། །གཡོན་པས་ཨུཏྤལ་རིན་ཆེན་དང༌། །ཁ་ཊྭཱཾ་དྲིལ་བུ་བསྣམས་ལ་འདུད། །སྐུ་ལས་རྒྱལ་བའི་སྤྲུལ་པ་འཕྲོ། །གསུང་གིས་རིག་སྔགས་འབྲུག་ལྟར་སྒྲོགས། །ཀུན་ཏུ་ཁྱབ་པའི་ཐུགས་མངའ་བ། །སྣ་ཚོགས་དབང་ཕྱུག་མ་ལ་འདུད། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །དོན་ཀུན་ཡིད་བཞིན་འགྲུབ་པ་དང༌། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀུན། །བདག་ལ་ཉེ་བར་སྩལ་དུ་གསོལ། །ཞེས་ནམ་སྐབས་སུ་བབས་པའི་ཚེ། ཚིག་འདི་དག་གིས་བསྟོད་ཅིང་གསོལ་བ་གདབ་པར་བྱའོ། །འདིའི་བརྒྱུད་པའི་རིམ་པ་ནི། སྒྲོལ་མ། མཁའ་འགྲོ་མ་རྡོ་རྗེ་གདན་མ། གྲུབ་པའི་སློབ་དཔོན་ས་ར་ཧེ་ཏ། བི་ནི་ཏ་བྷ་དྲ། པཎྜི་ཏ་སཾ་གྲ་མ་ཤྲཱི། སློབ་དཔོན་སྒེག་པའི་རྡོ་རྗེ། སློབ་དཔོན་ཤཱ་ཀྱའི་རྡོ་རྗེ། སློབ་དཔོན་མངོན་པ་བ། དབང་ཕྱུག་བརྩོན་འགྲུས། འཕགས་པ་རྣམས་ཡིན་ནོ། །དེ་ལྟར་ཨཽ་ཌྱན་རིམ་པ་ལས་བྱུང་བའི། གནས་ཀྱི་དབང་ཕྱུག་མ་ཡི་སྒྲུབ་པའི་ཐབས། །བཀྲ་ཤིས་བླ་མ་ཞེས་བྱས་གསོལ་བཏབ་ནས། །སྔགས་འཆང་འཕགས་པ་ཞེས་བྱས་སྦྱར་བ་ཡིན། །དེ་ལས་དགེ་བའི་རྩ་བ་གང་བསྐྲུན་པ། །དེ་ཡིས་གསོལ་བ་འདེབས་པས་གཙོར་བྱས་པའི། །མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས། །སྒྲོལ་མའི་གོ་འཕང་དམ་པ་ཐོབ་པར་ཤོག །གནས་ཀྱི་དབང་ཕྱུག་མ་ཞེས་བའི་སྒྲོལ་མའི་སྒྲུབ་ཐབས་འདི་ནི་མེ་མོ་ཡོས་བུའི་ལོ་སྨིན་དྲུག་གི་ཟླ་བའི་ཚེས་ཉི་ཤུ་བདུན་གྱི་ཉིན་པར་འདམ་གྱི་ས་ཆ་གང་སྐྱ་ཞེས་བྱ་བར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*